སྤྱིར་གོ་ལ་ཧྲིལ་པོ་འདི་སྣོད་ཀྱི་བཀོད་པ་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡུལ་དུས་ལ་བསྟུན་ནས་འཕོ་འགྱུར་འགྲོ་བ་ཆོས་ཉིད་ཡིན་ཞིང་། བྱེ་བྲག་ཏུ་རྒྱལ་ཁབ་དང་ལུང་ཕྲན་ཐམས་ཅད་སྟོབས་ཤུགས་ཆེ་བ་ཞིག་གིས་ཆུང་བ་ལ་ཐུབ་ཚོད་བྱས་པར་རྒྱུ་ནོར་བཅོམ་པ་སོགས་བསམ་ན་བློ་ཕམ་དགོས་པ་དང་དྲན་ན་སྙིང་རྩ་འདར་དགོས་པའི་ལོ་རྒྱུས་ཀྱི་རི་མོ་མཐའ་ཡས་པ་ཞིག་ཡོད་པས་བརྗོད་ཀྱང་མི་ཚར་བ་རེད། 

དེ་ཕྱོགས་མཚུངས་འཛམ་གླིང་མཐོ་སྒང་གི་ཡང་རྩེར་གནས་པའི་སྣོད་ཀྱི་བཀོད་པ་དང་བཅུད་ཀྱི་སེམས་ཅན་ལ་ཕྱི་རོལ་ནས་ལྟ་མཁན་ཚོས་གོ་ལའི་སྟེང་དུ་ལྷའི་ཞིང་ཁམས་ཆུང་ཆུང་ཞིག་ལྷག་པའི་ཚོར་སྣང་སྐྱེས་ནས་བསྟོད་བསྔགས་ཕུལ་བ་སོགས་ཡོད།   དེ་བཞིན་རང་མི་རིགས་ཀྱི་ལོ་རྒྱུས་སྨྲ་བ་དང་མཁས་པ་དག་གིས་སྤྱན་རས་གཟིགས་ཀྱི་ཞིང་ཁམས་དངོས་མིན་ཡང་ཞིང་འདྲ་ཞིག་ཏུ་བརྩིས་སྲོལ་ཡོད་ལ།   ཡུལ་འདི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་ནས་དམ་པའི་ལྷ་ཆོས་ཀྱི་ཉི་འོད་ཕྱོགས་ཀུན་ཏུ་འཕྲོས་པའི་རྣམ་ཐར་དང་ལོ་རྒྱུས་ལ་དཔྱད་ཚེ་ཡིད་སེམས་དབང་མེད་འཕྲོག་མྱོང་བ་ལྟར་སྐྱེ་བོ་མང་པོ་དེ་བཞིན་ཚོར་བ་སྦྱིན་ཡོད་པར་ཐག་ཆོད།

འོན་ཏེ།  ཕྱོགས་གཞན་ཞིག་ནས་ཞིབ་མོ་བལྟས་དུས་བོད་མི་རིགས་འདི་ལ་རང་ཉིད་ཕོང་བར་བྱེད་པའི་སེམས་ཀྱི་ན་ཚ་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་བྱུང་།  དཔེར་མཚོན་འགའ་ཞིག་དྲངས་ན།   བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་གནམ་ནས་བབས་པ་དང་རྒྱ་གར་གྱི་རྒྱལ་བརྒྱུད་ཡིན་ཚུལ་བསྒྲུབས་པ་འདི་ནི་བོད་རང་ཉིད་ཀྱི་མི་རིགས་ཤིག་ཡིན་ན་གོང་དུ་བཀུར་འདུན་མེད་པའི་སེམས་ཀྱི་ན་ཚ་ཡོད་པའི་རྟགས་བསྟན་ཡོད།  དེ་དང་ཕྱོགས་མཚུངས་བོད་རང་ཉིད་ཀྱི་ཡུལ་དུ་སྐྱེས་པའི་དཔོན་པོ་དང་བླ་མ་རྣམས་ཀྱིས་རང་མི་རིགས་ཀྱིས་རང་ལ་ཆེ་མཐོང་དང་གུས་བཀུར་མེད་པར་ཤེས་ཏེ། བླ་མ་དང་དཔོན་པོ་རྣམས་རྒྱ་ནག་དང་སྲོག་པོ་ལ་འགྲོ་ནས་མིང་སྐམ་པོའི་གོ་ས་རེ་འཁུར་ཡོང་ནས་བོད་ཀྱི་མི་མང་ལ་ངམ་ངམ་རྫིག་རྫིག་བྱས་ཡོད་ལ།  ད་དུང་མི་ཆོག་ན་རང་གི་རྒྱབ་རྟེན་བཅོལ་ས་རྒྱ་ནག་དང་སྲོག་པོའི་རྒྱལ་པོ་རྣམས་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཡིན་ཚུལ་བསྒྲགས་པ་ནི་རང་གི་མིང་སྐམ་པོ་དེ་བོད་པ་ཚང་གིས་གུས་བཀུར་ཞུ་བའི་ཆེད་དུ་ཡིན།  རྒྱ་སྲོག་གིས་བྱིན་བའི་མིང་གི་དམག་དར་ཞིག་སྤྱི་བོ་ཐོད་དུ་བསྒྲེངས་ནས་སོ་སོས་མངའ་ཁོངས་ཆེ་ཆུང་གི་རྩོད་ལེན་ཆེད་ཆོས་གོས་འོག་ནས་དམག་དྲངས་པ་དང་བསད་བསྒྱུར་བཅོམ་གསུམ་བྱས་པའི་ལོ་རྒྱུས་ལ་ཞིབ་མོ་བལྟས་དུས་སེམས་གཏིང་ནས་སྐྱུག་བྲོ་དགོས་པ་མང་པོ་ཡོད།  སྨན་དམ་པའི་ལྷ་ཆོས་ལ་སྲིད་དུག་ནག་པོ་སྦྱར་བའི་སྤྱི་ཚོགས་ཤིག་བསྐྲུན་བས་མཇུག་འབྲས་བསྡུས་ནས་བཤད་ན། འཇམ་དབྱངས་གནམ་འཕྲུལ་ཚང་གིས་ཕུད་པའི་ཡུལ་གྱར་ཞིག་གྱུར་ཡོད་ལ།  སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་ཤོག་ཟེར་བའི་གཡང་འགུག་གྲངས་མེད་བྱས་པའི་འབྲས་བུ་སྨིན་ནས་ད་ལྟ་ཁྲིམས་གཡང་འོག་ཏུ་ཚུད་པ་ནི་སྨོན་འབྲས་ལུས་ཡིན།   དེ་བཞིན་རང་ཉིད་སྐྱེས་ཡུལ་ལ་གུས་བཀུར་མེད་པའི་བླ་མ་དང་དགེ་བཤེས་དེ་ལུང་པ་གཞན་ཞིག་ལ་འགྲོ་ན་གུས་བཀུར་བྱས་པ་ནི་བོད་པ་རང་ཉིད་ཀྱི་མི་ལ་རང་གིས་གུས་བཀུར་ཆེན་མཐོང་མི་བྱེད་པའི་ན་ཚ་ཆེན་པོ་ཡོད་པར་མངོན།  ན་ཚ་དེ་རྒྱུན་སྐྱོང་བྱས་ན་ཆེ་ས་ལ་མི་རིགས་བརླག་པའི་རྒྱུ་དང་ཆུང་ས་ནས་མུ་མཐུད་རྗེས་ལུས་ཅན་དུ་གྱུར་སྲིད། བོད་ཀྱི་ལོ་རྒྱུས་གླེང་དུས་བཟང་པོ་ཤ་སྟག་བརྗོད་ན་ངན་གོམས་བཅོས་ཐབས་མེད་པས་འདས་པའི་ལོ་རྒྱུས་ནང་གི་སྐྱོན་ལ་སྐྱོན་དུ་མཐོང་ནས་སྐྱོན་ཡོ་བསྲང་བྱེད་པའི་ཆེད་དུ་གླེང་བ་ཞིག་ཡིན་པ་ལས་རང་མི་རིགས་ལ་མཐོང་ཆུང་བྱས་པ་ཞིག་གཏན་ནས་མིན། དེས་ན་བློ་གསར་གཞོན་ཅན་རྣམས་ཀྱིས་རང་གི་མི་རིགས་ལ་ཤེས་འཇོན་ལྡན་པ་རྣམས་གོང་དུ་བཀུར་ཞིང་བླུན་པོ་རྗེས་འབྲང་གི་ལམ་སྲོལ་འདོར་བར་བྱའོ། །