རྗེ་འགྲོ་མགོན་རིན་ཆེན་དཔལ་བཟང་པོ་མཆོག་གིས་ཕྱི་ལོ་༡༢༠༠ ལོ་སྨར་ཁམས་རི་ཤོད་ལ་ཙོམ་མདོ་ལ་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གཉིས་པ་གནས་གསར་དགོན་པ་ཕྱག་བཏབ། གདན་ས་འདིས་ཀྱང་གནས་མིང་ཆོས་བརྒྱུད་ལ་ཐོག་ནས་ཙམ་མདོ་དང་ཤོ་དགོན་ལ་བསྟུན་ནས་ཆོས་ཀྱི་གནས་གསར་པ་ཞིག་ཡིན་པས་གནས་གསར་ཞེས་བརྗོད་པ་ཡིན། 

ཙོམ་མདོ་གནས་གསར་དགོན་པ་འདི་ཐོག་མ་ཐོས་བསམ་སྒོམ་གསུམ་ལ་གཞོལ་བའི་དགེ་འདུན་སྟོང་ཕྱེད་གཉིས་ཙམ་བྱུང་ཞིང་། རིམ་བཞིན་དགེ་འདུན་ཁྲི་ཁ་ལོང་པ་བྱུང་བས་མཁས་པ་དང་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་བྱོན་པ་དག་གིས་གདུལ་བྱའི་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་ཐར་པའི་ལམ་སྣ་སྟོན་པར་མཛད།  དེ་ལྟར་གདན་ས་གཉིས་ལ་ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཅེས་མཚན་སྙན་དབྱར་གྱི་རྔ་གསང་ཁ་བ་གངས་ཅན་གྱི་ཞིང་དུ་ལྡིར་།

གདན་ས་འདི་ད་ལྟ་སྨར་ཁམས་རྫོང་། རི་ཤོད་ཤང་། རུ་ཤོད་བྲིས་སྲོལ་ཡང་ཡོད། ཚོར་མངའ་ཆུན་གྱི་ཉེ་འདམས་སུ་ཡོད་པའི་གནས་རི་འདིའི་མདུན་དུ་ད་ལྟ་ཞིང་ཁ་གྱུར་པ་ཐམས་ཅད་ཀྱི་ས་འོག་ཏུ་དགོན་པའི་གནའ་ཤུལ་མང་པོ་ཐོན་པ་སོགས་ཁྱོན་ཡོངས་ལ་དཔྱད་དུས། མཐོང་བཞིན་པའི་རི་བོ་དང་མདུན་གྱི་ཞིང་ཀ་ཐམས་ཅད་གདན་ས་འདིའི་དགོན་ཤུལ་ཡིན་པར་རྟོགས་ཞིབ་ཐུབ་ཡོད།  སྨར་ཁམས་ཀྱི་ཡུལ་དུ་ཙོམ་མདོ་གནས་གསར་དགོན་གྱི་ཡན་ལག་ས་ཁྱབ་རྡོ་དར་གྱུར་བའི་དགོན་ཤུལ་དང་གནས་མིང་དུས་ད་ལྟའང་འདྲེན་བྱེད་ཡུལ་དུ་རོལ་བཞིན་པ་ཡིན་པས་རིམ་བཞིན་དྲ་ལམ་ཐོག་བཀོད་རྒྱུའི་འབད་བརྩོན་ཞུས་ཀྱི་ཡོད།

ཙོམ་མདོ་གནས་གསར་དགོན་གྱི་བསྟན་པ་འདི་དར་ཁྱབ་འགྲོ་བའི་ཡུལ་རྣམས་ཅུང་ཟད་དྲང་ན། སྨར་ཁམས་རུ་ཤོད་ནས་ཤར་ཕྱོགས་སུ་ཙོང་ཤོད་སྟོད་སྨད། སྟག་ར་འབྲོག་པ་དང་སྟག་ར་ཡུལ་པ། ས་ངན། འབའ་ཐང་། ལི་ཐང་། མི་ཉག རྒྱ་རོང་སོགས་དར་ཁྱབ་གྱུར་ནས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ས་ལ་བཀོད། ལྷོ་ཕྱོགས་སུ་སྨར་ཁམས་སྒར་ཐོག རྗེ་འབྲོག རྒྱ་བཀག  མགུར་ཤོད། ལྷ་འདུས། འབུམ་པ། ཚ་ཁར། ཚ་བ་རོང་། ཁ་བ་དཀར་པོ། རྒྱལ་ཐང་། འཇང་། ས་ཐང་སོགས་དར་ནས་འགྲོ་བ་མང་པོ་ཡིད་མུན་སེལ་བའི་སྒྲོན་མེ་ལྟ་བུ་གྱུར། ནུབ་ཕྱོགས་སུ་གླ་རོང་། ཚོར་མངའ། ལ་འོག་གྲུ་ཁ། གནས་པདྨ་ཀོ་པ། ཙ་རི་སོགས་ལ་བསྟན་པ་འདི་དར་བའི་དུས་སུ་འགྲོ་བ་དཔག་ཏུ་མེད་པའི་སེམས་བརྒྱུད་ཀྱི་གདུང་བར་སེལ་བའི་རྣམ་ཐར་བརྗོད་ཀྱི་མི་ལང་པ་ཡིན་ཏེ། འཇམ་མགོན་ས་པཎྜི་ཏས་འགྲོ་མགོན་རིན་ཆེན་ལ་ཕུལ་བའི་སྤྲིངས་ཡིག་ལས།

དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་རབ་གང་བ། །

གྲུབ་པའི་གནས་མཆོག་ཤོ་དགོན་དབྱེན་གནས་སུ། །བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་འབུལ། །ཞེས་དང་།

རྟོགས་པ་ཟླ་མཛེས་ཡོན་ཏན་དཀྱིལ་འཁོར་རྒྱས། །འཕྲིན་ལས་བསིལ་འོད་ཉོན་མོངས་གདུང་བ་སེལ། །

སློབ་མ་ཀུནྜའི་ཚལ་རབ་རྒྱས་མཛད་པ། །སྐྱེ་མཆོག་རི་བོང་འཛིན་པ་རྒྱལ་གྱུར་ཅིག །ཅེས་གསུངས་པ་དང་། ཆོས་རྗེ་ས་སྐྱ་པ་ཆེན་པོའི་ཞབས་དྲུང་དུ་རིན་པོ་ཆེ་ཕག་མོ་གྲུ་པས་གཏུགས། གདམས་ངག་དང་རྗེས་སུ་བསྟན་པ་མནོས་པའི་དབང་གིས་ངེད་ལ་ཡང་བརྒྱུད་པའི་བླ་མར་བཟུང་ནས། ངེད་ཀྱི་བུ་སློབ་རྣམས་ཀྱང་བདག་གཉེར་མཛད་ཅིང་། བསྟན་པའི་སྲོག་ཤིང་དུ་བཞུགས་ནས་ས་སྐྱ་པ་དང་ཁྱད་མེད་དུ་མཛད་བྱ་བ་ཁྱེད་རང་གི་སློབ་མ་སྟོན་པ་ཚུལ་གཞོན་དག་ལས་ཐོས། དེ་ལ་དགའ་ཞིང་རྗེས་སུ་ཡིད་རང་། སླད་མ་ངེད་ལ་ཧོར་གྱི་རྒྱལ་པོས་བླ་མཆོད་ལ་འོང་དགོས་བྱ་བའི་གདན་འདྲེན་ནན་ཏན་ཡང་ཡང་བྱུང་བས་ད་ལོ་འགྲོ་བ་ལགས། ཁྱོད་ཀྱིས་ཀྱང་རྒྱལ་པོའི་བླ་མཆོད་བྱ་རྒྱུ་དང་། མི་གོ་ཆོད་འགའ་འདབ་ནོར་དང་ངེད་ཀྱི་ཟླ་ལ་བཏང་ནས་རྒྱལ་པོའི་གསེར་ཡིག་དང་འཇའ་ས་ཞུས་ན་ངོ་ལྟ་བརྟན་པ་ཡིན་པས་ཐུགས་ལ་འཐད་ན་ངེས་རོགས་ལྡན་གང་དགོས་བྱེད་པ་ལགས། ངེད་གར་ཡོད་ཀྱི་སྔོན་ལ་མི་ཐོང་། ཁྱོད་ཀྱི་སློབ་མ་སྟོན་ཚུལ་ལ་སོགས་པ་ཀུན་ཡང་ཡོན་ཏན་ཆེ་བར་ཡོད། ཁྱེད་ལ་ཡང་མོས་གུས་དང་རེ་གཉིས་ཀ་ཆེ་བ་གདའ། ཞེས་སོགས་ཀྱིས་འཕྲིན་ཡིག་བསྐུར་བ་འདི་ལ་བལྟས་ན། གདན་ས་ཤོ་དགོན་གྱི་ཁྱད་ཆོས་དང་འགྲོ་མགོན་རིན་ཆེན་གྱི་མཁྱེན་པའི་ཡོན་ཏན་དང་སྨར་ཚང་གི་མཁས་གྲུབ་ཚོའི་ཉམས་རྟོགས་ཇི་ཡོད་འཕྲིན་ཡིག་འདི་ཉིད་ལས་གསལ་བ་ལས་ཀྱང་ལྷག་པའི་བརྗོད་གཞི་འཚོལ་དོན་མེད་པར་མཐོང་བས་ཟུར་དུ་འགྲེལ་མེད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ནས་དབུས་སུ་ཕེབས་ཞོར་སྨར་ཁམས་ལ་ཕེབས་རྒྱུ་ཡིན་ཚུལ་ཞིག་ཙོམ་མདོ་གནས་གསར་གྱི་མཁན་པོ་སྟོན་པ་ཚུལ་ཁྲིམས་གཞོན་ནུ་ལ་བསྐུར་བའི་འཕྲིན་ཡིག་ལས། 

ཚུལ་ཁྲིམས་དག་པའི་རྩ་བ་རབ་བརྟན་ཞིང་། །མང་དུ་ཐོས་པའི་ལོ་འདབ་ཀྱིས་ཕྱུག་པ། །

ཏིང་འཛིན་ཞི་བའི་འབྲས་བུས་སྤུད་གྱུར་པའི་། །སྟོན་གཞོན་དཔག་བསམ་དབང་པོ་རྒྱལ་གྱུར་ཅིག །ཅེས་སོགས་འཕྲིན་ཡིག་བསྐུར་བར་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོག་ཕྱི་ལོ་༡༢༧༤་སྟོན་ཟླ་གསུམ་པ་ནས་ཕྱི་ལོ་༡༢༧༥་ལོ་ཟླ་བ་བརྒྱད་པའི་བར་ཙོམ་མདོ་གནས་གསར་དགོན་དུ་བཞུགས་པ་ཡིན་ཏེ། འཕགས་པས་གོ་པེ་རྒྱལ་པོར་འཕྲིན་ཡིག་ཕུལ་བ་ལས། ཤིང་ཕོ་ཁྱི་ལོའི་སྟོན་ཟླ་རྣམ་གསུམ་ལ། །སྨར་ཁམས་ཙོམ་མདོ་གནས་གསར་ཞེས་བྱ་བར། །བཟོ་སྦྱངས་མཁས་པའི་ཚོགས་རྣམས་སྤྱན་དྲངས་ཏེ། །བེེཌྰ་རྱ་དང་མཚུངས་པའི་གཞི་རྟེན་ལ། །གསེར་བཟང་ཞུན་མས་ལེགས་པར་བཞེངས་ནས་ཀྱང་། །ཞེས་སོགས་ནས། དེ་ལྟའི་དོན་སྟོན་བྱེད་པའི་ཚིག་སྦྱོར་འདི། །ཤིང་མོ་ཕག་ལོ་བྱ་སྦོའི་ཟླ་བ་ཡི། །བཅོ་ལྡའི་ཉིན་པར་ཙོམ་མདོ་གནས་གསར་དུ། །ལེགས་པར་བྲིས་པ་ཀུན་ཏུ་བདེ་ལེགས་ཤོག །ཅེས་གསུངས་པ་ལྟར་སྨར་ཚང་གི་བསྟན་པ་འདི་དར་ཁྱབ་ཆེན་པོ་གྱུར་ཚུལ་ལོ་རྒྱུས་འདི་དག་ལ་བལྟས་ན་ཤེས་ནུས།  དཔལ་ལྡན་ས་སྐྱ་པ་དང་སྨར་ཚང་བཀའ་བརྒྱུད་ཀྱི་བར་བླ་སློབ་ཀྱི་འབྲེལ་ལམ་དང་ཐུན་འབྱོར་གྱིས་རོགས་ཕན་རྒྱུན་བསྐྱངས་པའི་ལམ་སྲོལ་བཟང་པོ་ཞིག་ཏུ་གྱུར་བར་མངོན། འགྲོ་མགོན་རིན་ཆེན་དང་། སྟོན་པ་ཚུལ་ཁྲིམས་གཞོན་ནུ། ཆོས་རྗེ་ཀརྨ་སེངྒེ། མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན། འགྲོ་མགོན་དཀོན་མཆོག་རྒྱལ་མཚན། ཆོས་རྗེ་དཀོན་མཆོག་རྡོ་རྗེ། ཆོས་རྗེ་བྱང་ཆུབ་སེངྒེ་སོགས་ཀྱི་དུས་སུ་གདན་ས་ཙོམ་མདོ་གནས་གསར་དགོན་ལ་དགེ་འདུན་སྟོང་གཉིས་ལྷག་པར་གྱུར།  ཕྱི་ལོ་༡༦༣༩་ལོ་སྲོག་དམག་གིས་དགོན་སྡེ་མང་པོ་གཏོར་བཤིག་ཁྲོད་དུ་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གཉིས་དང་དགོན་ལག་རྣམས་ཀྱང་གྱོང་གུད་ཚབས་ཆེ་གྱུར།  ཕྱི་ལོ་༡༧༡༨ ལོ་སླར་སྲོག་པོ་ཇུན་གར་གྱིས་གཏོར་བཤིག་གཉིས་པ་བཏང་བའི་མཇུག་ཏུ། སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གོང་འོག་གཉིས་དང་དགོན་ལག་རྣམས་ཀྱི་རྟེན་གསུང་གཏོར་བཤིག་དང་དགེ་འདུན་བསད་པ་སོགས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་ཡོད། ཕྱི་རྒྱལ་བ་ལོ་རྒྱུས་ཉམས་ཞིབ་པ་འགའ་ཞིག་གིས་སྲོག་བོད་ཟླ་འདྲེས་ཀྱིས་ཆོས་ལུགས་ཁ་བསྒྱུར་གྱི་ལས་འགུལ་འདི་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ལ་རིག་གནས་གསར་བརྗེད་དང་པོ་དེ་འདུག་ཟེར་བ་དོན་ལ་གནས་པ་ལྟ་བུ་ཡོད།

               འདིར་བཀོད་པའི་ལོ་རྒྱུས་རྣམས་ཁྲིམས་མཐུན་གྱི་བདག་དབང་སྨར་ཚང་ལས་ཁུངས་ལ་ཡོད་པས་ཕབ་བཤུ་མི་ཆོག །