ལྷ་བཅས་སྲིད་ཞི་གཙུག་ཏུ་བཀུར་བའི་གཞི། །

མར་གྱུར་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །

སྟོན་མཆོག་ཟས་ཙང་སྲས་ཀྱི་སྲོལ་བཏོད་པའི། །

རྟེན་འབྱུང་ལྟ་བའི་རྒྱུད་འཛིན་ཀུན་ལ་འདུད། །

ལས་སྨོན་སྣ་ཚོགས་བཏབ་པའི་རྒྱུ་མཐུན་གྱིས། །

སྣང་བ་སྣ་ཚོགས་འཆར་བའི་འཇིག་རྟེན་འདི། །

སྒྲོ་བཏགས་བདེན་པ་སྣང་བའི་འཁྲུལ་བ་ཀུན། །

ཆོས་ཉིད་ནམ་མཁའི་དབྱིངས་སུ་ཡལ་གྱུར་ཅིག །

 

འཇིག་རྟེན་སྣང་བ་རྨི་ལམ་སྒྱུ་མ་འདི། །

བདེན་སྡུག་དུ་མ་སྐྱེས་པའི་གཞི་ཡིན་པས། །

ཆགས་སྡང་རྨོངས་གསུམ་འཆར་བའི་ཚོར་བ་ལ། །

ཞེན་པ་འདོར་ཚུལ་ཤེས་སམ་རྒྱལ་ཁམས་པ། །

 

མཐོ་སར་བསྡད་ན་ཆེན་པོས་ཕྲག་དོགས་བྱེད། །

བར་མར་བསྡད་ན་མི་རྣམས་འགྲན་སེམས་སྐྱེ། །

དམའ་སར་བསྡད་ན་ཀུན་གྱིས་སྨད་ར་བྱེད། །

མི་ཆོས་སྤོང་ཚུལ་ཤེས་སམ་རྒྱལ་ཁམས་པ། །

 

བྲེལ་འཚུབ་ཆེན་པོས་འབད་པར་དུ་མ་ཡིས། །

གཞན་ངོ་སྲུང་ན་མགུ་དུས་མི་སྲིད་པས། །

རང་ངོ་ཆོས་དང་མཐུན་པའི་བྱ་བ་ཀུན། །

སྲོག་ལས་ལྷག་པ་ཤེས་སམ་རྒྱལ་ཁམས་པ། །

 

 དྲང་བདེན་སྤྱོད་ན་ཕལ་ཆེར་དགྲ་རུ་ལངས། །

ཟོག་རྫུན་སྨྲ་ན་རྣམ་སྨིན་རང་ལ་འབྱུང་། །

གཉིས་ཀ་སྤྱོད་ན་རང་ཡང་རྨོངས་གྱུར་པས།།

ཐབས་མཁས་བྱ་བ་ཤེས་སམ་རྒྱལ་ཁམས་པ། །

 

 

ཀུན་ལ་བསྟུན་ན་ཆོས་ལས་འཇིག་རྟེན་མང་། །

འབྲེལ་ཐག་བཅད་ན་མི་ཡི་གྲས་སུ་ཕུད། །

མཉམ་དུ་འདྲེས་ན་བླང་དོར་གོ་ལྡོག་བྱེད། །

ཕྱོགས་མེད་ལྟ་བ་ཤེས་སམ་རྒྱལ་ཁམས་པ། །

 

ཧྲུལ་གོས་གྱོན་ན་ཀུན་གྱིས་མཐོང་ཆུང་བྱས། །

བཟང་གོས་གྱོན་ན་རྫིག་པོ་བྱེད་པར་མཐོང་། །

འབྲིང་པོ་གྱོན་ན་སློབ་མ་འདུལ་བར་གླེང་། །

རང་ཚུགས་ཐུབ་པ་ཤེས་སམ་རྒྱལ་ཁམས་པ། །

 

ཚིག་རྩུབ་སྨྲས་ན་ཕ་ཡང་དགྲ་རུ་འགྱུར། །

འཇམ་པོ་སྨྲས་ན་ཀུན་གྱིས་མནར་གཅོད་བྱེད། །

ཁ་རོག་བསྡད་ན་བླུན་པོའི་གྲས་སུ་འཇོག །

འཇིག་རྟེན་སྤོང་ཚུལ་ཤེས་སམ་རྒྱལ་ཁམས་པ། །

 

སློབ་ཚོགས་མང་ན་འདུ་འཛིན་བྱེད་པོ་ཟེར་། །

གཅིག་པུར་བསྡད་ན་འབྲེལ་མེད་ཁེ་རྐྱང་རྩིས། །

ཕན་སེམས་བྱས་ན་དོགས་པ་སྣ་ཚོགས་སྐྱེས། །

ཆོས་མཐུན་བྱ་བ་ཤེས་སམ་རྒྱལ་ཁམས་པ། །

 

དྲང་པོའི་ལམ་སྟོན་འཁོན་པའི་རྒྱུ་རུ་གྱུར། །

ཐབས་མཁས་སྨྲས་ན་གཡོ་སྒྱུར་ཉིད་དུ་གོ །

གཏད་སོ་མེད་པའི་མི་ནི་མགུ་དཀའ་བས། །

འཇིག་རྟེན་བློས་གཏོང་ཤེས་སམ་རྒྱལ་ཁམས་པ། །

 

མཆོད་ཡོན་འབྲེལ་བ་མང་ན་འཆིང་བའི་རྒྱུ། །

གཅིག་ལ་གཅིག་རྟེན་སྡུག་གི་ཚོར་བ་ནི། །

འཆད་པའི་དུས་ཤིག་ནམ་ཡང་མི་སྲིད་པས། །

དམ་པའི་ལྷ་ཆོས་ཤེས་སམ་རྒྱལ་ཁམས་པ། །

 

 

སྒྲུབ་དཀའ་འཇིག་སླ་འཁོར་བའི་བྱ་བ་འདི། །

ཇི་སྲིད་འབད་ཀྱང་འཁྲུལ་བའི་ཡོ་ལང་དུ། །

འཇའ་ཚོན་བཞིན་དུ་ཡལ་བའི་ཆོས་ཡིན་པས། །

སྙིང་པོ་མེད་པར་ཤེས་སམ་རྒྱལ་ཁམས་པ། །

 

ཉམ་ཆུང་བྱས་ན་བླུན་པོས་ཐུབ་ཚོད་གཏོང་། །

ཡོན་ཏན་མངོན་ན་བླུན་པོས་ལྷག་པར་སྡང་ །

འཇིག་རྟེན་བླུན་པོ་མགུ་དུས་མི་སྲིད་པས། །

མཁས་པའི་བྱ་བ་ཤེས་སམ་རྒྱལ་ཁམས་པ། །

 

ཆར་འདོད་བྱི་ཆུང་ཇི་སྲིད་སྐམ་ན་ཡང་། །

ས་ལ་བབས་པའི་ཆུ་ནི་མི་འཐུང་ཞིང་། །

མཁས་པ་ཇི་སྲིད་ངལ་བ་འཕྲད་གྱུར་ཀྱང་། །

བླུན་པོ་སྤོང་ཚུལ་ཤེས་སམ་རྒྱལ་ཁམས་པ། །

 

ཆོས་དང་འཇིག་རྟེན་སྤྱོད་ལམ་ཅི་བྱས་ཀྱང་། །

རྒྱུ་ནོར་དབང་ཤུགས་ལམ་དུ་མི་ཤོར་བར། །

རྣམ་ཀུན་དྲང་པོའི་ལྟ་སྤྱོད་གཙང་མ་འདི། །

སྲོག་ལས་གཅེས་པ་ཤེས་སམ་རྒྱལ་ཁམས་པ། །

 

བཤད་སྒྲུབ་བསྟན་པ་སྤེལ་བའི་དོན་གྱི་ཕྱིར། །

སྐྱེ་བོ་འབུམ་གྱིས་སྡང་སེམས་བྱས་ན་ཡང་། །

སྲོག་ལ་ཐུག་ཀྱང་དམ་བཅའ་མི་འདོར་བར། །

འབད་པའི་ངང་ཚུལ་ཤེས་སམ་རྒྱལ་ཁམས་པ། །

 

མདུན་དུ་ཡོང་དུས་ངོ་བསྟོད་བསྤྲེལ་ལེན་བྱས། །

རྒྱབ་དུ་འགྲོ་དུས་འཁང་ར་འབའ་ཞིག་བྱེད། །

ཆོས་དང་ཟིང་ཟས་རྔམ་པའི་གྲོགས་པོ་དེ། །

བདུད་ཀྱི་བར་ཆད་ཤེས་སམ་རྒྱལ་ཁམས་པ། །

 

བཟང་པོའི་གཏམ་ཞིག་ཐོས་ཀྱང་ཁོང་དུ་རྦས། །

མི་སྙན་གཏམ་ངན་སྣ་ཚོགས་འཁྱེར་འོངས་པའི།

ཅོལ་ཆུང་གཡོག་པོ་སེམས་ཁམས་དཀྲུག་པའི་རྒྱུ། །

ཤེས་ནས་རིང་དུ་འདོར་ཞིག་རྒྱལ་ཁམས་པ། །

 

རང་ཉིད་གཅིག་པུ་འཆི་བའི་དུས་ཀྱི་ཚེ། །

གཉེན་དང་འཁོར་གྱིས་སྐྱོབ་པར་མི་ནུས་པས། །

ཕྱི་མར་འགྲོས་རོགས་དམ་པའི་ལྷ་ཆོས་འདི། །

རྟག་ཏུ་ཡིད་ལ་མ་བརྗེད་རྒྱལ་ཁམས་པ། །

ཞེས་རང་སེམས་ལ་བསླབ་བྱ་མེ་ཏོག་ཕྲེང་མཛེས་འདི་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༡༡་ཟླ་བ་༡༡་ཚེས་༢༣་ལ་དབྱེན་ལེན་གྱི་རྒྱལ་ས་ལོ་འགྲོན་དུ་བྲིས་སོ། །