སྨར་ཁམས་ཀྱི་སྡེ་དཔོན་ངོ་སྤྲོད།  སོག་དམག་བོད་ལ་ཐེངས་གཉིས་གསུམ་དྲངས་པའི་རྒྱུད་རིམ་ནང་སྨར་ཁམས་སུ་སོག་དམག་གིས་འོག་ཚུད་པའི་དཔོན་ལ་སོག་སྡེ་དཔོན་འགོ་ཟེར་བར་གྲགས། སྨར་ཁམས་པའི་ཡུལ་དགོན་ཐམས་ཅད་སོག་དམག་གིས་མིང་བཏགས་པའི་དཔོན་ཁོངས་སུ་འདུས་ཐུབ་ཀྱི་མེད། དཔེར་ན། ས་ངན་གྱི་རྫོང་ཁག་རྣམས་དང་། དངུལ་མཁར་སྡེ་བ། སྟག་ར་སྡེ་བ། རྒྱས་ཚོགས་སྡེ་བ། རྒྱལ་བཀག་སྡེ་ཁག་ཕྱེ་གསུམ། འབུམ་པ་སྡེ་བ། ཞིང་དྲུང་སྡེ་བ།  ཚྭ་མཁར་སྡེ་བ་སོགས་ལུང་ཚན་སོ་སོས་དཔོན་པོ་བཟུང་བ་ལས་སོག་པོའི་འོག་ཏུ་འདུས་མེད།

སོག་དམག་གིས་དཔོན་མིང་བཏགས་པའི་དཔོན་སྡེ་དགུའི་གྲངས་ཚད་འདི་ལྟར། ༡ ཨ་བསེ་གྲོང་རེ་དཔོན། ༢ མཚོ་རྔ་དཔོན། ༣ རུ་ཤོད་དཔོན། ༤ ཕུ་པ་དཔོན། ༥སྨད་པ་དཔོན།༦མར་ནང་དཔོན། ༧ དཀར་རྒྱས་དཔོན། ༨རྒྱ་མདའ་དཔོན། ༩ ཕུ་ལུང་དཔོན་བཅས་ཡིན་ཚུལ་ཚོད་རྩིས་བྱས་མཁན་ཡོད་ཀྱང་ངེས་གཏན་དཔང་ཡིག་གང་ཡང་མེད།

ད་ལྟ་སྨར་ཁམས་ཀྱི་ཁྱབ་ཁོངས་ལ་དངོས་སུ་མིང་ཡོད་པའི་ཡུལ་གྱི་སྡེ་དཔོན་ཉེར་དགུའི་ངོ་སྤྲོད། 

༡ ས་ངན་ཀྲེ་པ་སྡེ་བར་ཀྲི་པ་དཔོན། ༢ སྒོ་པོ་སྡེ་བར་དཀར་རྒྱས་དཔོན། ༣ རྩེ་གསུམ་སྡེ་བར་རྩེ་གསུམ་བརྒྱ་དཔོན། ༤ འབྲུ་ནག་སྡེ་བར་འབྲུ་ནག་རྒྱལ་དཔོན། ༥ རྔ་རྩ་སྡེ་བར་རྔ་རྩ་བརྒྱ་དཔོན། ༼དཔོན་འདི་གསུམ་ཤེས་སོང་སྒོ་པ་ཡིན།༽  ༦ སྟག་ར་སྡེ་བར་དམར་ཡན་དཔོན། ༧ དངུལ་མཁར་སྡེ་བར་གུ་ཎ་ཕྱག་མཛོད། ༼དངུལ་མཁར་སྡེ་བ་ཆོས་སྲིད་གཉིས་ཀྱི་དཔོན་པོ་གུ་ཎ་དགོན་པའི་ཕྱག་མཛོད་ཀྱིས་འཇུས་སྲོལ་ཡོད༽  ༨ གཙོང་ཤོད་སྡེ་བར་ཉི་མ་དཔོན། ༼འདི་ཇོ་རི་དཔོན་དང་རྒྱལ་དམའ་དཔོན་གཉིས་ཀྱི་རྗེས་སུ་་ཉི་མ་དཔོན་བྱུང་བ་ཡིན།༽ ༩ འབའ་བ་སྡེ་བར་འབའ་དཔོན། ༡༠ གཙོང་རོང་སྡེ་བར་མར་ཤམ་དཔོན། ༡༡ ཁྱུང་འབུམ་སྟོད་པ་སྡེ་བར་ཕུ་པ་དཔོན། ༡༢ ཁྱུང་འབུམ་སྨད་པ་སྡེ་བར་སྨད་པ་དཔོན། ༡༣ རྒྱས་ཚོགས་འབྲོག་པ་སྡེ་བར་རྒྱས་ཚོགས་དཔོན།  ༡༤ ཨ་བསེ་སྟོད་པ་སྡེ་བར་གྲོང་རི་དཔོན ༡༥ ཨ་བསེ་སྨད་པ་སྡེ་བར་ཁུ་ཟུར་དཔོན། ༡༦ རུ་ཤོད་སྡེ་བར་རུ་ཤོད་དཔོན། ༡༧ མཚོ་རྔ་སྡེ་བར་མཚོ་རྔ་དཔོན།  ༡༨ ལ་འོག་སྡེ་བར་མར་ནང་དཔོན། ༡༩ གླ་རོང་སྡེ་བར་དྲུག་ཡིག་དཔོན། ༢༠ སྒར་ཐོག་སྡེ་བར་ཕུ་ལུང་དགོན། ༢༡ ཕུལ་ལག་སྡེ་བར་གཙོ་རྒན་དཔོན། ༢༢ རྒྱལ་བཀག་སྡེ་བར་སྤོམ་མདའ་དཔོན། ༢༣ འབུམ་པ་སྡེ་བར་སྟོད་ལ་བྲམ་པ་རྦས་སི། ༢༤ བར་ལ་དོན་འགྲུབ་རྦས་སི། ༢༥ སྨད་ལ་གོ་བོ་རྦས་སི་བཅས་ཡིན། ༢༦ རྒྱལ་ཉི་རྦས་སི། ༢༧ ཞིང་དྲུང་རྦས་སི། ༢༨ ཀ་ཟླ་རྦས་སི། ༢༩ ལྕགས་རྟ་རྦས་སི་བཅས་ཡིན། ༼ཕྱིས་སུ་ཞིང་དྲུང་བ་གོང་དཀར་བླ་མས་དཔོན་བླ་འདྲེས་མ་བྱས།༽  གོང་དུ་དྲངས་པའི་དཔོན་འགོ་ཉེར་དགུ་ནང་དུ་སྨར་ཁམས་ཀྱི་སྡེ་ཁག་ཡོངས་སུ་འདུས་ཐུབ་པ་ཞིག་ཡིན། འདི་སྨར་ཁམས་གསེར་མོ་ལྗོངས་སུ་དངོས་བྱུང་གི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་ཙམ་ཡིན།  བོད་པའི་ལོ་རྒྱུས་ལ་རྟོག་བཟོས་ཀྱི་བསྲེ་ལྷན་སྦྱར་བའི་བླ་མའི་རྣམ་ཐར་དང་རང་མཐོ་གཞན་དམན་གྱི་ངན་ཇུས་སྦྱར་བ། ལེགས་ཉེས་གོ་ལྡོག་པ། དཀར་ནག་ཕྱི་ཅིག་ལོག་པའི་ལོ་རྒྱུས་བཟོ་སྲོལ་ངན་པ་ཞིག་མི་རབས་གོང་མས་བག་ཆགས་ངན་པ་ཤུལ་འཛིན་པ་འགའ་ཞིག་གིས་དུས་ད་ལྟའང་རྒྱུན་མཐུད་ནས་ལོ་རྒྱུས་ལོག་བཤད་བྱས་པའི་དུས་འདིར། སྨར་ཁམས་ཀྱི་ལོ་རྒྱུས་ལ་ཉམས་མྱོང་དང་རྒྱུས་གཏན་ནས་མེད་པའི་སྐྱེ་བོ་འགའ་ཞིག་གིས་ལག་རིང་བརྐྱང་པ་མཐོང་བཞིན་དུ་འཇོག་མི་བཟོད་པའི་རྐྱེན་གྱིས་འདི་ཚད་ལྡན་གྱི་ལོ་རྒྱུས་ཤིག་བཀོད་ན། སྤྱིར་སྨར་ཁམས་པ་དང་བྱེ་བྲག་ཏུ་ལོ་རྒྱུས་ཉམས་ཞིབ་པ་ཚད་ལྡན་དག་ལ་ཕན་སྲིད་སྙམ་ནས་གངས་རི་ཀརྨ་པས་སྦྱར་བའོ། །