ཁ་སང་གྲོགས་པོ་ད་རང་འབྲེལ་ཐག་ཆད། །

ད་ལྟ་མཛའ་བོ་སང་ཉིན་དགྲ་རུ་འགྱུར། །

ཅི་བྱེད་གཏད་སོ་བྲལ་བའི་སྲིད་པ་འདི། །

སྡུག་གི་ཚོར་བ་གྲངས་ཀྱི་ག་ལ་ཆོད། །

དགའ་བའི་ཚོར་བ་སྡུག་གི་དོང་དུ་ལྷུང་། །

སྡུག་གི་ཚོར་བ་དགའ་བའི་རྣམ་པར་འགྱུར། །

དགའ་སྡུག་ངེས་མེད་སྒྱུ་མའི་རྨི་ལམ་གྱིས། །

སེམས་འདི་བསླུས་པ་གྲངས་ཀྱི་ག་ལ་ཆོད། །

 

དམའ་སར་བསྡད་དུས་གོ་ས་འཐོབ་ལ་རེ། །

གོ་ས་བརྙེས་དུས་ངལ་བའི་སུན་སྣང་སྐྱེ། །

མིང་རྐྱང་ཚིག་ལ་བདེ་བའི་རེ་འདུན་གྱིས། །

སེམས་འདི་བསླུས་པ་གྲངས་ཀྱི་ག་ལ་ཆོད། །

 

དུང་བའི་བརྩེ་བ་འགྱུར་མེད་རྟག་པ་དང་། །

སྡང་བའི་དགྲ་བོ་གདོད་ནས་མ་གྲུབ་ཀྱང་། །

དགྲ་གཉེན་འཛིང་པ་བྱེད་པའི་ཞེ་སྡང་གིས། །

སེམས་འདི་བསླུས་པ་གྲངས་ཀྱི་ག་ལ་ཆོད། །

 

གྲངས་མེད་ཡུལ་ནས་ད་ལྟར་ཐུག་གི་བར། །

ངེས་མེད་འཁོར་བར་འགྲིམ་པའི་ཤུལ་ལམ་ལ། །

ཤེས་རབ་མིག་གིས་ཕྱིར་བལྟས་བྱས་པའི་ཚེ། །

སྐྱོ་བའི་ཡིད་ཀྱི་མཆི་མ་སེམས་ལ་ལྷུང་། །

གངས་རི་ཀརྨ་སྤྲུལ་སྐུ་ནས།