དཀར་གསུམ་མངར་གསུམ་སོགས་གཙང་རྫས་ཅི་འབྱོར་གྱིས་ཕྱག་རྡོར་ལ་ཟླུམ་གཏོར་ནོར་བུའི་དབྱིབས་ཅན་ཞིག་བཞེང་། དམ་ཅན་ལ་གཏོར་མ་ཟུར་ལེབ་དམར་པོ་བཞེང་། ཤར་ལྷ་ཆེན་ཚངས་པའི་དཀར་གཏོར་དང་ལྷོར་གཤིན་རྗེ་རྨེ་རུ་རྩེའི་དམར་གཏོར་ཆུང་ངུ་རེ་རྩ་བའི་གཏོར་མའི་གཡས་གཡོན་དུ་བཤམ།

ནུབ་བདུད་ཆེན་ཡབ་རྗེ་དང་བྱང་བཙན་ཆེན་ཡབ་ཤུད་གཉིས་ཀྱི་དམར་གཏོར་རེ་རྩ་བའི་གཏོར་མའི་མདུན་རྒྱབ་ཏུ་བཤམ། མདུན་དུ་རའི་དབང་ལྔ་དང་ཆང་རག་ཇ་ཕུད་ཅི་འབྱོར་གྱིས་གསེར་སྐྱེམས་དང་ཉེར་སྤྱོད་མཆོད་པ་བཤམ་མོ།   

༄༅། །སྟོང་པའི་ངང་ལས་ཏྲྰིཿཡིག་ལས། །རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག།དབུས་སུ་ཕ་ཝཾ་ལོང་བུའི་མཁར། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོས། །འབྲུག་སྒྲ་དྲག་པོ་དང་བཅས་པས། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབས། །ཕྱི་ནས་རླུང་ནག་འཚུབས་མར་འཁྱིལ། །དེ་མཐར་ལྕགས་རི་ནག་པོས་བསྐོར། །དཀྱིལ་དུ་པད་ཉི་གདན་སྟེང་ལ། །ར་རྒོད་དང་ནི་སེང་གེ་བཅས། །སྟོབས་ལྡན་བཞོན་པ་ཆིབས་པའི་སྟེང་། །ཏྲྰིཿ ལས་དམ་ཅན་སྐྱེས་བུ་མཆོག སྐུ་མདོག་དམར་ནག་གཟི་བརྗིད་འབར། །ཁྲོས་པའི་ཞལ་གདངས་མཆེ་བ་གཙིགས། ལྗགས་དམར་གློག་ལྟར་ཁ་རླངས་འཐུལ། །དམར་ཟླུམ་ཁྲག་ཏུ་ཁོལ་བའི་སྤྱན། །གསུམ་པོ་སྡང་མིག་དགྲ་ལ་བལྟས། །ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུག །སྨ་ར་སྨིན་མ་མེ་ལྟར་འབར། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །ཕྱག་གཡོན་མགར་སྦུག་མེ་འབར་འཛིན། །དར་སྔོན་དར་དམར་འཇོལ་བེར་བཅས། །ལྷབ་ལྷུབ་མནབས་པའི་གོས་རྒྱན་མཛེས། །དབུ་ཞྭ་ཐང་ཞུ་དམར་པོའི་སྟེང། རྡོ་རྗེའི་ཏོག་དང་ལེ་བརྒན་བརྒྱན། །ཞབས་ལ་སག་ལྷམ་ཡུ་རིང་གསོལ། །རྣོ་བའི་འཁོར་གསུམ་སྐེད་ལ་རྟོད། །ཁྲོ་གཏུམ་རྔམ་པའི་འཇིགས་རུང་ཅན། །ལྟ་མི་བཟོད་པའི་ཚུལ་དུ་གནས། །ལྷ་ཆེན་ཚངས་པ་རྨེ་རུ་ཙེ། །ཡབ་རྗེ་ནག་པོ་ཡམ་ཤུད་དམར། །བཀའ་སྡོད་གིང་ཆེན་སྡེ་བཞིས་བསྐོར། །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཀྱིས། །རུ་འདྲེན་དམག་དཔུང་རུ་མཚོན་འཛིན། །མདུན་ན་ཟངས་ཀྱི་འཕར་བ་རྒྱུག །གཡས་ན་དྲེད་མོ་ལག་དཀར་རྡེབ། །གཡོན་ན་དོམ་བུ་སྙིང་དཀར་ངར། །རྒྱབ་ན་གཅན་སྤྱང་འུར་བ་སྒྲོག །ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་། །བཙན་འཁོར་འབུམ་ཕྲག་དགུ་བཅུ་དང་། །གཤིན་རྗེའི་འཁོར་གཡོག་འབུམ་ཕྲག་བརྒྱད། །གནས་གཙང་སྒེག་མོ་འབུམ་གྱིས་བསྐོར། །མ་རུང་དྲེགས་པ་སྡེ་བརྒྱད་ཀྱིས། །བསམ་མི་ཁྱབ་པའི་དམག་གི་དཔུང་། །བསྐོར་ཞིང་སྒྲུབ་པའི་སྐྱེས་བུ་ལ། །འཕྲིན་ལས་རབ་འབྱམས་ཐོགས་མེད་པ། །སྒྲུབ་པའི་ཚུལ་གྱི་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾཿ མགྲིན་པ་ཨྰཿ ཐུགས་ཀར་ཏྲྰིཿ རང་ཉིད་ཕྱག་རྡོར་གསལ་བའི་སྙིང་ཀའི་འོད་ཟེར་གྱིས་བསྐུལ་བས་རི་བོ་མ་ལ་ཡ། གཡའ་རི་གོང་གི་བྲག་ཕུག །ནུབ་ཕྱོགས་ཕ་ཝཾ་ལོང་བུའི་སྐུ་མཁར། བསིལ་ལྡན་གཡའ་མའི་སྒྲུབ་ཁང་སོགས་ནས་འཛམ་གླིང་སྐྱེས་བུ་ཆེན་པོ། ལྷ་སྲས་དགྲ་ལྷའི་རྒྱལ་པོ། དམ་ཅན་རྡོ་རྗེ་ལེགས་པ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པར་སྐད་ཅིག་གིས་སྤྱན་དྲངས།

དེ་ནས་ར་ཚིལ་དང་སྤོས་དཀར་གུ་ནག་སོགས་སྤོས་སྤྲིན་ཕུལ་ཞིང་ཌ་དྲིལ་རྔ་རོལ་དབྱངས་སྙན་དང་བཅས་སྤྱན་དྲང་བར་བྱ།

ཀྱེེཿ རྒྱལ་བ་ཤྰཀྱའི་བསྟན་པའི་སྲོལ། །སྲིད་པ་མཐར་ཡང་མ་སྟོང་བར། །མདོ་སྔགས་སྙིང་པོའི་རྒྱུད་སྲུང་

མཆོག །བསྟན་བདག་ཆེན་པོ་གཤེགས་སུ་གསོལ། །བཅོམ་ལྡན་ཕྱག་ན་བཛྲ་དང་། །རྡོ་རྗེ་འཆང་ཆེན་པདྨའི་དྲུང་། །བསྟན་པ་སྲུང་བར་བཀའ་བཞིན་དུ། །དགྲ་ལྷ་དམ་ཅན་གཤེགས་སུ་གསོལ། །ཉི་ཟླ་གཅིག་

ཏུ་བཟུང་ནུས་པའི། །གནམ་ས་གཉིས་ཀྱི་བདག་པོ་སྟེ། །སྲིད་གསུམ་དགྲ་འདུལ་སྐྱེས་གཅིག་པུ། །བདུད་

འདུལ་དམ་ཅན་གཤེགས་སུ་གསོལ། །དངོས་གྲུབ་འཕྲིན་ལས་སྒྲུབ་པའི་ལྷ། །བསྟན་པ་སྲུང་བའི་མཐུ་

སྟོབས་ཅན། །དམ་ཅན་རྡོ་རྗེ་ལེགས་པ་མཆོག །སྐད་ཅིག་དྲན་རྫོགས་གཤེགས་སུ་གསོལ། །རིན་ཆེན་

བརྩིགས་པའི་ཕོ་བྲང་དང་། །རིག་འཛིན་བཞུགས་པའི་གནས་མཆོག་ནས། །དམ་ཚིག་དབང་གིས་སྤྱན་

འདྲེན་ན། །སྐད་ཅིག་གནས་འདིར་ས་མ་ཛཿ

དེ་ནས་དམ་ཅན་ཆོས་དབྱིངས་དམ་ཚིག་གི་གདན་ལ་བཞུགས་སུ་གསོལ་བར་བྱ།

ཧྰུྃཿ དམ་ཚིག་འཛིན་པའི་དམ་ཅན་ལ། །འཁོར་དང་བཅས་པ་གནས་མཆོག་འདིར། །མགྲོན་དུ་འབོད་ལ་དགྱེས་པའི་ཚུལ། །ཆོས་དབྱིངས་ཀློང་དུ་བཞུགས་སུ་གསོལ། །པདྨ་ཀྰ་མ་ལ་ཡ་སྟཾ།

དེ་ནས་དམ་ཅན་ལ་དམ་ཚིག་གི་གཉེར་གཏད་བར་བྱ། བདུད་འདུལ་དམ་ཅན་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། བཅོམ་ལྡན་ཕྱག་ན་རྡོ་རྗེ། ཨུ་རྒྱན་དུས་གསུམ་སངས་རྒྱས།  མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་སོགས་སྙན་རྒྱུད་བསྟན་པའི་མངའ་བདག་རྣམས་ཀྱི་བཀའ་དང་དམ་ལས་མི་འདའ་བར་བསྟན་པ་སྲུངས་ཤིག །རྣལ་འབྱོར་པ་བདག་ཅག་འཁོར་བཅས་འཕྲིན་ལས་ཐོགས་མེད་དུ་སྒྲུབས་པར་མཛོད།

དེ་ནས་དམ་ཅན་ལ་ཕྱི་ནང་གི་མཆོད་པ་དབུལ་བར་བྱ། དམ་ཅན་འཁོར་དང་བཅས་པ་ལ་ཕྱི་མཆོད་རིན་ཆེན་རྣམ་ལྔ། ནང་མཆོད་བདུད་རྩི་རྣམ་ལྔ། གསང་མཆོད་སྨན་རཀ་གཏོར་གསུམ། ར་ཡི་དབང་པོ་ལྔ། སིལ་སྙན་གླུ་གར་རོལ་མོ་སོགས་དངོས་གཤམ་ཡིད་སྤྲུལ་གྱི་མཆོད་པ་དམ་པ་འབུལ་ལོ། །མཆོད་དོ། གསོལ་ལོ། འདྲེན་ནོ། བདག་ལ་མཐུ་དང་ལོངས་སྤྱོད་འཕྲིན་ལས་སྩོལ།

དེ་ནས་སྨན་རཀ་མཆོད་པ་ནི་རྡོ་དྲིལ་ལག་ཏུ་ཐོགས་ཤིང་གཡོན་མའི་མཐེ་སེན་རྩེ་ནས་ནང་མཆོད་དབུལ་བར་བྱ། བཅོམ་ལྡན་འོད་སྲུང་ཆེན་པོའི་ཞལ་དུ་ཨོཾ་ཨྰཿཧྰུྃ། གསང་བདག་ཕྱག་ན་བཛྲའི་ཞལ་དུ་ཨོཾ་ཨྰཿཧྰུྃ། མ་ཧྰ་གུ་རུ་ཆེན་པོའི་ཞལ་དུ་ཨོཾ་ཨྰཿཧྰུྃ། མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨྰཿཧྰུྃ། མ་ཧྰ་པཉྩ་ཨ་མྲི་ཏ་ཁ་རྃ་ཁྰ་ཧི། མ་ཧྰ་རཀྟ་ཁ་རྃ་ཁྰ་ཧི། མ་ཧྰ་བ་ལཾི་ཏ་ཁྰ་རྃ་ཁྰ་ཧི།

དེ་ནས་དམ་ཅན་ལ་བསྟོད་པ་དབུལ་བར་བྱ། ཧྰུྃཿ རང་བཞིན་དག་པའི་ཆོས་ཀྱི་ཀློང་། །སྨོན་ལམ་དབང་གིས་ཅིར་ཡང་ལྟོས། །དགྲ་ལྷ་རྡོ་རྗེ་ལེགས་པ་ལ། །བསྟན་པ་སྲུང་ཕྱིར་བདག་གིས་བསྟོད། །སྐུ་མདོག་དམར་ནག་རབ་ཏུ་ཁྲོས། །དགྲ་བོ་སྙིང་དམར་ཞལ་ལ་གསོལ། །དར་དམར་བེར་ཆེན་སྐུ་ལ་བརྒྱན། །སྒྲོལ་བྱེད་དཔའ་བོ་ཁྱོད་ལ་བསྟོད། །འཁོར་གསུམ་གོ་ཁྲབ་སྐུ་ལ་སྤྲས། །སེང་གེ་ར་རྒོད་ངེས་མེད་ཆིབས། །སྟོང་གསུམ་ཐོགས་མེད་ཡུད་ཀྱིས་བསྐོར། །རྫུ་འཕྲུལ་སྟོབས་ལྡན་ཁྱོད་ལ་བསྟོད། །མཚོ་སྐྱེས་རྒྱལ་བའི་སྤྱན་སྔ་རུ། །བསྟན་སྲུང་དམ་ཚིག་མནའ་ཡང་བསྐྱལ། །གསང་སྔགས་བསྟན་པ་གཉེར་མཛད་པ། །རིག་འཛིན་གཏེར་བདག་ཁྱོད་ལ་བསྟོད། །བཀའ་སྡོད་གིང་ཆེན་སྡེ་བཞི་དང་། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་བཅས། །རུ་འདྲེན་དཔུང་ཚོགས་འཁོར་གྱིས་བསྐོར། །དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད། །

དེ་ནས་བཟླས་སྔགས་དྲང་བར་བྱ། དགྲ་ལྷ་རྒྱལ་པོ་དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་ཀར་ཏྲྰི་ཡིག་གི་མཐར་སྔགས་ཀྱིས་བསྐོར་ཞིང་།རང་ཉིད་ཕྱག་རྡོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཐུགས་རྒྱུད་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ནས་ཅི་འདོད་འཕྲིན་ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབས་པར་གྱུར། ཨོཾ་བཛྲ་སྰ་དྷུ་ཏྲྰིཿཛཿཧྰུྃཿ

དེ་ནས་སྔགས་མཆོད་དབུལ་བར་བྱ། བཛྲ་སྰ་དྷུ་ས་པ་རི་ཝྰ་ར་ཨརྒྷཾ་ཨཿཧྰུྃ། པྰ་དྱཾ་ཨཿཧྰུྃ། པུཥྤེ་ཨྰཿཧྰུྃ། དྷུ་པེ་ཨྰཿཧྰུྃ། ཨྰ་ལོ་ཀེ་ཨྰཿ་ཧྰུྃ། གྷནྡྷེ་ཨྰཿཧྰུྃ། ནེེ་ཝི་དྱེ་ཨྰཿཧྰུྃ། ཤབྟ་ཨྰཿ་ཧྰུྃ།

 དེ་ནས་དྲིལ་བུ་དཀྲོལ་ལ་རྡོ་རྗེ་ཐོགས་བཞིན་གཡས་པས་ཐལ་མོ་སྙིང་ཀར་ཕྱར་ཏེ།

 ཏྲྰིཿ དྲན་ཙམ་དངོས་གྲུབ་ཆར་འབེབ་པ། །སྲིད་འདིར་ཁྲོ་བཟུང་མཐུ་རྩལ་ཅན། །མཆོད་ཡོན་མ་བུར་གཅེས་པ་བཞིན། །དམ་ཚིག་འཛིན་པ་ཁྱོད་ལ་བསྟོད། །དེ་ནས་བསྐང་རྫས་བྱིན་རླབས་གདོན་པར་བྱ། རཾ་ལས་མེ་བྱུང་མ་དག་སྐྱོན་རྣམས་སྲེག །ཡཾ་ལས་རླུང་བྱུང་མ་དག་སྐྱོན་རྣམས་གཏོར། །ཁཾ་ལས་ཆུ་བྱུང་མ་དག་སྐྱོན་རྣམས་བཀྲུས། །སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་གྱུར། །དེ་ནས་རྔ་རོལ་དབྱངས་དང་བཅས་ཏེ་བསྐང་གསོ་གདོན་པར་བྱ། ཧྰུྃཿ བཅོམ་ལྡན་འོད་སྲུང་གསང་བདག་དང་། །ཨུ་རྒྱན་བཀའ་ཉན་ཕོ་ཉ་ཅན། །རང་བཞིན་དབྱིངས་ལས་མ་འདས་ཀྱང་། །ཆོས་སྐུ་ཀློང་དུ་བཞེངས་སུ་གསོལ། །ཞིང་ཆེན་བླ་བྲེ་མི་ལྤགས་དང་། །དྲྭ་ཕྱེད་བ་དན་ལྡེམ་སེ་ལྡེམ། །དུང་གི་སྒྲ་སྙན་སི་ལི་ལི། །འབུལ་བར་དམ་ཅན་ཐུགས་དམ་བསྐང་། །སུག་བཞིའི་བང་འགྲན་ཟླ་བྲལ་བ། །ར་རྒོད་ཁ་ཁྱུད་ཉིལ་ལི་ལི། །ར་སྐད་སྙན་པོ་ཚེ་ལི་ལི། །ཆིབས་ར་འབུལ་བར་ཐུགས་དམ་བསྐང་། །རི་དྭགས་མ་ལུས་གཙུག་གི་ཏོག །གཅིག་པུ་འཛིན་པའི་གཡུ་རལ་ཅན། །སེང་གེ་དཀར་མོ་ཞོན་པར་ཕུལ། །ཁྲོ་རྒྱལ་དམ་ཅན་ཐུགས་དམ་བསྐང་། །ཐང་ཞུ་དམར་པོར་རྡོ་རྗེའི་ཏོག །ལེབ་བརྒན་བརྒྱན་པའི་རྨོག་ཞྭ་ལ། །རིན་ཆེན་གཉིས་པའི་ཞྭ་ཐག་དུད། །དབུ་ལ་འབུལ་བར་ཐུགས་དམ་བསྐང་། །གསེར་གྱི་རྡོ་རྗེ་རྩེ་དགུ་དང་། །མགར་སྦུག་དང་ནི་ཙིཏྟ་སོགས། །ཕྱག་མཚན་མ་ལུས་ཀུན་བྱིན་པས། །ལྷ་སྲས་དམ་ཅན་ཐུགས་དམ་བསྐང་། །བསུ་མ་འབུམ་གྱི་ར་བའི་དཀྱིལ། །ཅང་ཤེས་རྟ་དམག་ཆིབས་སེ་ཆིབས། །གོ་ཁྲབ་དར་དམར་ཆི་ལི་ལི། །སྤྱན་འབུལ་དགྲ་ལྷ་ཐུགས་དམ་བསྐང་། །རྒྱན་ཆ་ཀླུབ་པའི་སྒེག་མོ་འབུམ། །ཕྱག་ན་མཆོད་ཆང་བསིལ་ལི་ལི། །རིན་ཆེན་དར་གྱིས་བཏེགས་སེ་བཏེགས། །འབུལ་བར་དམ་ཅན་ཐུགས་དམ་བསྐང་། །ཁྲ་ཚོགས་སྤྲུལ་པའི་ཐོད་བཟང་དང་། །བྷ་ལཾི་ཏ་དང་སྨན་རཀ་བཅས། །ཁྲག་ཞག་ཅི་འདོད་དངོས་གཤམ་འདི། །དཔའ་ཆེན་དམ་ཅན་ཐུགས་དམ་བསྐང་། །དགོས་འདོད་ཀུན་འབྱུང་མ་རྨོས་འབྲས། །སྟོང་གསུམ་བཀང་སྟེ་མདུན་ལ་དྲངས། །བཀའ་སྲུང་དམ་ཅན་འཁོར་བཅས་ཀྱིས། །དགྱེས་ཤིང་བཞེས་པའི་ཐུགས་དམ་བསྐང་། །ཆང་དང་སྦྱར་བའི་སྦྲང་རྩིའི་རྫས། །ཟག་མེད་མཆོད་གཏོར་རི་རབ་ཙམ། །སྐྱེས་མཆོག་དམ་ཅན་ཆེན་པོ་ལ། །འབུལ་བར་ཡོངས་བཞེས་ཐུགས་དམ་བསྐང་། །གདུགས་དང་གསེར་མིག་བུམ་པ་བཟང་། །བསུང་ཞིམ་ཆུ་སྐྱེས་ཆོས་དུང་དང་། །པ་ཊ་རྒྱལ་མཚན་ཆོས་ཀྱི་འཁོར། །རྟགས་བརྒྱད་འབུལ་བར་ཐུགས་དམ་བསྐང་། །བདག་པོས་བཟུང་དང་མ་བཟུང་བའི། །འདབ་སྟོང་རྒྱས་པའི་ཆུ་སྐྱེས་ཀྱི། །ཟེའུ་འབྲུ་གེ་སར་མཛེས་པ་ཀུན། །སྤྱན་འབུལ་བསྟན་སྲུང་ཐུགས་དམ་བསྐང་། །རྐང་དྲུག་བུང་བའི་སྦྲང་རྩི་དང་། །བུ་རམ་འོ་མ་ཀ་ར་སོགས། །དངོས་བཤམ་ཡིད་སྤྲུལ་འབུལ་བ་ཡིས། །བཛྲ་ལེགས་པ་ཐུགས་དམབསྐང་། །འཇེབས་གླུ་ལེན་པའི་ཁུ་བྱུག་དང་། །སྤུ་སྡུག་བཀྲ་ཞིང་གཤོག་སྒྲོ་ཡིས། །ལྡིང་གར་རྩེན་པའི་འདབ་ཆགས་ཀྱི། །རིགས་ཀུན་འབུལ་བར་ཐུགས་དམ་བསྐང་། །མ་རྒད་ཞུན་མའི་ལན་བརྒྱ་ཡིས། །བྱུགས་འདྲའི་ལྗང་མདོག་ཡངས་པོ་རུ། །ཨ་ཟས་འབྲི་དང་འབྲོང་གཡག་ལུག །ཕྱུགས་རིགས་འབུལ་བར་ཐུགས་དམ་བསྐང་། །ལྷ་ཡི་བ་གླང་དམར་ཟར་དང་། །ས་བརྟོལ་ལྗོན་པའི་ཡལ་འདབ་ལས། །དུད་པའི་འབྲས་བུ་དཔག་ཏུ་མེད། །གུས་འབུལ་ནོར་ལྷ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཞིག་དངོས་གྲུབ་སྩོལ། །བར་ཆད་སེལ་ཞིག་འཕྲིན་ལས་སྒྲུབས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཅི་བསམ་རེ་བསྐུལ་བསྒྲུབ་པར་མཛོད། །

དེ་ནས་དམ་ཅན་ལ་བཤགས་པ་དབུལ་བར་བྱ།ཧྰུྃ འོད་གསལ་གདོད་མའི་དྲི་བྲལ་ཆོས་དབྱིངས་སུ། །འཁྲུལ་སྣང་འདམ་རྫབ་ལྗིད་པའི་སེམས་ཅན་གྱིས། །རྣམ་འདྲེན་རིམ་བྱོན་རྒྱལ་སྲས་དགོངས་པའི་དོན། །མི་ཤེས་རྨོངས་ལས་ཅི་བགྱིས་མཐོལ་ལོ་བཤགས། །ཀ་དག་གསང་ཆེན་ཐེག་པའི་ལམ་གྱི་གཞི། །སློབ་དཔོན་ལ་སྨོད་རྩ་སྲུང་བཅུ་བཞི་དང་། །ལྷག་ལྟུང་ཡན་ལག་ཉམས་པའི་འགལ་འཁྲུལ་ཀུན། །རིག་འཛིན་བརྒྱུད་པའི་མདུན་སར་མཐོལ་ལོ་བཤགས། །བསླབ་ཐོས་བྱ་བ་བསམ་གཏན་འཁོར་ལོ་དང་། །སྨིན་གྲོལ་གསང་ཆེན་ཡོ་གའི་འཁོར་ལོ་གསུམ། །བདེན་བཞི་གསེར་གྱི་ཡུ་བར་འཇུས་བཞིན་དུ། །ཆོས་འཁོར་བསྐོར་ལ་སྨད་པ་མཐོལ་ལོ་བཤགས། །མཐུ་དཔུང་རྫུ་འཕྲུལ་རླུང་གི་གཤོག་རྩལ་གྱིས། །འཕུར་ལྡིང་ལམ་ཙམ་བགྱིད་ཚེ་སྲིད་གསུམ་གནས། །སྐད་ཅིག་བསྐོར་བའི་ཆོས་སྲུང་དམ་ཅན་ལ། །སྐུར་བ་འདེབས་པར་སྙིང་ནས་མཐོལ་ལོ་བཤགས། །མི་ཤེས་རྨོངས་བརྟུལ་བདག་གིས་དུས་འདིར་བར། །གོང་མའི་ལམ་སྲོལ་ལྗོན་པའི་སྡོང་པོ་ཀུན། །རིང་དུ་འདོར་ཞིང་ཡལ་གར་འཁྲི་བའི་སྐྱོན། །ཉེས་ཤེས་བཟོད་ཕུལ་སྙིང་ནས་མཐོལ་ལོ་བཤགས། །

དེ་ནས་གསེར་སྐྱེམས་དབྱངས་རོལ་དང་བཅས་དབུལ་བར་བྱ། ཧྰུྃ བདེ་ཆེན་སྒྱུ་མའི་ཕོ་བྲང་ནས། །གསང་བདག་འཁོར་བཅས་སྤྱན་འདྲེན་བྱོན། །འདོད་ཡོན་གསེར་སྐྱེམས་གཙང་མ་བཞེས། །བདག་ཅག་ཡོན་མཆོད་འཕྲིན་ལས་མཛོད། །ཟངས་མདོག་དཔལ་རི་ཕོ་བྲང་ནས། །ཨུ་རྒྱན་དུས་གསུམ་སངས་རྒྱས་བྱོན། །འདོད་ཡོན་གསེར་སྐྱེམས་གཙང་མ་བཞེས། །བདག་ཅག་ཡོན་མཆོད་འཕྲིན་ལས་མཛོད། །ཕ་ཝཾ་ལོང་བུའི་སྐུ་མཁར་ནས། །དགྲ་ལྷ་དམ་ཅན་ཆེན་པོ་བྱོན། །འདོད་ཡོན་གསེར་སྐྱེམས་གཙང་མ་བཞེས། །བདག་ཅག་ཡོན་མཆོད་འཕྲིན་ལས་མཛོད། །གཡའ་རི་གོང་གི་ཕོ་བྲང་ནས། །སེང་ཆེན་དཔའ་བོ་ལེགས་པ་བྱོན། །འདོད་ཡོན་གསེར་སྐྱེམས་གཙང་མ་བཞེས། །བདག་ཅག་ཡོན་མཆོད་འཕྲིན་ལས་མཛོད། །བསིལ་ལྡན་གཡའ་མའི་སྒྲུབ་ཁང་ནས། །བཀའ་སྲུང་རྡོ་རྗེ་ལེགས་པ་བྱོན། །འདོད་ཡོན་གསེར་སྐྱེམས་གཙང་མ་བཞེས། །བདག་ཅག་ཡོན་མཆོད་འཕྲིན་ལས་མཛོད། །

དེ་ནས་གཏོར་མ་དབུལ་བར་བྱ། དམ་ཅན་རྡོ་རྗེ་ལེགས་པའི་འཁོར་དང་བཅས་པ་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ནས་གསོལ་བར་གྱུར། །ཨོཾ་བཛྲ་སྰ་དྷུ་ཏྲྰིཿཛ་ས་མ་ཡ་ས་པ་རི་ཝྰ་རི་ཨི་དམ་བྷ་ལིངྟ་ཁ་ཁ་ཁྰ་ཧི་ཁྰ་ཧི། །

ཞེས་ལན་གསུམ་གྱིས་དབུལ་བར་བྱ། དེ་ནས་ཉེར་སྤྱོད་མཆོད་པར་བྱ།

བཛྲ་སྰ་དྷུ་ས་པ་རི་ཝྰ་ར་ཨརྒྷཾ་ནས་ཤབྟ་བར།

དེ་ནས་ཡང་ཌ་དྲིལ་བྱ། ཆོས་དབྱིངས་དག་པའི་སྣོད་བཟང་ནང་། །ཟག་མེད་ཡེ་ཤེས་གཏོར་མ་ཕུལ། །ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་། །ནང་མཆོད་བདུད་རྩི་རྣམ་ལྔ་ཕུལ། །དངོས་དང་ཡིད་སྤྲུལ་དཔག་མེད་དཀྱིལ། །ར་ཡི་དབང་པོ་རྣམ་ལྔ་དྲངས། །སྐྱེས་བུ་ཆེན་པོས་ཧུབ་ཀྱིས་བཞེས། །བཞེས་ནས་བཅོལ་བའི་འཕྲིན་ལས་མཛོད། །

དེ་ནས་འཕྲིན་ལས་བཅོལ་བར་བྱ། ཧྰུྃ རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་སྤུངས་པའི་མགོན། །ཁྲག་འཐུང་ཆེན་པོའི་རྣམ་རོལ་ཚུལ་འཛིན་པའི། །དམ་ཅན་ཁྱོད་ཀྱིས་ཤྰཀྱའི་རིང་ལུགས་ཉིད། །གཅེས་འཛིན་བགྱིས་པའི་བུ་ལ་འཕྲིན་ལས་མཛོད། །འདྲེན་མཆོག་རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །དམ་ལ་བཅས་པའི་བཀའ་དོན་ཕོ་ཉ་ཞེས། །རྡོ་རྗེ་གསུང་གིས་དབུགས་དབྱུང་མཛད་པའི་དཔལ། །དགྲ་འདུལ་དམ་ཅན་སྐྱེས་བུས་འཕྲིན་ལས་མཛོད། །བརྗོད་བྲལ་བདེ་ཆེན་རྡོ་རྗེ་ཐེག་པ་དང་། །བསམ་གཏན་བྱ་བ་ལས་ཀྱི་འཁོར་ལོ་གསུམ། །འཆད་ཅིང་སྒྲུབ་པའི་རྣལ་འབྱོར་འཁོར་བཅས་ལ། །དམ་ཅན་ནོར་ལྷ་རྒྱལ་པོས་འཕྲིན་ལས་མཛོད། །ལྷ་ཁྱོད་མཐུ་སྟོབས་ཆུ་འཛིན་ཡོལ་བའི་དཀྱིལ། །མཆོག་དང་ནོར་གྱི་དངོས་གྲུབ་སྦྲང་ཆར་འཇོ། །མི་ཟད་དཔག་སྟེར་ལོངས་སྤྱོད་ཚེ་རིང་དང་། །ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་མཛོད། །མདོར་ན་མི་མཐུན་འཕྲལ་ཕུགས་རྒུད་ཚོགས་ཀུན། །མྱུར་དུ་སྲབ་ཅིང་བདེ་དགའ་རྒྱ་མཚོའི་ངོས། །རྟག་ཏུ་འཚོ་བའི་རླབས་ཕྲེང་འཕྱུར་བཞིན་དུ། །མ་གཡེང་བཛྲ་ལེགས་པས་བྱ་ར་མཛོད། །མཇུག་མཆོད་ནི། དམ་ཅན་ནོར་ལྷ་ཆེན་པོ་ཟག་མེད་ཡེ་ཤེས་ཀྱི་བཅུད་ལ་རོལ་ཞིང་བདག་གིས་བཅོལ་བའི་དོན་ཐོགས་མེད་དུ་སྒྲུབས་པར་མཛོད། བཛྲ་སྰ་དྷུ་ས་པ་རི་ཝྰ་ར་ཨརྒྷཾ་ནས་ཤབྟ་བར་མཆོད་བར་བྱ། ཏྲྰིཿ དྲན་ཙམ་དངོས་གྲུབ་ཆར་འབེབས་པ། །སྲིད་འདིར་ཁྲོ་བཟུང་མཐུ་རྩལ་ཅན། །མཆོད་ཡོན་མ་བུར་གཅེས་པ་བཞིན། །དམ་ཚིག་འཛིན་པ་ཁྱོད་ལ་བསྟོད། །

དེ་ནས་ལྷག་ཆད་ཁ་གསོ་བར་བྱ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །བགྱིས་པ་དང་ཉིད་བགྱིད་བརྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །

རྟེན་ཡོད་ན། ཨོཾ ཇི་སྲིད་འཁོར་བ་མ་སྟོང་བར། །དེ་སྲིད་རྟེན་དང་ལྷན་བཞུགས་ནས། །ཚེ་རིང་ནད་མེད་

ལོངས་སྤྱོད་དང་། །མཆོག་གི་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭྰ་ཧྰ།

རྟེན་མེད་ན།གཏོར་མགྲོན་གྱི་ཡེ་ཤེས་པ་འོད་ཀྱི་རང་གནས་སུ་གཤེགས། དམ་ཚིག་པ་རང་ལ་གཉིས་མེད་དུ་ཐིམ་པར་གྱུར། །དེ་ནས་བཀྲ་ཤིས་བརྗོད་པར་བྱ། སྟོན་མཆོག་ཐུབ་པ་བདེ་གཤེགས་ལ། །དགྲ་བཅོམ་སྟོང་དང་སེམས་དཔས་བསྐོར། །ཡུལ་ཁམས་འདི་ཉིད་མ་སྟོང་བར། །དགེ་འདུན་དར་བའི་བཀྲ་ཤིས་ཤོག །ཟབ་མོ་ལྟ་བའི་རྒྱུད་པ་དང་། །རྒྱ་ཆེན་སྤྱོད་པའི་རྒྱུད་པ་གཉིས། །རྣལ་འབྱོར་ཉམས་ཀྱི་རྒྱུད་པ་གསུམ། །མི་ནུབ་འབར་བའི་བཀྲ་ཤིས་ཤོག །རྒྱུད་གསུམ་སྨིན་པའི་རྣལ་འབྱོར་པ། །ཆོས་ལོངས་སྤྲུལ་གསུམ་དབྱིངས་སུ་འཐིམ། །འཇའ་ལུས་བདེ་ཆེན་འོག་མིན་ཞིང་། །རྟེན་འདིར་མཇལ་བའི་བཀྲ་ཤིས་ཤོག །རྣལ་འབྱོར་བདག་གི་རྒྱུད་འཛིན་ལ། །བཀའ་ཡི་ཕོ་ཉ་མིག་གཅིག་པུ། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཀུན། །ལུས་བཞིན་འགྲོགས་པའི་བཀྲ་ཤིས་ཤོག །ཅེས་སྐུ་གོང་མའི་ཆོས་སྲུང་རྡོར་ལེགས་འདི་གསོལ་མཆོད་དགོས་ཚུལ་མོ་རྩིས་སྐྲ་ཕབ་བྱེད་དོ་ཅོག་མགྲིན་མཐུན་པ་ལྟར་དགེ་བཤེས་ལྷ་རམས་པ་ངག་དབང་མཆོག་ལྡན་གྱིས་ཀྱང་ནན་བསྐུལ་མཛད་པས་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༣་རང་ལོ་སུམ་ཅུ་སོ་དགུ་སོན་པའི་ཆུ་མོ་ལུག་ལོའི་ཟླ་བ་༤་ཚེས་༡༣་ཐེ་ཝན་དུ་མཇུག་རྫོགས་པར་བྲིས་སོ། །            

                                                            བསྐང་གསོ་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་པར་བཤུ་མི་ཆོག །