ས་འདིའི་སྟེང་དུ་དགེ་འདུན་གཉིས་སྟོང་ནས་གཅིག་ཁྲིའི་བར་གྲྭ་ཤག་བསྐྲུན་ཤོང་ཐུབ་བམ།

ལོ་ངོ་གསུམ་བརྒྱ་ཡན་མན་ཞིག་གི་དུས་ཡུན་ནང་དུ་དགེ་འདུན་གཉིས་སྟོང་ནས་གཅིག་ཁྲི་བར་འཚོ་གནས་བྱས་པའི་གྱང་ཤུལ་དང་དགོན་ཤུལ་གྱི་རོ་མ་ཟུར་ཙམ་ཡང་མཐོང་རྒྱུ་མེད་པ་དེ་འགྲེལ་བཤད་ཇི་ལྟར་རྒྱག་ཐུབ་བམ། དཔེར་ན། དགའ་ལྡན་དགོན་གྱི་དགེ་འདུན་གསུམ་སྟོང་གསུམ་བརྒྱ་ཤོང་བའི་ས་ཁྱོན་ལ་བསམ་ཞིབ་བྱས་ནས་གནས་འདིར་དགེ་འདུན་གཉིས་སྟོང་ནས་ལྔ་སྟོང་ཤོང་བའི་ས་ཁྱོན་ཞིག་མེད་པ་དེ་གང་ཡིན་ནམ།  རྒྱང་ཐག་རིང་ས་ནས་བཤད་ན་ལོ་ངོ་གཉིས་སྟོང་ལྔ་བརྒྱའི་ཡར་ངོས་ན་སངས་རྒྱས་ཀྱི་ཡབ་རྒྱལ་པོ་ཟས་ཙང་མའི་མཁར་ཤུལ་ད་ལྟ་ས་འོག་ནས་རྙེད་རྒྱུ་ཡོད་པ་དང་། ཉེ་ས་ནས་བཤད་ན་ཡུར་བུ་ལ་ལང་། མངའ་རི་གུ་གེ་རྒྱལ་པོའི་མཁར་ཤུལ་སོགས་བོད་ཀྱི་དགོན་ཤུལ་དང་མཁར་ཤུལ་མང་པོའི་རོ་མ་མཐོང་རྒྱུ་ཡོད། ལོ་ངོ་བརྒྱད་བརྒྱའི་ཡར་ངོས་ན་འགྲོ་མགོན་རིན་ཆེན་གྱིས་བཞེངས་པའི་ཙོམ་མདོ་གནས་གསར་དགོན་གྱི་གྱང་ཤུལ་དང་གནས་མིང་དང་གནའ་རྫས་རྙེད་རྒྱུ་ཡོད་པ་ལ་གནས་འདིར་ཤོ་དགོན་གྱི་གྱང་ཤུལ་དང་གནས་མིང་འདམ་སྟེང་དང་གནའ་རྫས་སོགས་ཁྱད་ཆོས་མང་པོ་ཞིག་མཐོང་རྒྱུ་མེད་པ་དེ་རྒྱུ་མཚན་ཅི་ཡིན་ནམ། ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་བཞེངས་པའི་སྨར་ཁམས་རྒྱ་བཀག་རྫོང་དམར་མ་ད་ལྟ་ཡོད་པ་ལ་ཤོ་དགོན་གྱི་གནས་ཤུལ་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། ལོ་ངོ་གསུམ་བརྒྱ་ལྷག་གི་ནང་འཐོར་བཤིག་སོང་བའི་མཁར་ཤུལ་དང་དགོན་ཤུལ་ཕལ་ཆེར་མཐོང་རྒྱུ་ཡོད་པ་ལ་འདི་གཏན་ནས་མཐོང་རྒྱུ་མེད་པ་ཅི་ཡིན་ནམ།  གནས་འདི་ན་གྲོང་འཁྱེར་ཆེན་པོ་ཆགས་ཐུབ་པའི་རྣམ་པ་མཐོང་ངམ། འདི་ནི་དངོས་ཡོད་གནས་ཚུལ་གྱི་ས་བབ་ལ་བལྟས་དུས་འདྲི་བ་འདི་ལྟ་བུ་ཞིག་འདྲི་མ་བསམ་ནའང་སེམས་ལ་དབང་མེད་དུ་དྲི་བ་འདི་ལྟར་སླེབས་ཡོང་གིན་འདུག་ལ། 

 

རྡོ་འདི་ཤོ་དགོན་ལ་སྐྱོད་པ་ཟེར་བ་དེ་ས་ཁམས་ཚན་རིག་གིས་བལྟས་ཙམ་ནས་རི་མོ་དེ་གསར་པ་རེད་ཅེས་བརྗོད་སོང་། འདི་ངོ་མ་རྒྱུ་མཚན་ཅི་ཕྱིར་བརྐོས་པ་ཡིན་ནམ་དཔྱད་ཞིབ་བྱེད་དགོས་པའི་གནས་སུ་གྱུར་ཡོད། 

འདི་རག་མགོ་སྤྲུལ་སྐུས་ཚེ་བརྟན་རྡོ་རྗེ་དང་དཔལ་ལྡན་འབྲུག་པའི་བརྒྱུད་འཛིན་འཇམ་དབྱངས་སྤྲུལ་སྐུ་གཉིས་ལ་གུས་པས་རྒྱུད་གསལ་ཞུས་བཞིན། ཤོ་དགོན་གཙུག་ལག་ཞིག་ཤུལ་དུ་ཆོས་རྗེ་སྨར་པ་སོགས་གོང་མ་རྣམས་ཀྱི་གདུང་འབུམ་ས་ཐོ་ཁ་ཤས་ཡོད་པ་ལ་ཉམས་གསོས་ཀྱིས་ཕྱིའི་ལྷ་ཁང་དང་ནང་གི་མཆོད་རྟེན་ལྔ་བཅས་ལེགས་པར་གྲུབ་པའོ། །ཟེར་བའི་གནས་འདི་ལ་དགོན་སྟེང་ཟེར་སྲོལ་འདུག་ལ་ཁོང་གིས་ཡིག་ཐོག་བྲིས་པ་དང་དོན་དངོས་ས་ཆ་ངོས་འཛིན་ས་གཉིས་འགལ་འདུ་ཆེན་པོ་རེད་འདུག  རག་སྤྲུལ་གྱིས་འདི་མཐོང་བཞིན་པའི་ཁྱིམ་ཚང་གི་རྒྱབ་དུ་རི་འབུར་གྱི་སྟེང་དུ་ཤོ་དགོན་གྱི་གནས་ཤུལ་ཡིན་པར་ངོས་བཟུང་ཡོད།  གནས་འདི་རག་མགོས་ཤོ་དགོན་གྱི་གནས་ཤུལ་ངོས་འཛིན་ནས་མཆོད་རྟེན་དང་ལྷ་ཁང་བཞེངས་ཡོད་འདུག གྲོང་པ་དེས་བགྲེས་པོ་ཚོས་རིག་གནས་གསར་བརྗེའི་དུས་སུ་རག་སྤྲུལ་གྱིས་བཞེངས་པའི་མཆོད་རྟེན་དང་ལྷ་ཁང་གཏོར་བཤིག་བྱས་པ་མངོན་མཐོང་ལག་ཟིན་བྱུང་བ་དང་། 

 འཇམ་དབྱངས་སྤྲུལ་སྐུས་ཁམས་མདོ་སར་ཡོད་པའི་རི་བོ་དམར་པོའི་སྟེང་དུ་ཤོ་དགོན་ངོས་བཟུང་ནས་ཐོག་མ་འདི་དགོན་པ་བཞེང་རྒྱུ་བྱས་ཀྱང་དགེ་ལུགས་པའི་འབུར་དཀར་དགོན་པས་དགོན་པ་བཞེང་མི་ཆོག་ཅེས་རྩོད་གླེང་བྱུང་བར་བརྟེན། འཇམ་དབྱངས་སྤྲུལ་སྐུས་ཨ་ནི་དགོན་པ་དང་ལྷ་ཁང་འདྲེས་མ་བཞེངས་པ་འདི་རིག་གནས་གསར་བརྗེས་སྐབས་གཏོར་ཟིན་པའི་དགོན་ཤུལ་ཡོད་ས་འདི་གཉིས་བར་རྦག་རྦག་གཞོན་ནས་ཆུ་ཚོད་ཕྱེད་ཁ་ལྷག་འགྲོ་དགོས་པའི་བར་ཐག་ཡོད། སྐབས་དེ་འཇམ་སྤྲུལ་དང་རག་སྤྲུལ་གཉིས་ཀྱིས་ཤོ་དགོན་གྱི་གནས་ཤུལ་ངོས་བཟུང་ཚུལ་མི་མཐུན་པར་གསལ་པོ་རེད།  རག་སྤྲུལ་གྱིས་མཆོད་རྟེན་བཞེངས་སའི་དགོན་སྟེང་ཟེར་བའི་གནས་འདི་ཤོ་དགོན་གནས་ཤུལ་ཡིན་པར་ཁས་བླངས་ན་ཆོས་རྗེ་སྨར་པ་སོགས་སྐྱེས་མཆོག་རྣམས་ཀྱི་ལོ་རྒྱུས་ནང་གསུངས་པའི་ཤོ་དགོན་བཏབ་པའི་གནས་ཀྱི་མཚན་ཉིད་ཟུར་ཙམ་ཡང་འགྲེལ་ས་མེད་པ་ཞིག་རེད་འདུག་པས།  འདི་ཤོ་དགོན་གྱི་གནས་ཤུལ་ཡིན་པའི་དཔང་རྟགས་ཚད་མ་ཅི་ཡོད་དམ་ཞེས་རག་མགོ་ལ་འདྲི་བ་ཕུལ་རྒྱུ་ལས་ལྷག་མེད། རག་མགོས་ས་འདིར་བཞེངས་པའི་མཆོད་རྟེན་མཐོང་མྱོང་ཟེར་མཁན་རྒན་པོ་གཉིས་ཀྱིས་མཆོད་རྟེན་བཞེངས་པ་གཏན་ཁེལ་ཡིན་ཀྱང་། ས་འདི་འདམ་སྟེང་དང་དགེ་རྒྱས་ཟེར་བ་ཐོས་མྱོང་མེད་ཟེར།   ཤོ་དགོན་ཆགས་ས་དེ་མི་འདྲ་བ་གཉིས་གྱུར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ས་འདི་གཉིས་ཀ་ལ་འདམ་སྟེང་དང་དགེ་རྒྱས་འབོད་སྲོལ་མེད་པ་ཅི་ཡིན་ནམ། མ་མཐའ་ཡང་ས་མིང་ཆུང་ཆུང་ལ་ཡང་འདམ་སྟེང་ཟེར་སྲོལ་ལྷག་ཡོད་མེད་ཉུལ་ཞིབ་ནན་པོ་བྱས་ཀྱང་མིང་གི་དྲི་ཙམ་ཡང་ཐོས་རྒྱུ་མི་འདུག་པས་མུ་མཐུད་དཔྱད་བཞིན་པ་ཡིན།  སྔར་རྨེར་ཤོད་བྲིས་སྲོལ་ཡོད་པའི་མིང་ཚིག་དེ་ད་ལྟ་སྨར་ཤོད་ཟེར་བ། རྨེར་ཆུ་ཟེར་བ་ལ་ད་ལྟ་སྨར་ཆུ་ཟེ་བ་ནི་ཤོ་དགོན་གྱི་གནས་ཤུལ་ཕྱོགས་དེ་ཡིན་པར་འདོད་པའི་རྨི་ལམ་འཕར་མ་ཞིག་རྨིས་ནས་སྨར་ཁམས་ཀྱི་མིང་ཚིག་གསོན་པོ་སྦྱར་བར་ལྐུག་པ་ཡིན་ཀྱང་རྟོགས།་སླ། ལོ་རབས་འགའ་ཞིག་རྗེས་སུ་ཁང་ཆུང་ནང་དུ་འཛུལ་ནས་ལོ་རྒྱུས་ཉུལ་ཞིབ་པ་གཅིག་གིས་ས་དེ་ལ་སྨར་ཤོད་ཟེར་བ་དང་ཆུ་དེ་ལ་སྨར་ཆུ་ཞེས་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང་གྲགས་པ་གཉིས་ཀྱིས་ཟེར་བའི་ཕྱིར་ཟེར་མཁན་ཞིག་ཐོན་པར་ངེས།  གཟུར་བོ་མི་གནས་པའི་ལོ་རྒྱུས་འདི་རིགས་ལོ་རྒྱུས་ཀྱི་གད་སྙིགས་ཤིག་ཡིན་པས་བདེན་དཔང་བཟུང་འོས་པ་གཅིག་ཀྱང་མི་སྣང་། 

ལོ་རྒྱུས་མང་པོ་ནང་དུ་ཤོ་དགོན་ལ་སྲོག་དམག་གིས་དམག་སྒར་བྱས་ནས་ལོ་ཉི་ཤུ་སོང་ཚུལ་བཤད་པ་དང་ས་འདིའི་བཀོད་པ་དང་ཁྱད་ཆོས་སོགས་གང་ལ་བལྟས་ཀྱང་འདི་ལོ་ཉི་ཤུ་དམག་སྒར་ཟིན་ནས་བསྡད་དགོས་པའི་གྲོང་འཁྱེར་དང་། དགྲ་རྫོང་ལྟ་བུ་གཡུལ་སའི་གལ་ཆེན་དོན་ཆེན་བརྩིས་ཡུལ་ཞིག་གཏན་ནས་རེད་མི་འདུག་པས་ཕྱོགས་ཐམས་ཅད་ནས་བལྟས་དུས་འདི་ལ་ཐེ་ཚོམ་དང་དོགས་འདྲི་སྣ་ཚོགས་ཡོང་བ་ཞིག་རེད།  ལོ་རྒྱུས་དཔྱད་དོན་འདི་བདག་དབང་སྨར་ཚང་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཕབ་བཤུ་མི་ཆོག །