སྨར་ཁམས་སུ་ས་སྐྱ་པའི་དགོན་སྡེ་ཁག་ངོ་སྤྲོད།

 ས་སྐྱ་གུ་ཎ་དགོན་པ་ནི། ཕྱི་ལོ་༡༢༤༣་ལོ་འཇམ་མགོན་ས་པཎ་གྱི་སློབ་མ་དབུ་ནམ་མཁའ་བཟང་པོས་ཕྱག་བཏབ། འཇམ་མགོན་ས་པཎ་གྱིས་གུ་ཎ་དགོན་པ་ཞེས་མཚན་གསོལ། གུ་ཎ་ནི་ཡོན་ཏན་གྱི་དོན་ཡིན། དགོན་འདི་དར་དུས་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་གུ་འབྲུག་གསེར་གསུམ་ཞེས་གྲགས་པ་ལྟར་གུ་ཎ་དགོན་ཚོ་སུམ་ཅུ་བྱུང་བའི་དུས་སུ་བཤད་སྒྲུབ་ཀྱི་སྡེ་ལྔ་བརྒྱ་ལྷག་བྱུང་ཞིང་། ཕྱིས་སུ་བསྟན་པ་ཉམས་ནས་རྒྱལ་མཚན་དགོན་པ་དང་ལྕགས་ཁང་སྒྲུབ་སྡེ་བཅས་ཡོད།  སྐྱབས་རྗེ་གུ་ཎ་པཎ་ཆེན་དགེ་ལེགས་དཔལ་བཟང་ནས་ཀུན་དགའ་རྒྱལ་མཚན་བར་སྐུ་ཕྲེང་བཅུ་བྱོན།

འདི་གཙང་པཎ་ཆེན་བདུན་པའི་ཡང་སྲིད་གཉིས་བྱོན་པས་ས་སྐྱ་གོང་མས་ངོས་འཛིན་པའི་པཎ་ཆེན་ཆོས་གྲགས་རྒྱ་མཚོ་གུ་ཎ་དགོན་པ་ལ་གནང་། གུ་ཎ་ཁྲི་ཆེན་གྲགས་པ་བཟང་པོ་ནས་ངག་དབང་མཁྱེན་རབ་བཟང་པོ་བར་སྐུ་ཕྲེང་བཅུ་གཉིས་བྱོན། དགོན་འདི་བླ་རབས་བརྒྱ་དང་བརྒྱ་ཡིན། གྲྭ་ས་ས་སྐྱ་གོང་དང་རྟ་ནག་གང་རུང་ལ་འགྲོ་སྲོལ་ཡོད།  ད་ལྟ་གྲྭ་པ་བརྒྱ་ལྷག་ཡོད།

ས་སྐྱ་འབྲོང་མགོ་དགོན་པ་ནི། ཕྱི་ལོ་༡༢༧༥་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ། འཕགས་པས་གནས་དེར་སྲིན་མོས་འབྲོང་བཞོན་ནས་སྟག་ཁྲིད་མཁན་ཞིག་གཟིགས་པས། སྲིན་མོ་འདུལ་བ་མ་ཟད་དེ་ཁ་གནམ་ལ་བསྟན་བཅུག་སྟེ་འབྲོང་མགོ་སྟེང་དུ་སྲིན་མོའི་ཁ་གནོད་དགོན་པ་འདི་བཏབ། འཕགས་པས་དགོན་པའི་ནང་རྟེན་སྲིན་མོ་སྒྲོལ་བའི་བསྙེན་ཕུར་དང་། ཙན་དན་གྱི་མ་ཧཱ་ཀ་ལ། དངུལ་བྲིས་བརྒྱད་སྟོང་པ། གཏེར་དུང་དཀར་མོ་གཡས་འཁྱིལ་བཅས་སྐུ་གསུང་ཐུགས་རྟེན་གྱི་མཚོན་བྱེད་གནང་། ཁོང་གི་སློབ་མ་ཞིག་དགོན་པའི་སློབ་དཔོན་དུ་བསྐོས། དགོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་སློབ་དཔོན་དེ་ནས་བཟུང་། ཡར་གྲོང་བླ་མ་ཀུན་དགའི་བར་ཁྲི་རབས་ཉེར་བཞི་བྱོན། བར་སྐབས་ཤིག་ངོར་དགོན་པས་བླ་བསྐོས་བཏང་སྲོལ་བྱུང་ཡང་། ད་ལྟ་དགོན་པ་རང་གི་བླ་མ་བགྲེས་པ་རྣམས་ཀྱིས་ཁྲི་པ་འཛིན་མུ་ཡིན།   གྲྭ་ས་ངོར་དང་རྟ་ནག་ཐུབ་བསྟན་གང་རུང་ལ་འགྲོ་སྲོལ་ཡོད། ད་ལྟ་གྲྭ་པ་བདུན་ཅུ་ལྷག་ཡོད།

ས་སྐྱ་མཁར་དམར་དགོན་པ་ནི། ཕྱི་ལོ་༡༢༧༥་ལོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སྨར་ཁམས་སུ་ཕེབས་དུས་དགོན་ས་དེར་གནས་བཟང་པོ་ཞིག་གཟིགས་ཏེ་ཕྱག་བཏབ། ཕྱག་རྟེན་ཙན་དན་གྱི་མགོན་པོ་སྐུ་དང་། ཤེས་ཕྱིན་དངུས་བྲིས་མ་པོད་དུ་མ་དང་། མཆོད་རྟེན་མཐོང་བ་རང་གྲོལ་བཅས་ངོ་མཚར་བའི་རྟེན་གསུམ་རྩལ་བར་མཛད། དགོན་པ་འདིའི་ཡན་ལག་སྤང་མགོན་དགོན་སོགས་འགའ་ཤས་བྱུང་ཡང་ད་ལྟ་མིང་དང་གྱང་ཤུལ་ཙམ་དུ་གྱུར། སྔར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དང་འདུས་ཚོགས་ཡང་འཕོན་ཆེར་པོ་ཡོད་ཚུལ་འདུག དགོན་འདིར་རྗེས་སུ་ངོར་ཐར་རྩེ་བླ་བྲང་གིས་བླ་བསྐོས་བཏང་སྲོལ་བྱུང་ཡང་། ཆོས་རྗེ་འཇམ་དབྱངས་ཆོས་འཕེལ་བྲག་གཡབ་ཏུ་བླ་བསྐོས་ཕེབས་གྲུབ་རྗེས་གང་གིས་རང་དགོན་དུ་བླ་བསྐོས་མི་དགོས་པའི་གནང་བ་ཐོབ་སྟེ། བླ་མ་འོས་པ་རྣམས་ཀྱི་ཁྲི་རབས་འཛིན་སྲོལ་བྱུང་། ད་ལྟ་མཆོག་སྤྲུལ་གཉིས་གཙོས་པའི་གྲྭ་བདུན་ཅུ་ཙམ་ཡོད། གྲྭ་ས་ངོར་ཉག་རེ་ཁང་ཚན་དུ་འགྲོ་སྲོལ་ཡོད། ཕག་མོ་ཁྲོས་མའི་གནས་རྩ་ཆེན་དེར་བཙུན་མའི་ཆོས་སྒར་དུ་ད་ལྟ་བཙུན་མ་ཉི་ཤུ་ལྷག་ཡོད།  

ས་སྐྱ་ཨ་བསེ་རྡོ་འཆང་དགོན་པ་ནི། ཕྱི་ལོ་༡༢༧༥་ལོ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་ཅིང་བདུད་འདུལ་དགོན་པ་ཞེས་མཚན་གསོལ།  ཕྱིས་སུ་རྡོ་འཆང་དགོན་པ་ཞེས་ཟེར་སྲོལ་གྱུར། དགོན་འདིར་ས་སྐྱ་གོང་ནས་བླ་མ་རབ་མ་ཞིག་བླ་བསྐོས་བཏང་བ་ལྟར་འབུལ་སྐྱེས་ཀྱང་ཆེན་པོར་འབུལ་སྲོལ་ཡོད། དུས་འགྱུར་སྔོན་ལ་གོང་མའི་བདག་མོ་ཟུར་མའི་གདོང་སྲས་དཔལ་ལྡན་རྡོ་རྗེ་དགོན་འདིར་བླ་བསྐོས་ཕེབས། ཁོང་སྐུ་ཚེ་ཧྲིལ་པོ་དགོན་འདིར་བཞུགས་ནས་དགོན་པའི་རྟེན་དང་བརྟེན་པ་སྔར་ལས་ཀྱང་རྒྱས་པར་བསྐྲུན་པས། ཡུལ་དགོན་གཉིས་ཀྱི་བཀའ་དྲིན་བརྗེད་ཐབས་མེད་པར་གྱུར་ཡོད། དགོན་འདིར་དཔོན་སློབ་ནམ་མཁའ་རྒྱལ་མཚན་དང་བླ་མ་བློ་གྲོས་བཟང་པོ་སོགས་ནས་བླ་མ་འཇམ་དབྱངས་རྒྱལ་མཚན་བར་བླ་རབས་མང་དུ་བྱོན། དུས་ཕྱིས་སུ་བླ་མ་རིག་འཛིན་རྡོ་རྗེ་དང་བླ་མ་ཚུལ་ཁྲིམས་གཉིས་ཀྱིས་ཉམས་གསོ་བྱས་པ་ཞིག་ཡིན། གྲྭ་ས་ས་སྐྱ་གོང་ལ་འགྲོ་སྲོལ་ཡོད།  ད་ལྟ་དགེ་འདུན་ལྔ་བཅུ་ལྷག་ཡོད།

ས་སྐྱ་རྒྱལ་ཁྲི་དགོན་པ་ནི། ཕྱི་ལོ་༡༢༧༥་ལོ་འགྲོ་མགོན་ཆོས་རྒྱལ་འཕགས་པས་གསར་དུ་ཕྱག་བཏབ། དགོན་པའི་མིང་ལ་རྒྱལ་ཁྲི་དགོན་པ་དང་རྒྱལ་རིང་དགོན་པ་ཞེས་འབྲི་སྲོལ་གཉིས་ཡོད།  དགོན་པ་འདི་བསྟན་པ་ཡར་དར་སྐབས་གྲྭ་ཚང་བཞི་ལ་དགེ་འདུན་པ་ལྔ་བརྒྱ་ལྷག་བྱུང་ཞིང་། དེའི་དུས་སུ་རུ་ཤོད་ཉ་མོ་སྟོང་སྡེ་ཞེས་ཡོན་བདག་སྟོང་ཕྲག་ཙམ་ཡོད་པར་གྲགས། བར་སྐབས་སུ་སོག་དམག་སོགས་གང་ཡིན་ངེས་གཏད་བརྗོད་དཀའ་ཡང་རུ་ཤོད་ཉ་མོ་སྟོང་སྡེ་ཉམས་གུད་ཆེན་པོ་བྱུང་ཞིང་། དགོན་པ་ཡང་ཉམས་ཚབ་ཆེན་པོ་བྱུང་བས་སྐུ་གསུང་ཐུགས་རྟེན་མང་པོ་ཆུད་ཟོས་སུ་ཤོར། རྗེས་སུ་གྲུབ་ཐོབ་སྔོ་མོ་རབ་འབྱམས་ཀྱིས་ཉམས་གསོ་མཛད་པ་ནས་བཟུང་བླ་མ་ཚེ་དོན་བར་བླ་རབས་༧༥་བྱོན། གྲྭ་ས་གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་ཁང་མོ་ཆེ་ཁང་ཚན་དུ་འགྲོ་སྲོལ་ཡོད། ད་ལྟ་སྤྲུལ་སྐུ་རིན་པོ་ཆེ་གཙོས་པའི་གཞིས་བྱེས་གཉིས་ལ་གྲྭ་བརྒྱ་ལྷག་ཡོད།

ས་སྐྱ་འོལ་ཕྲེང་དགོན་པ་ནི། ཕྱི་ལོ་༡༣༣༠་ལོ་སྨར་ཚང་བཀའ་བརྒྱུད་ཀྱི་མཁན་ཆེན་འོད་ཟེར་བླ་མས་འོལ་བ་རི་ལ་ཕྱག་བཏབ།  ཆོས་རྗེ་དཀོན་མཆོག་རྒྱལ་མཚན་སོགས་སྨར་ཚང་གི་གདན་ས་ཤོ་དགོན་གྱིས་ཁྲི་པ་བཏང་བའི་དུས་སུ་གྲྭ་ལྔ་བརྒྱ་ལྷག་བྱུང། ཕྱིས་སུ་ཀུན་མཁྱེན་གོ་རབ་པའི་སློབ་མ་སྔོ་མོ་རབ་འབྱམས་ཀྱིས་ས་དགོན་བསྒྱུར་ནས། དགོན་ས་གནས་སྤོ་ཆེད་དུ་ཐུགས་རྟགས་བཞག་པར་ཆོས་སྐྱོང་སྤྲུལ་པ་བྱ་འོལ་བ་ཞིག་གིས་བླ་མའི་ཕྲེང་བ་འཁུར་ནས་སྔར་གྱི་དགོན་ས་འོལ་བ་རི་ལ་བཞག་པས་འོལ་ཕྲེང་དགོན་པ་ཞེས་མཚན་གསོལ། དེའི་སློབ་མ་གཏེར་པ་བླ་མ་ནས་བླ་མ་ཚེ་དཔག་བར་ཁྲི་རབས་མང་པོ་བྱོན། ཕྱི་ལོ་༢༠༠༢་ལོ་ཁྲི་པ་ནམ་མཁའ་རྒྱལ་མཚན་སོགས་བླ་ཆེན་རྣམས་ཀྱིས་བཤད་གྲྭ་བཙུགས་ཏེ། རྫོང་སར་ནས་མཁན་པོ་སྐལ་བཟང་འཕྲིན་ལས་གདན་དྲངས། ཕྱི་ལོ་༢༠༠༨་ལོ་སྒྲུབ་གྲྭ་བཏབ། ད་ལྟ་བཤད་སྒྲུབ་གཉིས་ལ་བརྩོན་པའི་གྲྭ་བརྒྱ་དང་ལྔ་བཅུ་བསྐོར་ཡོད།  གྲྭ་ས་གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་ཁང་མོ་ཆེ་ཁང་ཚན་ལ་འགྲོ་སྲོལ་ཡོད།

ས་སྐྱ་སྐྱིད་རྣོང་དགོོན་པ་ནི།  ཕྱི་ལོ་༡༤༣༣ཡས་མས་སུ་བླ་མ་རྒྱ་གར་བ་ཞུ་བ་ཞིག་གིས་དྷི་འབུྃ་རི་ལ་ཕྱག་བཏབ་པས། རྷི་འབུྃ་རི་ཁྲོད་ཟེར་སྲོལ་ཡང་ཡོད། ཁོང་གིས་བྱང་ཆུབ་མཆོད་རྟེན་མཐོ་ཚད་གཅིག་བཞེངས་གྲུབ་པའི་མཚན་མོར་མཆོད་རྟེན་ལ་འོད་ཟེར་མེ་ལྟར་འབར་བས་མེ་འབར་མཆོད་རྟེན་གྲགས་པ་ཞིག་ཀྱང་ཡོད།  བླ་མ་རྒྱ་གར་བ་དེ་མཁས་གྲུབ་གཉིས་ལྡན་ཞིག་ཡིན་པས་ཞབས་རྗེས་དང་ཕྱག་རྗེས་མང་པོ་མཇལ་རྒྱུ་ཡོད། ཁོང་གཤེགས་པའི་རྗེས་སུ་བླ་མ་སངས་རྒྱས་ནས་ད་ལྟ་བླ་མ་རྡོ་རྗེ་དགྲ་འདུལ་གྱི་བར་རི་ཁྲོད་དེ་འཛིན་སྐྱོང་བྱེད་མཁན་བླ་རབས་འགའ་ཤས་བྱུང་ཡོད།

ས་སྐྱ་དགྲ་ལྷ་དགོན་པ་ནི། དུས་རབས་བཅོ་ལྔ་པ་ཡན་མན་ཞིག་ནས་གཙང་རྟ་ནག་ཐུབ་བསྟན་དགོན་གྱིས་བླ་བསྐོས་ཕེབས་ཏེ། དགྲ་ལྷ་བླ་མ་ཞེས་དཔོན་གཡོག་མང་པོའི་བཞུགས་གནས་ཡིན་ཞིང་། དུས་འགྱུར་རྗེས་སུ་རྒྱལ་ཁྲི་དགོན་གྱི་བླ་མ་བརྩོན་འགྲུས་སོགས་ཀྱི་སྒྲུབ་གནས་ཡིན། དགོན་འདི་རྒྱལ་ཁྲི་དགོན་གྱི་ཉེ་བར་ཡོད།    ས་སྐྱ་རྒྱལ་བཀག་གྲྭ་ཚང་ཚོགས་ཆུང་འདི་ཞུགས་མེད་པས་བཀོད་ཐབས་བྲལ།

ས་སྐྱ་བྲག་དེའུ་དགོན་པ་ནི། སྔར་འབུམ་གོ་བོ་ལ་སྟེང་གི་ཁ་སྤྲོད་འབུམ་མཚོོའི་རི་རྒྱུད་ལ་ཆགས་ཡོད་ཀྱང་ཆོས་བརྒྱུད་སུ་ཡིན་ངེས་པར་རྙེད་མེད། ཕྱི་ལོ་༡༢༧༥ལོ་ཆོས་རྒྱལ་འཕགས་པ་འབའ་ཐང་ནས་ལྷ་འདུས་ལ་ཕེབས་ཞོར་བཀའ་རབ་འབྱམས་པས་གདན་དྲངས་ནས་དགོན་པ་ཞིག་ཞུས་པར་འཕགས་པས་དགོན་རྙིང་མ་དེ། ཡར་ལུང་བྲག་དེའུ་འབུར་སྟེང་དུ་གནས་སྤོ་བྱོས་ཤིག་ཅེས་གསུངས་ནས་བྲག་དེའུ་དགོན་པ་ཞེས་མཚན་གསོལ། ཡུལ་འདིར་འཕགས་པས་ཡང་དགོན་པ་ཞིག་བཏབ་གསུངས་པར་ལྟར་བྲག་དེའུ་དགོན་པས་དགོན་ཆུང་དམར་པོ་ཞིག་བཏབ་པ་དེ་ལ་ཡང་དགོན་ཞུ་སྲོལ་ཡོད། སྔར་ས་སྐྱ་གོང་མས་བླ་བསྐོས་བཞུགས་ས་ཡིན་ཞིང་ད་ལྟའང་བྲག་དེའུ་དགོན་གྱིས་འཛིན་སྐྱོང་བྱེད་མུ་ཡིན། དགོན་འདིར་བཀའ་རབ་འབྱམས་པ། གོ་བོ་རབ་འབྱམས་པ། སྔགས་རབ་འབྱམས་པ་སོགས་མཁས་པ་མང་པོ་བྱོན། དགོན་པ་དར་དུས་གྲྭ་སྟོང་ལ་ཉེ་བར་བྱུང་། གྲྭ་ས་ངོར་དང་རྟ་ནག་ཐུབ་བསྟན་གྱི་འབུམ་པ་ཁང་ཚན་གང་རུང་ལ་འགྲོ་སྲོལ་ཡོད།  ད་ལྟ་གྲྭ་བདུན་ཅུ་བསྐོར་ཡོད།

ལོ་རྒྱུས་འདི་དག་ཁོ་བོ་གངས་རི་ཀརྨ་པས་སྨར་ཁམས་སུ་ས་རྙིང་བཀའ་གསུམ་གྱི་དགོན་སྡེ་སོ་སོའི་མཁན་པོ་དང་སློབ་དཔོན།  བླ་མ་སོགས་ཚད་ལྡན་གྱི་མི་སྣ་བསྡུས་རུབ་བྱས་པའི་ལོ་རྒྱུས་ཚོགས་ཆུང་ཐོག་ཏུ་བགྲོ་གླེང་རིམ་པ་བྱས་པའི་སྙིང་པོ་་ཡིག་ཐོག་ཏུ་བཀོད་ནས་སྐྱར་དུ་དགོན་སྡེ་སོ་སོ་ལ་ཞིབ་འཇུག་ཐེར་ཕྱིན་བྱས་བཅུགས་པའི་རྗེས་སུ།  སྨར་ཁམས་ལོ་རྒྱུས་ཚོགས་ཆུང་གིས་རྡར་ས་མདོ་སྟོད་ལོ་རྒྱུས་ནང་དུ་བཏང་པའི་འདྲ་ཤུལ་དྲ་ལམ་དུ་ལྟ་བ་འདོད་པ་རྣམས་ལ་བཤམ་པ་ཡིན།