སྨར་ཁམས་ཀྱི་ཡུལ་དུ་སྔར་འགྱུར་རྙིང་མ་པའི་དགོན་སྡེ་དག་གི་ངོ་སྤྲོད་སྙིང་བསྡུས། ། 

རྙིང་མ་རྒྱལ་སྲས་དགོན་པ་ནི། སྐྱབས་རྗེ་རྒྱས་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་རབ་བྱུང་བཅུ་གཉིས་པའི་ནང་དུ་ཕྱག་བཏབ།  གདན་ས་ཀཿཐོག་གི་ཕྱོགས་བཞིའི་དགོན་ཆེན་བཞི་ཞེས་གྲགས་པའི་ཡ་གྱལ་ལྷོ་སྨར་ཁམས་རྒྱལ་སྲས་དགོན་པ་ཞུ་བ་དེ་ཡིན། རྒྱལ་སྲས་དགོན་པའི་བསྟན་པ་དར་རྒྱས་ཆེ་བའི་དུས་སུ་བཤད་སྒྲུབ་གཉིས་ལ་བརྩོན་པའི་སྐྱེས་བུ་མང་དུ་བྱོན། སྐྱབས་རྗེ་རྒྱལ་སྲས་སྐུ་ཕྲང་དང་པོ་ཨོ་རྒྱན་བསྟན་འཕེལ་ནས་འཇིགས་མེད་ནོར་བུའི་བར་སྐུ་ཕྲེང་དྲུག་བྱོན། མེ་ལོང་སྐུ་ཕྲེང་དང་པོ་ཐུབ་བསྟན་རྒྱ་མཚོ་ནས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་བར་སྐུ་ཕྲེང་ལྔ་བྱོན་ཞིང་། རྒྱལ་སྲས་ཉི་ཟླ་གཉིས་ཞེས་གྲགས་པའི་སྐྱེས་མཆོག་དེ་གཉིས་ཀྱིས་དགོན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་ལམ་སྲོལ་ཡོད། བོད་གཞུང་དགའ་ལྡན་ཕོ་བྲང་གིས་རྒྱལ་སྲས་དགོན་པའི་ཕྱག་མཛོད་ལས་ཐོག་པ་ལ་རྩེ་དྲུང་གི་གོ་གནས་དང་དགེ་འདུན་ལ་ལོ་རེ་གསོལ་ཕོགས་གནང་བའི་ལམ་སྲོལ་དུས་འགྱུར་བར་ཡོད།   གྲྭ་ས་ཀཿ་ཐོག་དགོན་དུ་འགྲོ་སྲོལ་ཡོད། ད་ལྟ་གྲྭ་བཞི་བརྒྱ་ལྷག་ཡོད།  

རྙིང་མ་གསེར་ལྡན་དགོན་པ་ནི། ཀརྨ་པ་ཆོས་གྲགས་རྒྱ་མཚོ་ཏྭ་མིང་རྒྱལ་པོའི་ཁྲི་ལོ་དགུ་པས་རྒྱལ་ནག་ལ་གདན་དྲངས་ནས་སླར་ཕྱི་ལོ་༡༤༧༧་མེ་བྱ་ལོ་མཚུར་ཕུར་ཕེབས་ཞོར་ཕྱག་བཏབ། ཀརྨ་པའི་ཆིབས་རྟ་ཞིག་ཤི་ནས་རྟའི་ལག་པའི་རུས་པར་ཨ་ཡིག་འཁྲུངས་པ་ཞིག་དགོན་པ་ལ་གནང་། ས་ལ་གུ་འབྲུག་གསེར་གསུམ་ཞེས་པའི་གསེར་ལྡན་དགོན་པ་དགེ་འདུན་མང་པོ་བྱུང་ཞིང་ད་ལྟ་རྙིང་མའི་ཆོས་བརྒྱུད་ཡིན། སྐྱབས་རྗེ་གསེར་ལྡན་སྐུ་ཕྲེང་དང་པོ་གྲུབ་ཆེན་ས་ར་ཧ་པ་ནས་བསྟན་འཛིན་བཟང་པོའི་བར་སྐུ་ཕྲེང་བཅུ་བཞི་བྱོན། གསེར་ལྡན་སྐུ་ཕྲེང་ལྔ་པ་ཨོ་རྒྱན་ནོར་བུ་མཆོག་ལྷ་སར་ཕེབས་དུས་རྒྱལ་དབང་ལྔ་པས་རྩེ་དྲུང་གི་གོ་གནས་གནང་།  གྲྭ་ས་སྨྱོ་ཤུལ་དགོན་དུ་འགྲོ་སྲོལ་ཡོད། ད་ལྟ་དགོན་པའི་བསྟན་པ་དར་ཞིང་རྒྱས་པས་གྲྭ་པ་སུམ་བརྒྱ་ལྔ་བཅུ་ང་གཉིས་ཡོད། 

རྙིང་མ་ཚ་རག་དགོན་པ་ནི། རིག་འཛིན་བདུད་འདུལ་རྡོ་རྗེས་ཕྱག་བཏབ། དུས་རབས་ག་དུས་བཏབ་པར་ངེས་གཏན་རྙེད་མེད། སྔར་དགོན་པའི་མིང་ལ་སྐམ་རི་བྲོ་བ་དགོན་པ་ཟེར་སྲོལ་ཡོད་ཀྱང་ཕྱིས་སུ་ཚ་རག་དགོན་པ་ཞེས་འབོད་སྲོལ་དར། དགོན་འདི་དབེན་རྒྱུད་ཡིན་པས་བླ་མ་གུ་རུ་ཚེ་དབང་ནས་ཨོ་རྒྱན་ནོར་བུའི་བར་དབེན་རབས་བཅུ་གསུམ་བྱོན།  ད་ལྟ་བཤད་གྲྭ་བ་གཙོས་པའི་གྲྭ་བརྒྱ་དང་ཉི་ཤུ་ལྷག་ཡོད། གྲྭ་ས་ཀཿཐོག་དགོན་དུ་འགྲོ་སྲོལ་ཡོད།

རྙིང་མ་གནས་མགོ་དགོན་པ་ནི། གྲུབ་དབང་བདེ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་གནས་མགོ་ལ་སྒྲུབ་སྡེ་ལྷ་ཁང་ཕྱག་བཏབ། ཁོང་གི་སློབ་མ་རྒྱལ་སྤྲུལ་རྣམ་གཉིས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད།  བདེ་ཆེན་ཆོས་ཀྱི་རྒྱལ་མཚན་ནས་བློ་བཟང་རྒྱ་མཚོའི་བར་སྐུ་ཕྲེང་ལྔ་བྱོན། རྒྱལ་སྤྲུལ་ཐུབ་བསྟན་དར་རྒྱས་བར་སྐུ་ཕྲེང་གསུམ་བྱོན། གནས་མགོ་འདི་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ནས་འཕྲིན་ལས་ཀྱི་གནས་ཡིན་ཞིང། ཁྱད་པར་བྲག་རི་རྡོ་རྗེའི་དབྱིངས་ཅན་དེ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་བྱིན་གྱིས་རླབས་པའི་གནས་ཡིན་པས། སྟག་ཤམ་བསམ་གཏན་གླིང་པས་གནས་ཡིག་ཀྱང་བྲིས་པར་གྲགས། ད་ལྟ་གྲྭ་པ་དྲུག་ཅུ་རེ་དྲུག་ཡོད། གྲྭ་ས་སྨྱོ་ཤུལ་དགོན་དུ་འགྲོ་སྲོལ་ཡོད། བདེ་ཆེན་ཡང་སྲིད་ཀྱིས་སེ་མདའ་རི་ལ་བཙུན་མའི་རི་ཁྲོད་བཏབ་པ་དེར་གྲྭ་བཙུན་བཞི་བཅུ་ཙམ་ཡོད། 

རྙིང་མ་ལ་ཁ་དགོན་པ་ནི། བླ་མ་ཨ་མྱེ་རྒྱ་མཚོས་ཐོག་མ་རི་ཁྲོད་འཛིན་ཞིང། དེ་རྗེས་རིམ་བཞིན་དགོན་པར་གྱུར་བ་ཞིག་ཡིན། ཨ་མྱེ་བླ་མའི་ཡང་སྲིད་སྐུ་ཕྲེང་གསུམ་གྱི་བར་དུ་བྱོན། སྤྲུལ་སྐུ་པཎ་ཆུང་ནི་ཨ་མྱེ་བླ་མའི་ཚ་བོ་ཞིག་སྨྱོ་ཤུལ་དགོན་པའི་བླ་མ་ཞིག་གི་ཡང་སྲིད་ངོས་འཛིན་བྱས། ཁོང་མཁས་པ་ཆེན་པོ་བྱུང་བས་པཎ་ཆུང་ཞེས་ཞུ་སྲོལ་གྲགས། པཎ་ཆུང་སྐུ་ཕྲེང་གཉིས་ཀྱི་བར་བྱོན། ད་ལྟ་དགོན་འདི་བཙུན་མའི་དགོན་པ་ཞིག་ཏུ་གྱུར་ཡོད།  གྲྭ་ས་སྨྱོ་ཤུལ་དགོན་དུ་འགྲོ་སྲོལ་ཡོད།

རྙིང་མ་སྒོ་ལུང་དགོན་པ་ནི། ཀཿཐོག་མཁན་པོ་ནུས་ལྡན་རིན་པོ་ཆེས་ཕྱི་ལོ་༡༩༤༣་ལོ་འབུམ་མཚོའི་སྟོད་ལ་ཕྱག་བཏབ་པས་ས་དཀར་དགོན་ཞེས་གྲགས། མི་རིང་བར་ནུས་ལྡན་རིན་པོ་ཆེ་དང་མི་འགྱུར་རིན་པོ་ཆེ་རྣམ་གཉིས་ཀྱིས་འབུམ་མཚོའི་སྨད་དུ་སྒོ་ལུང་མདར་སྤོས་ནས་སྒོ་ལུང་དགོན་པ་ཞེས་མཚན་གསོལ། རྗེས་སུ་ཨོ་རྒྱན་འགྱུར་མེད་རིན་པོ་ཆེ་དང་མང་ཚོགས་མཉམ་རུབ་ཀྱིས་རྒྱས་འབྲོག་གྲོང་དུ་གནས་སྤོས་བྱས་པས་དར་ཞིང་རྒྱས་བཞིན་པ་ཡིན། མཁན་ཆེན་བསྟན་འཛིན་འཇམ་དབྱངས་དང་། མཁན་པོ་མི་འགྱུར་དང་། མཁན་པོ་སངས་རྒྱས་དང་། སྤྲུལ་སྐུ་པདྨ་ཚེ་རིང་སོགས་གྲྭ་པ་བརྒྱ་སྐོར་ཡོད། ཀཿཐོག་མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་གྱིས་སྐྱོང་ཞིང་། ཁོང་གིས་སྟག་ལྷ་ཡུལ་དུ་གཏེར་དུང་ལྷ་ཁང་བཏབ་པས་གྲྭ་བཙུན་བཅུ་ཙམ་ཡོད། འདིས་ཀྱང་སྒོ་ལུང་དགོན་པའི་ཁུངས་སུ་ཡོད། གྲྭ་ས་སྤུངས་རི་དགོན་དུ་འགྲོ་སྲོལ་ཡོད།

རྙིང་མ་འདུ་ཤོད་ཆོས་སྒར་ནི། དུས་རབས་ཉི་ཤུ་ཡས་མས་ཙམ་བདུད་འདུལ་གླིང་པའི་སློབ་མ་རྟོགས་ལྡན་རང་གསལ་གྱིས་ཕྱག་བཏབ། གྲྭ་པ་དང་བཙུན་མ་ཤིན་ཏུ་མང་པོ་བྱུང་མྱོང་ཡོད། ད་ལྟ་སྒོ་ལུང་དགོན་པའི་ཡན་ལག་ཏུ་གྱུར་ཞིང་། ཀཿཐོག་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་འཛིན་གྱིས་སྐྱོང་བཞིན་ཡོད། ད་ལྟ་གྲྭ་བཙུན་ལྔ་བཅུ་ཙམ་ཡོད།

རྙིང་མ་ཏཱ་ཧོར་དགོན་པ་ནི། རང་བྱུང་བཅུ་པའི་མཇུག་ཙམ་ལ་རིག་འཛིན་འཇའ་ཚོན་སྙིང་པོའི་སྤྲུལ་པ་ཏཱ་ཧོར་ཀརྨ་རབ་གྲུབ་ཀྱིས་ཕྱག་བཏབ། ཁོང་གི་སྤྲུལ་རྒྱུད་དང་སློབ་རྒྱུད་ལས་བྱོན་པའི་སངས་རྒྱས་བསྟན་པའི་རྒྱལ་མཚན་དང་འགྱུར་མེད་ཡེ་ཤེས་རྡོ་རྗེ་ཞེས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་གཉིས་བྱོན་པས། གསུང་རྩོམ་པོད་གསུམ་ཙམ་ཡོད། དགོན་བདག་གཙོ་བོ་ཀརྨ་རབ་གྲུབ་ནས་ཏཱ་སྤྲུལ་པདྨ་རྒྱལ་མཚན་བར་སྐུ་ཕྲེང་མང་དུ་བྱོན་པ་རྣམས་ཀྱིས་མཛད། གྲྭ་ས་ཀཿཐོག་དགོན་དུ་འགྲོ་སྲོལ་ཡོད།  ད་ལྟ་གྲྭ་པ་གཉིས་བརྒྱ་མ་ལངས་ཙམ་ཡོད།

རྡོ་ལྷ་རི་ཁྲོད་ནི། རྙིང་མའི་ཆོས་བརྒྱུད་འཛིན་པ་སྒོམ་སྒྲུབ་ཉམས་ལེན་པ་གྲྭ་པ་དང་བཙུན་མ་མང་པོ་ཡོད།

རྙིང་མ་བ་ཕུ་རི་ཁྲོད་ནི། གཏེར་སྟོན་བདུད་འདུལ་གླིང་པའི་སློབ་མ་རྟོགས་ལྡན་རང་རིག་གིས་ཕྱག་བཏབ། རི་ཁྲོད་འདི་བ་ཕུ་ཞེས་པའི་ལུང་པ་ཞིག་གི་ཕུ་ལ་ཡོད། གནས་འདིར་རྩ་རླུང་ཐེག་གསུམ་སྒོམ་སྒྲུབ་བྱས་པའི་རྟོགས་ལྡན་མང་པོ་བྱུང་ཞིང་། ཁོང་གི་སློབ་རྒྱུད་རྣམས་ཀྱིས་འཛིན་སྐྱོང་བྱེད་པའི་རི་ཁྲོད་དེ་སྤོམ་མདའ་དང་ཉེ་བར་ཡོད། ད་ལྟ་ཀཿཐོག་མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་གྱིས་སྐྱོང་བཞིན་པ་ཡིན། གྲྭ་བཙུན་ཉི་ཤུ་བསྐོར་ཡོད།   ལོ་རྒྱུས་འདི་དག་ཁོ་བོ་གངས་རི་ཀརྨ་པས་སྨར་ཁམས་སུ་ས་རྙིང་བཀའ་གསུམ་གྱི་དགོན་སྡེ་སོ་སོའི་མཁན་པོ་དང་སློབ་དཔོན།  བླ་མ་སོགས་ཚད་ལྡན་གྱི་མི་སྣ་བསྡུས་རུབ་བྱས་པའི་ལོ་རྒྱུས་ཚོགས་ཆུང་ཐོག་ཏུ་བགྲོ་གླེང་རིམ་པ་བྱས་པའི་སྙིང་པོ་་ཡིག་ཐོག་ཏུ་བཀོད་ནས་སྐྱར་དུ་དགོན་སྡེ་སོ་སོ་ལ་ཞིབ་འཇུག་ཐེར་ཕྱིན་བྱས་བཅུགས་པའི་རྗེས་སུ།  སྨར་ཁམས་ལོ་རྒྱུས་ཚོགས་ཆུང་གིས་རྡར་ས་མདོ་སྟོད་ལོ་རྒྱུས་ནང་དུ་བཏང་པའི་འདྲ་ཤུལ་དྲ་ལམ་དུ་ལྟ་བ་འདོད་པ་རྣམས་ལ་བཤམ་པ་ཡིན།