སྨར་ཁམས་སུ་ཇོ་བོ་བཀའ་གདམས་པའི་རིང་ལུགས་དར་ཚུལ་ངོ་སྤྲོད་སྙིང་བསྡུས།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རིང་ལུགས་གསར་གྱི་ཡང་ཞུན་ལྟ་བུ་འདི་སྨར་ཁམས་ཀྱི་ཕྱོགས་ལོ་རབས་མང་པོའི་སྔོན་ནས་ས་ཁྱབ་རྡོ་དར་གྱུར་བས། སྨར་ཁམས་ཀྱི་ཡུལ་འདི་རབ་བྱུང་དང་པོ་འགོ་སྟོད་ནས་བཀའ་གདམས་པའི་ཆོས་ཀྱི་བྱིན་རླབས་ཕོག་པའི་ཞིང་ས་ཁྱད་པར་ཅན་ཞིག་ཡིན།  དུས་དེར་མཁས་པ་དང་གྲུབ་ཐོབ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་པའི་ནང་ནས་ད་ལྟ་མཚན་སྙན་གྱི་དྲི་མ་མ་ཡལ་བ་ལོ་རྒྱུས་ཐོག་ཐོས་རྒྱུས་ཡོད་པའི་མཁས་པ་ནི།  

ཆོས་རྗེ་སྨར་པའི་སོར་སྡོམ་ཞུ་ས་དགེ་བཤེས་སྒོམ་བརྒྱ་བ་ཤེས་རབ་རྒྱལ་མཚན་དང་། བག་རེ་དགེ་བཤེས་ཤེས་རབ་གྲགས་པ་རྣམས་བྱོན།  སྒོམ་བརྒྱ་བ་འདི་གསང་ཕུ་སོགས་ལ་ཕེབས་མྱོང་བས་ཕག་མོ་གྲུ་པས་ཀྱང་བསྔགས་བརྗོད་ཡང་ཡང་གནང་སའི་མཁས་གྲུབ་གཉིས་ལྡན་ཞིག་ཡིན། སྟག་ར་གསེར་ཏོག་དགོན་པ་ལ་དགེ་བཤེས་དར་མ་རིན་ཆེན། དགེ་བཤེས་ཡེ་ཤེས་འོད་ཟེར་སོགས་མང་དུ་བྱུང། དགེ་བཤེས་དར་མ་རིན་ཆེན་ནི་འགྲོ་མགོན་རིན་ཆེན་གྱི་སོར་སྡོམ་ཞུ་སའི་མཁན་པོ་ཡང་ཡིན།  ཕྱིས་སུ་བཀའ་གདམས་པའི་རིང་ལུགས་འདི་སྨར་ཚང་བཀའ་བརྒྱུད་དང་ས་སྐྱ། རྙིང་མ། དགེ་ལུགས་བཅས་ལ་འགྱུར་སོང་བ་ཞིག་ཡིན་པར་ལོ་རྒྱུས་རྙིང་མ་ལ་ལས་ཤེས་རྟོགས་ཐུབ་པ་ཞིག་ཡིན། ད་ལྟ་བྲག་གཡབ་བ་རེ་གཉིས་ཀྱིས་ཆོས་རྗེ་སྨར་པ་རིན་པོ་ཆེ་འཁྲུངས་ཡུལ་བྲག་གཡབ་ཡིན་ཚུལ་ལོག་འགྲེལ་བྱས་པ་ལྟར་ཡིན་ན།  སྨར་པའི་བླ་མ་དགེ་བཤེས་སྒོམ་བརྒྱ་བ་ཤེས་རབ་རྒྱལ་མཚན་དེ་སྨར་ཁམས་རི་ཤོད་ཡིན་པ་དང་། བག་རེ་དགེ་བཤེས་སྨར་ཁམས་འབུམ་ཕྱོགས་སུ་བག་རེ་ཚང་ཡིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དེ་དག་དང་ཡོངས་སུ་འགལ་བ་ཞིག་ཡིན།  ད་ལྟ་དུས་རབས་འདི་སོ་སོའི་ཡུལ་དུ་མཁས་པ་དང་གྲུབ་ཐོབ་ཀྱི་ལོ་རྒྱུས་ཕོངས་པའི་སྐྱེ་བོ་འགའ་ཞིག་གིས་ལུང་ཚན་གཞན་གྱིས་མཁས་པ་དང་གྲུབ་ཐོབ་ཀྱི་ལོ་རྒྱུས་རྐུན་མ་རྒྱག་པ་འདི། བྱིས་པའི་རྩེད་མོ་ཙམ་ལས་དོན་གྱི་ལོ་རྒྱུས་སྨྲ་བའི་གྲས་ནས་གཞན་གྱིས་འབུད་མི་དགོས་པར་རང་གིས་རང་ཉིད་ལོ་རྒྱུས་བའི་ཁྲིམས་ར་ལས་ཕྱིར་འབུད་བཏང་བ་དང་ཆ་ཡིན་པར་ཤེས་པར་གྱིས།