དུས་གསུམ་སངས་རྒྱས་ངོ་བོ་ཉིད། །ཉེས་པའི་སྐྱོན་བྲལ་ཆོས་ཀྱི་སྐུ། །

དངོས་གྲུབ་རྩ་བ་རིན་པོ་ཆེ། །ཞབས་ལ་གུས་པས་ཕྱག་འཚལ་ཏེ། །

དགོན་པའི་མཚན་ཉིད་དབྱངས་སུ་བསྡེབས། །འདམ་སྟེང་བཀྲ་ཤིས་ཡིད་འོང་དགོན། །

ལྷུན་ནི་བྱ་རྒོད་ཕུང་རི་འདྲ། །དབྱིབས་ནི་སྒྲོལ་མ་བཞུགས་ཚུལ་འདྲ། །

བདེ་ཆེན་རི་ཡི་རྩེ་མོ་ནི། །རིགས་ཀྱི་བདག་པོའི་དབུ་རྒྱན་འདྲ། །

སྤང་ལྗོངས་ནག་མཐོང་རྩེགས་པ་ནི། །རྩ་འཁོར་བཞི་ཡི་ཕོ་བྲང་འདྲ། །

རྩི་ཤིང་མང་པོས་རབ་བརྒྱན་པ། །རྩ་སུམ་ཅུ་རྩ་གཉིས་རྒྱན་པ་འདྲ། །

བྱང་སེམས་ཀླུ་ཆེན་རྒྱབ་རི་ཡིས། །ཉམས་དགའ་བཞི་ཡི་ཐུང་ཆུ་སྟེར། །

མེ་ཏོག་སྣ་ཚོགས་བཀྲ་བ་དང་། །ས་ཕྱོགས་ཡིད་འོང་སྤོས་ངེད་ལྡང་། །

ཨུ་རྒྱན་དཔལ་རིའི་གནས་དང་འདྲ། །མཁའ་འགྲོ་ངོ་བོ་ཉིད་ཀྱིས་འདུ། །

ཟབ་དོན་གསུང་གི་སྒྲ་སྒྲོགས་པས། །རྣལ་འབྱོར་ཡིད་ཀྱི་གདུང་བ་སེལ། །

ཆོས་སྐྱོང་སྤྲུལ་པ་མཁའ་ལ་འདུ། །རྣལ་འབྱོར་དམ་ཚིག་ལྡན་པའི་རྟགས། །

དལ་གྱི་ཆུ་བོས་མདུན་ནས་བསུ། །ཉམས་མྱོང་སྔོན་དུ་སྐྱེས་པའི་རྟགས། །

རྡོ་རྗེ་བྲག་གིས་རྒྱབ་ནས་བསྐོར། །རྟོགས་པ་ཕྱི་ནས་བརྟན་པའི་རྟགས། །

ཉམས་རྟོགས་དབྱེར་མེད་རོ་གཅིག་ཕྱིར། །ཆུ་བོ་གསུམ་འདུས་ཆབ་ཀྱིས་བསྐོར། །

ཉེས་པའི་སྤྲིན་བྲལ་ནམ་མཁའ་དྭངས། །གློ་བུར་རྣམ་རྟོགས་དག་པའི་རྟགས། །

ཕྱོགས་སྐྱོང་རིའི་ར་བས་བསྐོར། །བཀའ་བརྒྱུད་ཆོས་སྐྱོང་འདུ་བའི་རྟགས། །

རི་བྲག་རྩེ་ལ་ཆས་པ་འདྲ། །རྟོགས་ལྡན་སློབ་མ་ཚར་བའི་རྟགས། །

རྟ་བདུན་རྒྱལ་པོ་ཐུགས་ཀར་ཤར། །སེམས་ཉིད་འོད་གསལ་རྟོགས་པའི་རྟགས། །

བྱང་ནས་ཆོས་སྐྱོང་ལྷ་མོས་བསྐོར། །ཕྱི་ནང་བར་ཆད་མེད་པའི་རྟགས། །

ལྷོ་ན་རིན་ཆེན་གཏེར་ཁ་བྱེ། །དགོས་འདོད་སེམས་ལ་འབྱུང་བའི་རྟགས། །

ཕྱོགས་བཞི་ནམ་མཁའི་མཐའ་དང་བྲལ། །མཐར་ཐུགས་ཆོས་སྐུ་རྟོགས་པའི་རྟགས། །

རང་བཞིན་དབེན་ཞིང་ཉམས་དགའ་བ། །ཕག་གྲུ་མཐར་རྩ་དགོན་པ་འདྲ། །

རྟོགས་པ་འཕེན་ཞིང་ཉམས་མྱོང་བཟང་། །རིན་ཆེན་སྤྲུལ་སྐུའི་ཡང་དགོན་འདྲ། །

ཕྱི་འདམ་སྟེང་བཀྲ་ཤིས་ཡིད་འོང་དགོན། །ནང་རང་ལུས་དལ་འབྱོར་ལྷུན་འགྲུབ་དགོན། །

གསང་བ་སེམས་ཉིད་ཀྱི་ཡང་དགོན་དེར། །ང་རྟོག་བྲལ་ནམ་མཁའི་རྣལ་འབྱོར་པས། །

སྣང་སྲིད་གཉིས་མེད་བླ་མ་ལ། །ཆོས་སྐུ་རྟོགས་པའི་གསོལ་བ་འདེབས། །

སྙམ་བྲལ་ངང་དུ་སྒོམ་མཚམས་བཅད། །དབང་པོ་ཡང་རབ་ལམ་སྣ་འདྲེན། །

མཐུན་རྐྱེན་དད་ལྡན་སློབ་མས་སྦྱོར། །ཡོན་བདག་ནོར་རྒྱུན་ལྷ་མོས་བྱེད། །

སྤྲུལ་སྐུ་བདུན་གྱི་བརྒྱུད་པ་འཛིན། །བཀའ་བརྒྱུད་གོང་མའི་བྱིན་རླབས་ཞུགས། །

འབྲལ་མེད་ཕྱག་རྒྱ་ཆེན་པོ་སྒོམ། །གཉིས་མེད་ཡེ་ཤེས་ཉམས་སུ་མྱོང། །

བྱང་ཆུབ་ངོ་དགའ་མི་ཤོར་བའི། །གཏན་གྱི་བདེ་བ་ད་ལེན་བསྒྲུབས། །

ཆོས་བཞི་དེ་དང་མ་བྲལ་ན། །རྣལ་འབྱོར་འཁོར་བར་འཁྱམ་དོགས་མེད། །