འདི་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་བཀྲ་ཤིས་ཤོ་དགོན་གང་དུ་ཡོད་མེད་ཐག་བཅད་མ་ཐུབ་བར་མཚོན་བྱེད་རི་མོ་འཇོག་པ་ཞིག་ཡིན། 

ཕྱི་ལོ་༡༡༦༧་མེ་མོ་ཕག་གི་ལོ་སྨར་ཁམས་ཀྱི་ས་ཡི་ལྟེ་བ་རི་ཤོད་ཀྱི་ཁྱབ་ཁོངས་སུ་ཉམས་དགའ་བའི་དབེན་ཁྲོད་འདམ་སྟེང་དུ། དཔལ་བཀྲ་ཤིས་ཡིད་འོང་དགོན་ཕྱག་བཏབ་པ་དང་ཆོས་རྗེ་སྐུ་འཚོ་བཞུགས་དུས་དགེ་འདུན་གཉིས་སྟོང་ལྷག་བྱུང་ཞིང་།

  རིམ་བཞིན་གོང་འཕེལ་གྱུར་ནས་དགེ་འདུན་ཁྲི་ཁ་ལོང་བ་བྱོན་པ་རྣམས་ཀྱིས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་སླབ་པ་གསུམ་གྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་ཞིང་།  མཁས་པ་དང་གྲུབ་ཐོབ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་པ་དག་གིས་སྨར་ཁམས་གསེར་མོ་ལྗོངས་ནས་བསྟན་པའི་ཉི་འོད་གསར་པ་ཞིག་གངས་ཅན་ཆོས་སྡེའི་ཞིང་དང་རྒྱ་དཀར་ནག་གི་ཕྱོགས་སུ་འཕྲོས་པར་མཛད།   

དེ་ཡང་གདན་ས་ཤོ་དགོན་གྱི་བསྟན་པ་སྨར་ཁམས་ནས་མདོ་དབུས་ཁམས་གསུམ་གྱི་ཡུལ་དང་ཡུལ་ཕྲན་མང་པོར་དར་ཁྱབ་གྱུར་བའི་ལོ་རྒྱུས་ཀྱི་རི་མོ་ཕལ་ཆེར་མི་མངོན་ནམ་མཁའི་དབྱིངས་སུ་ཐིམ་ཟིན་ཀྱང་ཤུལ་ལུས་ཤོག་བུ་དཀར་པོ་ཐོག་ཏུ་སྣག་ཚ་ནག་པོས་བྲིས་པའི་ལོ་རྒྱུས་ལྟར་བསྟན་པ་གང་དུ་དར་བའི་ཡུལ་གྱི་མིང་ཙམ་དྲང་ན།

སྨར་ཁམས་ཀྱི་ཤར་ཕྱོགས་སུ་ཀཿ་ཐོག་དང་།  དཔལ་ཡུལ། འབའ་ཐང་། ལི་ཐང་། མི་ཉག་སོགས་ལ་དར་ཁྱབ་གྱུར་ནས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ས་ལ་བཀོད་པར་མཛད།  སྨར་ཁམས་ཀྱི་བྱང་ཕྱོགས་སུ་ལྷ་སྲུང་འབྲོག་པ། གོ་ཇོ་། བྲག་གཡབ་བམ་ཉག་བྲེ། སྡེ་དགེ་སོགས་ལ་དར་ཁྱབ་གྱུར་ཡོད། སྨར་ཁམས་ཀྱི་ནུབ་ཕྱོགས་སུ་འགྲོ་མགོན་དཀོན་མཆོག་རྒྱལ་མཚན་དུས་སུ་གནས་ཙ་རི་དང་ཀོང་པོ་སོགས་ལ་དར་ཁྱབ་གྱུར་བ་དང་། སྤང་མཁན་ཆེན་འོད་ཟེར་བླ་མའི་དུས་སུ་སྟོད་མངའ་རི་དང་རྒྱ་གར་རྡོ་རྗེ་གདན་བར་དར་ཁྱབ་གྱུར་ཚུལ་བཤད།   ལྷོ་ཕྱོགས་སུ་འཇང་། ས་ཐང་། རྒྱལ་ཐང་། རྒྱ་ནག་རི་བོ་རྩེ་ལྔའི་བར་དར་ཁྱབ་གྱུར་ནས་འགྲོ་བ་མང་པོ་རྣམ་དཀར་དགེ་བའི་ས་བོན་བཏབ་པ་དང་སྨིན་གྲོལ་གྱི་ལམ་དུ་བཀོད་པ་སོགས་མཛད་འཕྲིན་སྐྱོང་ཚུལ་རྒྱས་པ་འདོད་ན་བཀྲ་ཤིས་ཤོ་དགོན་གྱི་གདན་རབས་ལ་གཟིགས་པར་འཚལ།  

འདི་བཀོད་པའི་ལོ་རྒྱུས་རྣམས་ཁྲིམས་མཐུན་གྱི་བདག་དབང་སྨར་ཚང་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་ཕབ་བཤུ་མི་ཆོག །