༄༅། ། སྟེགས་བུའི་ཐོག་ཏུ་མཎྜལ་གྱི་མཐར་ཚོམ་བུ་བདུན་དང་དབུས་སུ་ཚོམ་བུ་གཅིག་བཅས་བརྒྱད་བཀོད་།  བུམ་པ་དྲི་བཟང་གིས་བཀང་ཞིང་ཁ་རྒྱན་མགུལ་ཆིངས་ཀྱི་སྟེང་དུ་དུང་ཆུས་བཀང་བ་དང་གཟུངས་ཐག་རྡོ་རྗེ་རྣམས་ཕྱག་སྲོལ་ལྟར་བཤམ།  སྨན་བླ་ལ་དཀར་གཏོར་ཟླུམ་པོ་གཅིག་དང་ཆོས་སྲུང་གཏོར་མ་དང་ཉེར་སྤྱོད་མཆོད་པ་རྣམས་བཤམ།  སློབ་དཔོན་གྱི་མདུན་དུ་རྡོ་དྲིལ་དང་ཏིང་ཤགས་དང་འབྲུ་ཕོར་བཅས་བཤམ་པར་བྱའོ། །  

སངས་རྒྱས་སྨན་བླ་འཇམ་དབྱངས་ཞི་བ་འཚོ། །ཁྲི་སྲོང་དཔལ་རྡོར་མར་མི་དྭགས་གསུམ་དང་། །བདེ་གཤེགས་རྡོ་རྗེ་ཆོས་རྗེ་སྨར་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཐེག་མཆོག་བཤེས་གཉེན་དམ་པའི་རྗེས་བཟུང་བས། །སྲིད་ལས་ངེས་འབྱུང་སྐྱེས་ཤིང་རྒྱུད་སྦྱངས་ནས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་བདེ་བའི་ལམ། །རྟག་ཏུ་ཡིད་ལ་འཆར་བའི་དངོས་གྲུབ་སྩོལ། །དུས་འདི་བཅོམ་ལྡན་སྨན་པའི་རྒྱལ་པོ་ཡི། །སྣང་བརྙན་སྒོམ་ཞིང་གཟུངས་སྔགས་བཟླས་པའི་མཐུས། །ནད་གདོན་བར་ཆད་རྒུད་ཚོགས་ཀུན་ཞི་ནས། །སྨན་བླའི་རྗེས་བཟུང་མཆོག་ཐུན་དངོས་གྲུབ་སྩོལ། །

དེ་ནས་སྐྱབས་སེམས་ལན་གསུམ་གདོན་བར་བྱ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

དེ་ནས་ས་གཞི་བྱིན་གྱིས་བརླབ་པར་བྱ།   མཆོག་གསུམ་ཡི་དམ་ཆོས་ཉིད་བདེན་མཐུ་ཡིས། །མ་དག་ཡུལ་འདི་མཐོང་ཐོས་དྲན་རེག་ཀུན། །མངོན་དགའ་དག་པའི་ཞིང་མཆོག་ཉིད་གྱུར་ནས། །གདུང་བའི་སེམས་ཀྱི་མུན་པ་སངས་གྱུར་ཅིག །

དེ་ནས་བདག་ཉིད་སྨན་ལྷ་བསྐྱེད་པར་བྱ།  སྟོང་པའི་ངང་ལས་པདྨ་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་སེམས་ཧྰུྃ་ཡིག་སྔོན་པོ་ལས། །འོད་འཕྲོས་རང་ཉིད་སྨན་གྱི་བླ། །སྐུ་མདོག་སྔོན་པོ་ཞལ་གཅིག་དང་། །ཕྱག་གཡས་མཆོག་སྦྱིན་མཐིལ་སྲིན་རྩེར། །དུག་གསུམ་ནད་སེལ་ཨ་རུ་འཛིན། །གཡོན་མས་མཉམ་བཞག་ཕྱག་རྒྱའི་སྟེང་། །སྨན་མཆོག་གང་བའི་ལྷུང་བཟེད་བསྣམས། །ན་བཟའ་ཆོས་གོས་རྣམ་གསུམ་གསོལ། །མཚན་བཟང་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུ་སྐུ་ལ་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་། །བརྗིད་ཉམས་ཆེན་པོས་བཞུགས་པའོ། །དེ་ཡི་གཡས་སུ་པད་ཟླའི་སྟེང་། །རྒྱལ་སྲས་ཉི་ལྟར་སྣང་བྱེད་ནི། །སྐུ་མདོག་དམར་སེར་ཞལ་གཅིག་དང་། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་མཛད། །གཡོན་མས་པད་སྡོང་ཐུགས་ཀར་འཛིན། །ཉི་མའི་མཚན་པའི་པདྨ་བསྣམས། །དེ་ཡི་གཡོན་དུ་ཟླ་གདན་སྟེང་། །རྒྱལ་སྲས་ཟླ་ལྟར་སྣང་བྱེད་ནི། །སྐུ་མདོག་དཀར་པོ་ཞལ་གཅིག་དང་། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་མཛད། །གཡོན་མས་པད་སྡོང་ཐུགས་ཀར་འཛིན། །ཟླ་བའི་མཚན་པའི་པདྨ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས། །གཙོ་ལ་འདུད་པའི་ཚུལ་དུ་བཞུགས། །

དེ་ནས་མཆོད་པ་བྱིན་གྱིས་བརླབ་པར་བྱ། ཆོས་རྣམས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ཉིད་ཨོཾ་ཡིག་ལས། །རིན་ཆེན་སྤྲུལ་པའི་སྣོད་བཟང་ནང་། །ཨོཾ་ཡིག་ཡོངས་སུ་ཞུ་བ་ལས། །ལྷ་རྫས་མཆོད་ཡོན་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་དངོས་བཤམ་དང་། །ཡིད་སྤྲུལ་མཆོད་རྫས་མཐའ་ཀླས་གྱུར། ། ཨོཾ་ཨྰཿ ཧྰུྃ །

 ཞེས་ལན་གསུམ་གདོན་བར་བྱ།  དེ་ནས་མདུན་གྱི་མཎྜལ་སྟེང་དུ་དམ་ཚིག་པའི་སྨན་བླ་བདེ་གཤེགས་བརྒྱད་བསྐྱེད་པར་བྱ། མདུན་གྱི་མཎྜལ་གཞལ་མེད་ཁང་། །སེང་གེས་བཏེགས་པའི་རིན་ཆེན་ཁྲིར། །སྟེང་དུ་ཟླ་བའི་གདན་རེ་བཤམ། །དབུས་ཀྱི་ཁྲི་སྟེང་སྨན་གྱི་བླ། །སྐུ་མདོག་སྔོན་པོ་ཞལ་གཅིག་དང་། །ཕྱག་གཡས་མཆོག་སྦྱིན་ཨ་རུ་འཛིན། །གཡོན་མས་སྨན་བཀང་ལྷུང་བཟེད་བསྣམས། །ངུར་སྨྲིག་ཆོས་གོས་སྐུ་ལ་གསོལ། །མཚན་དཔེ་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །གཡས་སུ་ཆོས་གྲགས་རྒྱ་མཚོ་ནི། །སྐུ་མདོག་དཀར་དམར་ཞལ་གཅིག་དང་། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །གཡོན་དུ་མངོན་མཁྱེན་རྒྱལ་པོ་ནི། །སྐུ་མདོག་དཀར་པོ་ཞལ་གཅིག་དང་། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་མས་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ཤར་དུ་གསེར་བཟང་དྲི་མེད་ནི། །སྐུ་མདོག་སེར་པོ་ཞལ་གཅིག་དང་། །ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད། །ཟླ་བའི་གདན་ལ་སྐྱིལ་ཀྲུང་བཞུགས། །ལྷོ་རུ་སྒྲ་དབྱངས་རྒྱལ་པོ་ནི། །སྐུ་མདོག་སེར་པོ་ཞལ་གཅིག་དང་། །གཡས་པས་མཆོག་སྦྱིན་ཕྱག་རྒྱ་དང་། །གཡོན་མས་མཉམ་བཞག་སྐྱིལ་ཀྲུང་བཞུགས། །ནུབ་དུ་མྱ་ངན་མེད་མཆོག་ནི། །སྐུ་མདོག་དམར་སྐྱ་ཞལ་གཅིག་དང་། །ཕྱག་གཉིས་མཉམ་བཞག་སྐྱིལ་ཀྲུང་བཞུགས། །བྱང་དུ་བདེ་གཤེགས་མཚན་ལེགས་དཔལ། །སྐུ་མདོག་སེར་པོ་ཞལ་གཅིག་དང་། །གཡས་པས་སྐྱབས་སྦྱིན་ཕྱག་རྒྱ་དང་། །གཡོན་མས་མཉམ་བཞག་ཕྱག་རྒྱ་མཛད། །དེ་ལྟར་བདེ་གཤེགས་བརྒྱད་པོ་ནི། །མཚན་དང་དཔེ་བྱད་སྐུ་ལ་སྤྲས། །གསུང་དབྱངས་ཡན་ལག་དྲུག་ཅུ་ལྡན། །ཤེས་བྱ་ཇི་ལྟ་ཇི་སྙེད་མཁྱེན། །འོད་ཀྱི་འཁོར་ལོས་མཛེས་པར་བྱས། །ཐམས་ཅད་ཆོས་གོས་ངུར་སྨྲིག་གསོལ། །རིན་ཆེན་ཁྲི་ཡི་ཟླ་གདན་སྟེང་། །སྐྱིལ་མོ་ཀྲུང་གི་བཞུགས་པའོ། །

དེ་ནས་ཡེ་ཤེས་པ་སྤྱན་དྲང་བར་བྱ། རང་ཉིད་གཙོ་འཁོར་རྣམ་གསུམ་གྱིས། །དཔྲལ་བ་མགྲིན་པ་ཐུགས་ཀ་ལ། །ཨོཾ་ཨྰཿ་ཧྰུྃ་ལས་འོད་འཕྲོས་པས། །ཕྱོགས་བཅུ་སངས་རྒྱས་སྲས་བཅས་དང་། །སྨན་བླ་བདེ་གཤེགས་བརྒྱད་པོ་ནི། །སྤྱན་དྲངས་མདུན་གྱི་ནམ་མཁའ་རུ། །གསེར་ཁྲི་པདྨ་གདན་སྟེང་དུ། །འགྲོ་ལ་བརྩེ་དགོངས་བཞུགས་སུ་གསོལ། །

དེ་ནས་སློབ་དཔོན་གྱིས་སྤོས་སྣེ་དང་བཅས་སྤྱན་དྲང་བར་བྱ།   མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མའི་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །འདི་མ་གྷ་རྡ་བཟང་མོའི་གསུང་ཡིན།

 དེ་ནས་གདན་དབུལ་བར་བྱ།   བདེ་བར་གཤེགས་པ་སྨན་གྱི་བླ། །ཚུལ་བྱོན་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་ཉེར་སྤྱོད་མཆོད་པར་བྱ།   ཨྃ་བྷེ་ཥ་ཛྱེ་ར་ཛ་ས་པ་རི་ཝྭ་ར་ཨརྒྷཾ་ཨ་ཧྰུྃ།   པྰ་དྱཾ་ཨ་ཧྰུྃ།   པུཥྤེ་ཨ་ཧྰུྃ།   དྷྰུ་པེ་ ཨ་ཧྰུྃ།   ཨྰ་ལོ་ཀེ་ཨ་ཧྰུྃ།   གནྡྷེ་ཨ་ཧྰུྃ།   ནེེ་ཝི་དྱེ་ཨ་ཧྰུྃ།   ཤབྟ་ཨ་ཧྰུྃ། 

དེ་ནས་བསྟོད་པ་དབུལ་བར་བྱ།  འགྲོ་ལ་ཐུགས་བརྩེ་སྙོམས་པའི་ལྷ། །མཚན་ཙམ་ཐོས་པས་ནད་ཀུན་གྱི། །སྡུག་བསྔལ་ལྷག་མེད་སེལ་མཛད་པའི། །སངས་རྒྱས་སྨན་བླར་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་རྒོལ་ངན་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་། །དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་གྲགས་རྒྱ་མཚོར་ཕྱག་འཚལ་ལོ། །ཟབ་དང་རྒྱ་ཆེན་དཔག་དཀའ་བའི། །ཤེས་བྱ་མ་ལུས་མངོན་གཟིགས་ནས། །ཆོས་ཀྱི་དབྱིངས་ལ་རོལ་མཛད་པའི། །མངོན་མཁྱེན་རྒྱལ་པོར་ཕྱག་འཚལ་ལོ། །ཉི་མ་སྟོང་ལས་ལྷག་པ་ཡི། །གཟི་བརྗིད་འབར་བའི་དྲི་མེད་སྐུ། །གསེར་ལྟར་ལྷང་ངེ་གསལ་མཛད་པའི། །གསེར་བཟང་དྲི་མེད་ཕྱག་འཚལ་ལོ། །གསུང་དབྱངས་དྲུག་ཅུའི་སྙན་པའི་སྒྲ། །ཐོས་ཙམ་ངལ་གསོལ་སྦྱིན་མཁས་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་གསུང་། །སྒྲ་དབྱངས་རྒྱལ་པོར་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་མཆོག་བརྙེས་པས། །འགྲོ་དྲུག་མགོན་པོ་ཉིད་གྱུར་ནས། །སྡུག་ཀུན་ཉེ་བར་ཞི་མཛད་པའི། །མྱ་ངན་མེད་ལ་ཕྱག་འཚལ་ལོ། །གང་གི་མཚན་ཉིད་ཐོས་པའི་མུར། །དད་པའི་མེ་ཏོག་ལེགས་རྒྱས་ནས། །ཆོས་ཀྱི་ཟེའུ་འབྲུ་སྨིན་མཛད་པའི། །མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །

དེ་ནས་དབང་ལྷ་སྤྱན་དྲང་བར་བྱ། སླར་ཡང་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱིས། །བུམ་ཆུས་སྤྱི་བོར་དབང་བསྐུར་བས། །སྐུ་གང་དྲི་མ་ཡོངས་སུ་དག །ལྷག་མ་ཡར་ལུད་གཙོ་བོ་ལ། །མི་བསྐྱོད་པ་དང་འཁོར་གཉིས་པོར། །གཙོ་བོ་ཉིད་ཀྱིས་དབུ་ལ་བརྒྱན། 

 དེ་ནས་སྔགས་ཕྲེང་སྒོམ་བཟླས་བྱ། ཐུགས་ཀར་ཟླ་སྟེང་ཧྰུྃ་ཡིག་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གྱི། །སྒྲིབ་གཉིས་མུན་སེལ་བྱིན་རླབས་ཀུན། །ཚུར་འདུས་ཐུགས་ཀའི་ཧྰུྃ་ལ་ཐིམ། །བདག་རྒྱུད་སྨན་བླ་རྒྱལ་པོ་དང་། །མཉམ་པའི་དངོས་གྲུབ་བསྩལ་ཏུ་གསོལ། །ཏཏྱཐྰ།  ཨོཾ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་མ་ཧྰ་བྷེ་ཥ་ཛྱེ་ར་ས་མུངྒ་ཏེ་སྭྰཧྰ། །ཞེས་སྔགས་ཐུང་འདི་ཅི་ནུས་སུ་གདོན་པར་བྱ།  

དེ་ནས་བུམ་པ་བསྒྲུབ་པར་བྱ།   མདུན་གྱི་མཎྜལ་དཀྱིལ་འཁོར་སྟེང་། །དུང་ཆུ་གང་བའི་མཆོད་ཡོན་དང་། །གཟུངས་ཐག་རྡོ་རྗེ་བཤམ་པ་ཡི། །ཅི་འབྱོར་མཆོད་པ་ཚར་དུ་དངར། །སྟོང་པའི་ངང་ལས་བྷྰུྃ་ཡིག་ལས། །རིན་ཆེན་བུམ་བཟང་སྣོད་ཡངས་ནང་། །པད་ཟླའི་སྟེང་དུ་ཧྲྰིཿཡིག་མཐར། །གཟུངས་སྔགས་ཕྲེང་བའི་རང་སྒྲ་སྒྲོག །རང་ཉིད་བཅོམ་ལྡན་སྨན་བླ་ཡི། །ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ནི། །གཟུངས་ཐག་བརྒྱུད་ནས་རིམ་གྱིས་སོང་། །དུང་ཆུར་ཕོག་པས་ཡར་ལུད་ནས། །བུམ་པའི་ནང་དུ་ལྷུང་བ་དང་། །ཡིག་འབྲུ་རྣམས་ལ་ཐིམ་པ་ལས། །བདུད་རྩིས་བུམ་པ་གང་བར་གྱུར། །

དེ་ནས་སློབ་དཔོན་ཀྱི་ཕྱག་གཡོན་མས་གཟུངས་ཐག་སྣེ་མོར་འཇུས་ནས་སྔགས་རིང་འདི་ཅི་ནུས་སུ་བཟླས་པར་བྱ།    ཨྃ་ན་མོ་བྷ་ག་ཝ་ཏེ་གུ་རུ་བྷེེཌཱུརྱ།   ཏ་ཐྰ་ག་ཏྰ་ཡ།   ཨརྷ་ཏེ་ས་མྱ་སཾ་བུངྡྷྰ་ཡ།   ཏཏྱཐྰ།   ཨོཾ་བྷེེ་ཥ་ཛྱེ་ བྷེ་ཥ་ཛྱེ་མ་ཧྰ་བྷེ་ཥ་ཛྱེ་ར་ཛ་ས་མུངྒ་ཏེ་སྭྰཧྰ། །ཞེས་སྔགས་རིང་འདི་གྲངས་མང་བཟླ་བར་བྱ།  

དུང་ཆོས་མཆོད་ཡོན་ཕུལ་བའི་མཐུས། །ཡིག་འབྲུ་སྟིམ་གྱིས་འོད་ཞུ་ནས། །བུམ་ཆུ་གཟུངས་སྔགས་ནུས་ལྡན་འདི། །བཏུང་བས་ནད་ཀུན་དག་གྱུར་ཅིག །

དེ་ནས་སྨན་བླའི་ལྷ་ཚོགས་ལ་གཏོར་མ་དབུལ་བར་བྱ།  རྣམ་པ་དག་པའི་སྣོད་བཟང་ནང་། །རོ་བརྒྱ་ལྡན་པའི་གཏོར་མ་དང་། །བཏུང་བར་བདུད་རྩིའི་རྒྱ་མཚོ་འདི། །ཡི་དམ་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་ཨཿ་ཧྰུྃ།  ཞེས་ལན་གསུམ་དང་།  ཨོཾ་སརྦ་ཏ་ཐྰ་ག་ཏ་ས་པ་རི་ཝ་ར་ཨོཾ་ཨ་ཀྰ་རོ་མུ་ཁཾ་སརྦ་དྷརྨ་ཎྰཾ། ཨྰདྱ་ནུ་ཏྤནྣ་ཏྭཏ། ཨོཾ་ཨྰཿ ཧྰུྃ་ཕཊ་སྭཧྰ། ཞེས་ལན་གསུམ་བརྗོད། ཨརྒྷཾ་ནས་ཤཔྟའི་བར་ཉེར་སྤྱོད་དང་བསྟོད་ཕྱག་དབུལ་བར་བྱ། འགྲོ་ལ་ཐུགས་བརྩེ་སྙོམས་པའི་ལྷ། །མཚན་ཙམ་ཐོས་པས་ནད་ཀུན་གྱི། །སྡུག་བསྔལ་ལྷག་མེད་སེལ་མཛད་པའི། །སངས་རྒྱས་སྨན་བླར་ཕྱག་འཚལ་ལོ།  །

དེ་ནས་ཆོས་སྲུང་ལ་མཆོད་བསྟོད་དབུལ་བར་བྱ།  ཧྰུྃ་དངོས་བཤམ་ཡིད་སྤྲུལ་སོགས་ཀྱིས་མཆོད།  སླར་ཡང་མཆོད་པ་ཁ་གསོས་ནས།    ཨརྒྷཾ ནས་ཤབྟའི་བར་དང་བསྟོད་པ་དབུལ་བར་བྱ།   བསྟོད་པ་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །

དེ་ནས་ཡིག་བརྒྱ་ལན་གསུམ་བཟླས་ནས་མཇུག་བསྡུ་བར་བྱ།    མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །བགྱིས་པ་དང་ཉིད་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། ། དེ་ནས་རྟེན་ཡོད་ན་རྟེན་བཞུགས་བྱ།   ཨོཾ། ཇི་སྲིད་འཁོར་བ་མ་སྟོང་བར། །དེ་སྲིད་རྟེན་དང་ལྷན་བཞུགས་ནས། །ཚེ་རིང་ནད་མེད་ལོངས་སྤྱོད་དང་། །མཆོག་གི་དངོས་གྲུབ་བསྩལ་ཏུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭྰཧྰ།   རྟེན་མེད་ན་ ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས་སུ་བྱ ། དམ་ཚིག་པ་རང་ལ་ཐིམ། །དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་སྨན་བླ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །

ཅེས་སྨན་བླའི་སྒྲུབ་ཐབས་འདི་བུམ་སྒྲུབ་ལེགས་པ་ཟིན་དུས་བུམ་ཆུ་བདུད་རྩིར་དམིགས་ནས་བཏུང་པ་དང་ལུས་བཀྲུ་བ་སོགས་བྱེད་ན་ནད་གདོན་བར་ཆད་ཞི་བ་དང་ཚེ་བསོད་དཔལ་འབྱོར་རྒྱས་ཤིང་།  གཤིན་པོའི་རུས་པ་དང་དུར་ཁྲོད་ཀྱི་ས་གཞི་སོགས་ལ་བུམ་ཆུ་འཐོར་ན་སེམས་ཅན་རྣམས་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་བྱང་བ་དང་།  བུམ་ཆུ་འབྲུ་དང་ཡུངས་དཀར་སོགས་ལ་འཐོར་ནས་རི་དྭགས་དང་འདབ་ཆགས་དང་ཆུའི་ནང་སྲོག་ཆགས་ལ་སྦྱིན་ན་དེ་རྣམས་བདེ་འགྲོར་སྐྱེ་བ་སོགས་གཟུངས་སྔགས་ཀྱི་ཕན་ཡོན་ཐོབ་པ་སྨན་བླའི་རྒྱུད་ལས་གསུངས་པ་ལྟར་ཉམས་སུ་བླང་བར་བྱ། སྒྲུབ་ཐབས་འདི་ནི་ལིའི་ཡེ་ཙིན་གྱིས་ནན་བསྐུལ་ལྟར་འགྲོ་མགོན་གངས་རི་ཀརྨའི་སྐྱེས་འཛིན་པ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་༢༠༠༩་ཟླ་བ་༡༡་ཚེས་༡༥་དབྱིན་ལེན་གྱི་ཤར་་ཕྱོགས་རྦུ་རེ་ཐེན་དུ་བྲིས་པའི་མཚན་མོའི་རྨི་ལམ་དུ་རྗེ་ཕག་གྲུ་དང་ཆོས་རྗེ་སྨར་པ་ཡིན་ཟེར་བའི་པཎ་ཞྭ་གྱོན་པ་གཉིས་ཕེབས་ནས་སྨན་བླའི་དབང་བསྐུར་བར་རྨིས་པ་སོགས་རྟགས་བཟང་པོ་བྱུང་བའི་སྒྲུབ་ཐབས་འདི་བྲིས་པའི་དགེ་འབྲས་སྨར་ཚང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག ། 

                                     སྒྲུབ་ཐབས་འདི་ཁྲིམས་མཐུན་གྱི་བདག་དབང་སྨར་ཚང་རྒྱལ་ཡོངས་ཚོགས་པ་ལ་ཡོད་པས་ཆོག་མཆན་མེད་པར་རང་དགའ་པར་བཤུ་དང་པར་བསྐྲུན་བྱ་མི་ཆོག །