སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདིའི་མིང་ནི་ཡུལ་སྨར་ཁམས་དང་བཀའ་བརྒྱུད་ཀྱི་ཆོས་མིང་གཉིས་ཟུང་དུ་འབྲེལ་ནས་སྨར་ཚང་བཀའ་བརྒྱུད་ཅེས་མཚན་ཐོག་པ་ཞིག་ཡིན།  བསྟན་པ་འདི་སྲོལ་བཏོད་པ་པོ་ལ་ཡུལ་གྱི་བདག་པོ་བསྐོས་མཁན་དང་བདག་པོ་ང་ཡིན་ཞེས་དམག་དཔུང་དྲངས་ནས་བླངས་པ་ལྟ་བུ་མ་ཡིན་པར་བྱམས་དང་སྙིང་རྗེ་སྟོབས་ཀྱིས་སྨར་པ་རིན་པོ་ཆེ་ཞེས་བདག་སྒྲའི་མཚན་སྙན་གྱི་ཆོས་དུང་དཀར་པོ་མ་བུས་རང་གྲགས་སུ་གྱུར། 

དེ་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་རྒྱལ་སྲས་སེམས་དཔའ་ཆེན་པོས་བསྟན་འགྲོ་སྤྱི་དང་སྒོས་སུ་སྨར་ཁམས་ཀྱི་བསྟན་འགྲོ་མཐའ་དག་ལ་ཕན་བདེ་བསྐྲུན་བའི་ཆེད་ཡིན་ཏེ། རྗེ་ཕག་གྲུ་པས་དགོན་པ་བཟུང་བ་ཡུལ་དུས་དང་སྦྱོར་གསུངས་པ་ལྟར་གང་གིས་གདན་ས་འཛིན་པའི་དུས་ལ་བབ་པ་དགོངས་ཏེ། བོད་རབ་བྱུང་གསུམ་པ་དང་ ཕྱི་ལོ་༡༡༦༧་མེ་མོ་ཕག་གི་ལོ་སྨར་ཁམས་ཀྱི་ས་ཡི་ལྟེ་བ་རུ་ཤོད་ཀྱི་ཁྱབ་ཁོངས་སུ་ཉམས་དགའ་བའི་གནས་མཆོག་འདམ་སྟེང་ལ་གདན་ས་ཆེན་པོ་དཔལ་བཀྲ་ཤིས་ཡིད་འོང་དགོན་པ་ཕྱག་བཏབ།  ཆོས་རྗེ་རང་ཉིད་ཐོག་མ་བཀའ་གདམས་པའི་གདན་ས་གསང་ཕུ་ནེའུ་ཐང་གི་བཤད་གྲྭར་ཞུགས་ནས་ཚད་མ་ལ་མཁས་པ་ཕྱ་བ་ཆོས་ཀྱི་སེངྒེ་དང་།  དབུ་མ་ལ་མཁས་པ་གཙང་ནག་པ་བརྩོན་འགྲུས་སེངྒེ་དང་།  འདུལ་བ་ལ་མཁས་པ་བྱ་འདུན་འཛིན་པ་སོགས་ཀྱི་ཞལ་ལས་མདོ་གཞུང་མཐའ་དག་ལ་སྦྱངས་པར་བྱང་ཆུབ་པ་དང་མཉམ་མེད་བཀའ་བརྒྱུད་པའི་གསང་སྔགས་ལ་ཐོས་བསམ་སྒོམ་གསུམ་མཛད་པས།  གདན་ས་འདིས་ཀྱང་ཐོག་མ་གཞུང་ལུགས་ཆེན་པོ་རྣམས་ལ་ཐོས་བསམ་རྩོད་གསུམ་གྱིས་རིག་པའི་བརྡར་ཤར་ཆོད་པ་དང་།  སྨིན་གྲོལ་གསང་སྔགས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་སྒྲུབ་གྲྭ་བ་རྣམས་ཚེ་གཅིག་རི་སུལ་དང་བྲག་སུལ་ལ་སྒོམ་སྒྲུབ་ཁོ་ན་བརྩོན་པའི་ལམ་སྲོལ་བཏོད་པར་མཛད།  དེ་ཡང་ཆོས་རྗེ་སྨར་པ་རིན་པོ་ཆེས།  ཆོས་དང་མི་མཐུན་པའི་སློབ་མ་མང་བ་ལ་དགོས་པ་མེད།  གྲགས་སྙན་ཇི་ལྟར་ཆེ་ཡང་ཚིག་རྐྱང་ཞིག་ཡིན་ཞེས་དང་། སྦྱངས་པ་མེད་པའི་མཁས་པ་མང་། །སྒོམ་པ་མེད་པའི་གྲུབ་ཐོབ་མང་། །ཞེས་གསུངས་པས་ཐོས་བསམ་རྩོད་གསུམ་མེད་པར་མཁས་འདོད་དང་། སྒོམ་སྒྲུབ་ཉམས་ལེན་མེད་པར་གྲུབ་འདོད་ཅན་རྣམས་འདུལ་བའི་ཆེད་དུ་སྨར་ཚང་གི་ཆོས་སྒོར་ཞུགས་མཁན་ཐམས་ཅད་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ངེས་པར་བརྩོན་དགོས་པའི་སྲོལ་མཛད།  ཆོས་རྗེ་རང་ཉི་སྐུ་འཚོ་བཞུགས་དུས་གདན་ས་འདི་དགེ་འདུན་གཉིས་སྟོང་ལས་བརྒལ་བ་བྱུང་ཞིང་རིམ་བཞིན་འགྲོ་མགོན་རིན་ཆེན་དང་རྒྱལ་བ་ཡང་དགོན་པ། སྤྱན་སྔ་བ། དབུ་རྩེ་བ། མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་སོགས་ཀྱི་དུས་སྐབས་དགེ་འདུན་ཁྲི་ཁ་ལོང་པ་བྱུང་བར་གདན་ས་གོང་འོག་གཉིས་ཀྱི་ལོ་རྒྱུས་ནང་དུ་གསལ།

རྗེ་འགྲོ་མགོན་རིན་ཆེན་གྱིས་བོད་རབ་བྱུང་གསུམ་པ་དང་ཕྱི་ལོ་༡༢༠༠ ལོ་སྨར་ཁམས་ཀྱི་ས་ཡི་ལྟེ་བ། ཀླུ་མི་མགོན་དཀར་པོའི་ཕོ་བྲང་། ཟོང་འདོད་དགུ་བའི་གྲོང་ཁྱེར། རུ་ཤོད་ཉ་མོ་སྟོང་སྡེ་ཞེས་ཡོངས་སུ་གྲགས་ཤིང་སྐབས་དེ་དང་དེའི་དུས་སུ་གྲོང་སྡེ་སྟོང་ཕྲག་ཡོད་པའི་སྨར་ཁམས་ཀྱི་སྤྱིར་རྫོང་།  རྒྱ་ནག་པོ་ནས་བོད་ལྷ་ས་བར་གཞུང་ལམ་གྱི་གཡས་ཟུར་ན་ཙོམ་མདོ་ཞེས་པའི་གནས་རི་ནོར་བུ་འོད་འབར་སྤུངས་པ་ལྟ་བུ་ཞིག་ཏུ་ཆགས་པའི་གདན་ས་འདི། འགྲོ་མགོན་རིན་ཆེན་གྱིས་ཐོག་མ་ཕྱག་བཏབ་དུས་ཐོས་བསམ་རྩོད་གསུལ་ལ་གཞོལ་མཁན་དགེ་འདུན་སྟོང་ཕྱེད་གཉིས་ལས་བརྒལ་བར་བྱུང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྲིང་ཡིག་ནང་དུ་སྨར་ཁམས་ཙོམ་མདོ་གནས་གསར་གཙུག་ལག་ཁང་ཞེས་བྲིས་སྲོལ་ཡོད།  གདན་ས་ཆེན་པོ་འདིའི་དགོན་ལག་སྨར་ཁམས་ནང་དུ་ས་ཁྱབ་རྡོ་དར་དང་། ལི་ཐང་། མི་ཉག  ཁ་བ་དཀར་པོ།  འཇང་ཐང་། རྒྱལ་ཐང་། ས་ཐང་། རྒྱ་ནག་རི་པོ་རྩེ་ལྔ་སོགས་མཐའ་གྲུ་མང་པོར་བསྟན་འགྲོ་སྤྱི་དང་སྒོས་སུ་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་པར་མཛོད།  འཇམ་མགོན་བླ་མ་ས་པཎྜི་ཏ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྣམ་གཉིས་ཀྱིས་གཟིགས་པ་ཆེན་པོ་མཛད་པས་དཔལ་བཀྲ་ཤིས་ཤོ་དགོན་དང་ཙོམ་མདོ་གནས་གསར་དགོན་པ་འདི་གཉིས་ལ་ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཅེས་མཚན་སྙན་དབྱར་གྱི་རྔ་གསང་གངས་ཅན་ལྗོངས་སུ་ལྡིར།

 སྨར་པ་རིན་པོ་ཆེས་སྲོལ་བཏོད་པའི་རིང་ལུགས་འདི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཐམས་ཅད་ནང་ནས་དོ་ཟླ་བྲལ་བའི་ཁྱད་ཆོས་གསུམ་ལྡན་ཡིན་ཞེས་མགྲིན་པ་བཏེགས་ནས་བརྗོད་འོས་པ་ཞིག་ཡིན་ཏེ། དང་པོ་གདན་ས་དེ་ཞུགས་པའི་དགེ་འདུན་གཅིག་ཀྱང་མ་ལུས་པ་ཐོས་བསམ་རྩོད་གསུམ་གྱི་བྱ་བ་ལ་འཇུག་ནས་མ་མཐའ་ཡང་ཆོས་ཀྱི་བག་ཆགས་འཇོག་དགོས་པ་ལས།  དགོན་པ་ནང་དུ་ལྟོ་གོས་འཚོལ་མཁན་ལྟ་བུ་གྲྭ་རྡོ་གཅིག་ཀྱང་ཞུགས་མི་ཆོག་པའི་སྲོལ་བཏོད།  གཉིས་པ་གསང་སྔགས་ཀྱི་དབང་དང་སྙན་བརྒྱུད་མན་ངག་རྣམས་གདུལ་བྱ་སོ་སོའི་དབང་པོ་རབ་འབྲིང་ཐ་གསུམ་ལ་བསྟུན་ནས་སྦྱིན་པ་ལས།  གསང་སྔགས་ཉན་པར་འདོད་པའི་སྐྱེ་བོ་མཆོག་དམན་ཐམས་ཅད་ལ་ཁྲོམ་ཚོགས་སུ་བུམ་པ་མི་བསྐོར་བ། རིགས་གཅིག་རྐང་འཛིན་ལྟ་བུ་རང་རང་གི་བློའི་ནུས་པ་དཔག་པའི་གདམས་ངག་རེ་སྦྱིན་ནས་མི་ཚེ་ཧྲིལ་པོ་རི་བོའི་སུལ་དང་། བྲག་གི་ཕུག་པ།  ཤིང་གི་དྲུང་སོགས་མི་མེད་ལུང་སྟོང་ལ་རྩ་རླུང་སེམས་གསུམ་དབང་དུ་བསྒྱུར་བའི་ཆེད་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བའི་སྲོལ་བཏོད། གསུམ་པ་མི་མང་གི་ཁྱིམ་དུ་དགེ་འདུན་པས་རྔ་རྡུང་རོལ་དཀྲོལ་དང་།  ཀླུ་མཆོད།  ལྷ་འབོད། དབང་བསྐུར་རོ་བསྲེག་སོགས་འཇིག་རྟེན་ཆོས་བརྒྱད་འདྲིས་བའི་རིགས་དང་། ཆོས་པ་ལ་དགོས་མཁོ་གཏན་ནས་མེད་པའི་ཆབ་སྲིད་ཀྱི་ལམ་དུ་ཞུགས་པ་སོགས་སྤྱོད་ལམ་ངན་པ་ཐམས་ཅད་ཡོངས་སུ་བཀག་པའི་སྲོལ་བཏོད་པར་མཛད། དེ་ཡང་ཆོས་རྗེ་སྨར་པ་རིན་པོ་ཆེའི་རྩ་བའི་བླ་མ་རྗེ་ཕག་གྲུ་དང་ཞལ་བྱེ་ཁར་སླབ་བྱ་དང་ལུང་བསྟན་ཞུས་དུས། དབང་སྐུར་མ་ཐོབ་པ་ལ་ཡི་གེ་བརྒྱ་པ་མ་བསྟན།  དབང་བསྐུར་དང་རོ་བསྲེག་ཆོག་མ་བྱེད་ཅེས་གསུངས་པའི་བཀའ་བཞིན་བསྒྲུབས་པའི་སྐྱེས་བུ་ཞིག་གི་རྣམ་པར་མངོན་པར་མཛད། དེས་ན། སྨར་ཚང་བཀའ་བརྒྱུད་ལ་མི་ཕྱེད་མཁས་པ། མཁས་ཕྱེད་གྲུབ་ཐོབ། གྲུབ་ཕྱེད་འཇའ་ལུས།  འཇའ་ལུས་ཆོས་སྐུ་ཐོབ་པའི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་པའི་སྐལ་བཟང་གི་དུས་སྐབས་རྨད་དུ་བྱུང་བ་འདི་འདྲ།  བདག་ལྟ་བུ་སྐྱེ་བོ་དམན་པ་ཞིག་གིས་མཚན་མོའི་རྨི་ལམ་དུ་རྨིས་དཀའ་བ་ཞིག་ཏུ་གྱུར་ཡོད། དེ་ཡང་འཇམ་མགོན་ས་པཎྜི་ཏས་འགྲོ་མགོན་རིན་ཆེན་ལ་སྤྲིང་ཡིག་ལས།དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་རབ་གང་བ། །གྲུབ་པའི་གནས་མཆོག་ཤོ་དགོན་དབྱེན་གནས་སུ། །བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་འབུལ། །ཞེས་གསུངས་པ་འདི་ལ་བལྟས་ན་གདན་ས་འདི་གཉིས་ཀྱི་ཁྱད་ཆོས་རྟོགས་ཐུབ་པ་ཞིག་ཡིན། དུས་སྐབས་དེར་བོད་ཀྱི་ཆོས་ལུགས་ནི་སྒེར་གྱི་གོ་ས་རྩོད་ལེན་བྱེད་ཀྱི་གཡུལ་ས་ལྟ་བུ་གྱུར་ནས་གྲུབ་མཐའ་ཁ་བསྒྱུར་གྱི་ལས་འགུལ་འོག་ཏུ་སྨར་ཚང་བཀའ་བརྒྱུད་ཀྱང་ཚུད་ནས་ཉམས་གུད་གྱུར་ཀྱང་བསྟན་པའི་སྲོག་ཤིང་། གདམས་ངག་སྙིང་པོ། ཕ་ཆོས་ཉིང་ཁུ། སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་དང་རི་ཆོས་ཡོན་ཏན་ཀུན་འབྱུང་སོགས་ཟབ་ཆོས་རྣམས་ཀྱི་བརྒྱུད་པ་བར་མ་ཆད་པར་འཛིན་ཐུབ་ཡོད། 

ཕྱི་ལོ་༡༦༣༩་ལོ་སྲོག་དམག་གིས་དགོན་སྡེ་མང་པོ་གཏོར་བཤིག་ཁྲོད་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གཉིས་དང་དགོན་ལག་རྣམས་ཀྱང་གྱོང་གུད་ཆེན་པོ་ཕོག་ཅིང་།  ཕྱི་ལོ་༡༧༡༨ ལོ་སླར་སྲོག་པོ་ཇུན་གར་གྱིས་གཏོར་བཤིག་གཉིས་པ་བཏང་།  བློ་གཟུར་བོ་གནས་པའི་ཐོག་ནས་དཔྱད་ཞིབ་བྱས་དུས་བོད་དུ་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་གུད་འགྲོ་བ་དང་རྒྱ་གར་དུ་ནང་ཆོས་ཉམས་གུད་འགྲོ་བའི་རྒྱུ་རྐྱེན་ཐམས་ཅད་གཞན་གཅིག་པུ་རེད་ཅེས་བརྗོད་ན་ཧམ་སེམས་ཆེ་དྲག་བ་འདྲ་སྙམ་པ་བྱུང་།   སྨར་ཚང་ལོ་རྒྱུས་ལ་ཕྱི་མིག་བལྟས་དུས་མཆོད་ཡུལ་བློ་སེམས་མགུ་བའི་རིམ་གྲོ་དང་དབང་བསྐུར་ཆོས་བཤད་མཛད་མཁན་ཆེས་ཉུང་ཉུང་ཡིན་པ་དང་།  ཐུགས་བརྒྱུད་བྱང་ཆུབ་སེམས་ཀྱིས་འཇོམས་ཟིན་པས་གྲུབ་ཐོབ་རྣམས་དགྲ་གཉེན་དབྱེར་མེད་ཀྱི་བློ་རྩ་གཏན་པོ་ཡོད་པས་དགོན་པ་དམག་གིས་གཏོར་ཡང་རི་སུལ་ལ་སྒོམ་སྒྲུབ་བགྱིས་ནས་བཞུགས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རིམ་བཞིན་ཉམས་པར་གྱུར་ཀྱང་།  སྨར་ཚང་གི་མཁས་གྲུབ་མང་པོས་བསྟན་པ་འདི་སླར་ཡང་མིང་རོ་གསོ་བའི་དུས་ཤིག་ཡོང་ཚུལ་ལུང་བསྟན་སྔ་ཕྱི་ལན་མང་བྱུང་བའི་ཁྲོད་དུ། ཆོས་རྗེ་སྨར་པའི་མཆེད་གྲོགས་ཉག་རེ་སེ་བོའི་ལུང་བསྟན་ལས། སྨར་ཚང་བསྟན་པ་བསྲུང་དུས་འོང་། །འགྲོ་དོན་གྱི་ལྷག་མ་སྐྱོང་དུས་འོང་། །ལས་སྨོན་བཟང་པོ་བསྒྲིག་དགོས་པས། །གདན་ས་ཆེན་མོ་ཤོ་དགོན་ཡིན། །ཞེས་དང་། རྗེ་འགྲོ་མགོན་རིན་ཆེན་གྱིས། འདི་ནས་སྐྱེ་བ་བཅུ་དྲུག་བར། །ཡུལ་ཁམས་དཔག་མེད་འགྲོ་དོན་སྐྱོང་། །བརྒྱ་ཕྲག་བདུན་གྱི་ཁ་རལ་དུས། །ང་ནི་ཀརྨ་མིང་ཅན་གྱིས། །སྨར་དཀྱིལ་སྒར་ཐོག་ན་ཐང་ལ། །ཆོས་སྡེ་བཏབ་ཀྱང་བདུད་ཀྱིས་སྟོར། །བར་ཆད་ཁུག་པ་བཅོ་བརྒྱད་ལས། །གྲོལ་ན་སྨར་ཚང་མིང་རོ་གསོ། །བརྟུལ་ཞུགས་ཆེན་པོས་མཚོ་མཐར་རུ། །འགྲོ་བ་དཔག་མེད་འདྲེན་པར་འོང། ཞེས་སྐྱེས་མཆོག་རྣམས་ཀྱིས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་སླར་ཡང་གསོས་ནས་འགྲོ་དོན་ལྷག་མ་རྣམས་བསྐྱང་བའི་དུས་ཡོང་ཚུལ་ལུང་བསྟན་པར་ལྟར།  བོད་ཀྱི་ཡུལ་དུ་སླར་ཡང་སྨར་ཚང་བཀའ་བརྒྱུད་ཀྱི་རིང་ལུགས་ལན་གཅིག་སྤེལ་ཐུབ་པའི་རེ་སྨོན་ཙམ་མིན་པར་མི་རབས་རྒྱུད་མཐུད་ནས་འབད་འབུང་བྱེད་རྒྱུ་སྨར་ཚང་བཀའ་བརྒྱུད་ཀྱི་འོས་འགན་ཞིག་ཡིན།  

རྒྱལ་སྤྱི་ལོ་རྒྱུས་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་དེབ་སྐྱེལ་བྱས་པའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་ཕབ་བཤུ་དང་ཡིག་རྐུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།