འདི་མཐོང་བཞིན་པའི་མདུན་གྱི་ཞིང་ཁ་དང་རྒྱབ་ཀྱི་རི་བོ་རྣམས་ཙོམ་མདོ་དགོན་པའི་ཤུལ་ཡིན།  རྡོ་ལ་བརྐོས་པའི་མཆོད་རྟེན་གྱི་རི་མོ་འདི་གནའ་ཤུལ་རྩ་ཆེ་ཞིག་ཡིན། 

འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་ཙོམ་མདོ་གནས་གསར་དགོན་པ་ས་སྐྱ་པཎ་ཆེན་དང་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དང་། རྒྱལ་བ་ཀརྨ་པ་སོགས་སྐྱེས་བུ་དམ་པ་མང་པོ་ཕེབས་ཡོད།  ༡ མིག་གིས་མཐོང་བཞིན་པའི་གནས་རི་ནོར་བུ་སྤུངས་པ་ལྟ་བུའི་རྒྱལ་རིའི་རྩེ་མོ་གྱེན་ལ་བསྟན་པ་ནི་མཁས་པ་ཡང་རྩེ་སོན་པ་ཤ་སྟག་ཕེབས་པའི་རྟགས། ༢ རྒྱབ་རི་རྩེ་མོ་རྣོ་བ་ནི་རྟོགས་པ་རྩེ་སོན་པའི་གྲུབ་ཐོབ་དང་རྟོགས་ལྡན་མངཔོ་བྱུང་བའི་རྟགས། ༣ གཡས་གཡོན་གྱི་རི་བོས་བསྐོར་བ་ནི་ཕྱི་ནང་བར་ཆད་ཐམས་ཅད་སེལ་བའི་རྟགས། ༤ རི་བོ་ཡི་མཐར་སྒོ་མོ་ཕྱེ་བ་ལྟ་བུ་ནི་སྨར་ཚང་བཀའ་བརྒྱུད་ཀྱི་གདམས་ངག་གི་སྒྲིབ་གཉིས་ཀྱི་མུན་པ་ཡོངས་སུ་སངས་པའི་རྟགས། ༥ རི་འབུར་སྙིང་གི་དབྱིབས་ཅན་རྣམས་གཅིག་ལ་གཅིག་བསྟན་གྱི་གྱེན་དུ་འགྲེངས་པ་ནི་བསླབ་པ་རྒན་གཞོན་གྱི་གོང་རིམ་དང་ལྡན་པའི་དགེ་འདུན་གྱི་སྡེ་ཚོགས་འཕེལ་རྒྱས་འགྲོ་བའི་རྟགས། ༦ གཡས་གཡོན་དུ་ཆུ་བོ་གཉིས་འདུས་པ་ནི་གདམས་ངག་གི་ཆུ་བོ་ཐམས་ཅད་གཅིག་ཏུ་འདྲེས་པའི་རྟགས། ༧ རྩི་ཤིང་ནགས་ཚལ་བརྒྱན་པ་ནི་རྩ་འཁོར་ལོ་གསུམ་དང་ཡན་ལག་གི་རྩ་ཕྲན་ཐམས་འདུལ་ནས་རླུང་སེམས་དབང་དུ་བསྒྱུར་བའི་རྟགས། ༨མདུན་རི་གོ་ཡངས་བ་ནི་བསྟན་པ་ཕྱོགས་མཐའ་ཀུན་ལ་དར་བའི་རྟགས། ༩ གཡས་ཕྱོགས་སུ་གོ་ཡངས་པ་ནི་བྱང་ཆུབ་སེམས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་སླ་བའི་རྟགས།  ༡༠ གཡོན་ཕྱོགས་སུ་ས་ཁམས་མདངས་ཤིང་མཐོང་རྒྱ་ཡངས་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་སླ་བའི་རྟགས། དེ་ལྟར་ཁྱད་དུ་འཕགས་པའི་རྟགས་བཅུ་དང་ལྡན་པའི་གནས་རི་འདི་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཙོམ་གཙུག་ལག་ཁང་ཞེས་མཚན་སྙན་གྱི་ཆོས་དུང་དཀར་པོ་སྨར་ཁམས་གསེར་མོ་ལྗོངས་ནས་མ་བུས་རང་གྲགས་སུ་གྱུར་ཡོད། ད་ལྟའི་དུས་འདི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་ཁོངས་སུ་ཡོད།  ད་ལྟ་གནས་འདི་བྱིན་རླབས་ཅན་ཞིག་བརྩིས་ནས་ས་སྐྱའི་བླ་མ་རེ་གཉིས་མཚམས་བཞུགས་ཀྱི་ཡོད།  མིག་གི་མཐོང་བཞིན་པའི་ཞིང་ཁ་ནང་དུ་སྔར་ཙོམ་མདོ་དགོན་གྱི་གནའ་ཤུལ་རྙིང་མ་མང་པོ་ཐོན་པ་ལ་དཔྱད་དུས།  ས་འདི་ཁྱོན་ཡོངས་སུ་དགོན་པ་ཆགས་ཡུལ་ཡིན་པར་རྟོགས་ཐུབ་ཡོད། 

འདི་ད་ལྟ་མཚམས་བཞུགས་མཁན་ས་སྐྱ་པའི་གྲྭ་པ་འགའ་ཞིག་ཡོད།

འདི་བཀོད་པའི་པར་དང་དཔྱད་དོན་རྣམས་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པ་ལ་ཡོད་པས་གང་འབྱུང་ཕབ་བཤུ་མི་ཆོག །