༄། །སྤྱིར་ཤ་ཆང་བདུད་རྩིར་བསྒྱུར་ནས་མཆོད་པ་ཕུལ་བར་རྣལ་འབྱོར་སྤྲོས་བྲལ་ཞིག་གི་ཆ་ལུགས་ཡིན་པས་ལེགས་མོད་། འོན་ཏེ་ཐལ་མ་བའི་སྣང་ཞེན་ལིང་ངེ་ཡོད་མཁན་གྱིས་དེ་བཞིན་བྱེད་ན་ལྷ་ལ་དམར་མཆོད་ཕུལ་བའི་ཉེས་སྐྱོན་དང་བསྟན་པའི་མཚན་ཤད་འགྲོ་ངེས་པས་སྨན་ལྔ་འབྲུ་ལྔ་དང་རིན་ཆེན་ཕྱེ་མ།

དཀར་གསུམ་མངར་གསུམ་སོགས་བསྲེས་བརྫིས་ཀྱི་གཏོར་མ་བྱ། ཡི་དམ་རྡོ་རྗེ་རྣལ་འབྱོར་མ་དང་འབྱུང་འདུལ་གང་རུང་གི་གཏོར་མ་གཡས་སུ་བཤམ། གཡོན་དུ་དུད་སོལ་མའི་གཏོར་མ་གྲུ་གསུམ་དམར་ནག་ཅིག་བཤམ། དེའི་མདུན་རྒྱབ་ལ་བཞི་རེ་དང་གཡས་གཡོན་ལ་གཉིས་རེ་བཅས་འཁོར་མ་མོ་བཅུ་གཉིས་ལ་གཏོར་ཆུང་ཟུར་ལེབ་བཅུ་གཉིས་བཤམ།  སྨན་རཀྟ་དང་ཉེར་སྤྱོད་མཆོད་པ་དང་ཚོགས་རྫས་ཅི་འབྱོར་བཤམ།  སློབ་དཔོན་མདུན་དུ་ནང་མཆོད་རྡོར་དྲིལ་དང་ཌ་རུ་འབྲུ་ཕོར་བཅས་བཤམ་པ་བྱའོ།། 

༄༅། །བྷྱོཾཿ བདེ་སྟོང་ཆོས་དབྱིངས་ནམ་མཁའི་ཕོ་བྲང་ན། །རཀྟའི་དམར་སེར་རྒྱ་མཚོ་འཁྱིལ་བའི་ཀློང་། །ཡེ་ཤེས་རང་སྣང་སྤྲུལ་པའི་དུར་ཁྲོད་དུ། །སྣ་ཚོགས་རིན་ཆེན་སྤུད་པའི་ཁང་བཟང་དབུས། །པདྨ་འདབ་བརྒྱད་ཉི་མའི་གདན་སྟེང་དུ། །མྱུར་མགྱོགས་ཅང་ཤེས་བོང་བུ་གྭ་པ་ལ། །གཟིག་ལྤགས་སྟན་དང་སྲིན་མིག་སྒ་ལ་སྤྲས། །དེ་སྟེང་སྟོང་སངས་བྷྱོཾཿཡིག་ཡོངས་གྱུར་ལས། །ཉོན་མོངས་འདྲེ་གདོན་མ་ལུས་བཅོམ་ཕྱིར་དུ། །མཐུ་སྟོབས་སྒྱུ་འཕྲུལ་སྣ་ཚོགས་སྟོན་མཛད་པའི། །ཆར་སྤྲིན་མདོག་ལྟར་རབ་མཛེས་བརྗིད་པའི་སྐུ། །དཔལ་ལྡན་དུད་སོལ་ལྷ་མོ་འདོར་སྟབས་བཞུགས། །ཁྲོས་པས་ཚུལ་གྱི་ཞལ་གདངས་མཆེ་བ་གཙིགས། །ལྗགས་འདྲིལ་བསྟན་དགྲའི་གཟུགས་ལ་རྔམ་བཞེས་ནས། །དུག་གསུམ་འདུལ་ཕྱིར་སྤྱན་གསུམ་དབྱིངས་སུ་གདངས། །རིགས་ལྔའི་གོ་ས་ཐོད་སྐམ་དབུ་ལ་རྒྱན། །དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བརྫེས། །རྨ་བྱའི་མདོངས་སྒྲོ་ཞིང་ཆེན་སྟོད་ལ་སྤྲས། །སྟག་ལྤགས་ཤམ་ཐབས་སྐུ་སྨད་རྒྱན་དུ་སྤུད། །ཕྱག་བཞི་དང་པོས་ཀུན་རྟོག་ཐོད་ཁྲག་བཟུང་། །གཡོན་མས་ཡེ་ཤེས་མེ་ཕུར་ཐུར་དུ་འཕྱང་། །འོག་མའི་གཡས་ཀྱིས་ཤེས་རབ་རལ་གྲི་འཕྱར། །གཡོན་མས་ཁ་ཊྭཾ་ཐབས་མཆོག་གདེང་མཁར་བསྟན། །ལས་བཞིའི་འཕྲིན་ལས་བདག་མོ་དུད་སོལ་མར། །སྤྲིན་གཞོན་ལྷ་མོ་བརྒྱད་ཀྱིས་མཁའ་ནས་བསྐོར། །དཔུང་བཞི་རུ་མཚོན་ས་གཞིར་རྡུལ་འཚུབས་འཕྱུར། །ཀླུ་ཆེན་བརྒྱད་ཀྱིས་འདོད་དགུ་ཕྱག་གིས་བཏེགས། །མ་མོ་བཅུ་གཉིས་སྤྲུལ་པ་འབུམ་གྱིས་བསུ། །སྐད་ཅིག་མགྲོན་དུ་འབྱོན་ལ་ཉེ་བར་བཞུགས། །དེ་ཡི་དཔྲལ་བ་ཨོཾཿ མགྲིན་པ་ཨྰཿ ཐུགས་ཀར་བྷྱོཾཿ རང་ཉིད་ཡི་དམ་གསལ་བའི་སྙིང་ཀའི་འོད་ཟེར་གྱིས་ཐུགས་རྒྱུད་བསྐུལ་བས་བྱང་ཤར་འཇིག་རྟེན་སྤྲུལ་པའི་དུར་ཁྲོད། །དུང་ལོ་འབར་བའི་གཡུ་མཚོ། ཕུ་ལ་ཧ་རིའི་གནས་མཆོག ཞང་རི་བོའི་ཕོ་བྲང་། །དཔལ་བཀྲ་ཤིས་ཤོ་དགོན་གྱི་གཙུག་ལག་ཁང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས། ས་བརྒྱད་ཐོབ་པའི་སེམས་མ། བསྟན་དགྲ་བཅོམ་པའི་དཔའ་མོ། ལུས་བཞིན་འགྲོགས་པའི་ཕོ་ཉ། དཔལ་ལྡན་འདོད་ཁམས་ཀྱི་བདག་མོ་དུད་སོལ་མའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས། དེ་ནས་གུ་ནག་སོགས་དྲི་ཞིམ་སྤོས་བསང་ཕུལ་ཅིང་རྔ་རོལ་ཌ་དྲིལ་དང་རྡུང་འབུད་ཅི་འབྱོར་གྱིས་སྤྱན་དྲངས་པ་ནི། བྷྱོཾཿ། །དུས་གསུམ་བདེ་གཤེགས་ཐུབ་དབང་རྡོ་རྗེ་འཆང་། །བཀའ་སྲོལ་དྲི་མེད་མདོ་རྒྱུད་ལུགས་བཟང་འདི། །སྲིད་གསུམ་སྤེལ་མཁས་སྐྱེས་བུའི་མགོན་གཅིག་པུ། །ལྷ་མཆོག་དུད་སོལ་རྒྱལ་མོ་གཤེགས་སུ་གསོལ། །གསང་ཆེན་མན་ངག་གནད་ཀུན་གཅིག་བསྡུས་པའི། །དགྲ་བཅོམ་ཏེ་ལོ་པཎ་ཆེན་ནྰ་རོའི་གཞུང་། །རྒྱུད་འཛིན་ཆོས་སྲུང་ཞལ་བཞེས་དུད་སོལ་མ། །བྱང་ཤར་དུར་ཁྲོད་ཚལ་ནས་གཤེགས་སུ་གསོལ། །འགྲོ་མགོན་མར་མི་དྭགས་གསུམ་སྙན་བརྒྱུད་ཀྱི། །ཟབ་ཆོས་བརྒྱད་ལྡན་ལྟ་སྤྱོད་གཙང་མའི་སྲོལ། །སྲི་ཞུ་གཉེར་སྐྱོང་དཔལ་ལྡན་དུད་སོལ་མ། །ཕུ་ལ་ཧ་རི་གནས་ནས་གཤེགས་སུ་གསོལ། །ལུང་རྟོགས་བསྟན་པ་གཅེས་འཛིན་བྱས་པའི་བུར། །མི་མཐུན་དགུ་ཚོགས་ལྷག་མེད་ཉེར་བཅོམ་པའི་། །ཡེ་ཤེས་སྤྱན་ལྡན་བཀའ་སྲུང་དུད་སོལ་མ། །ཞང་ཞུང་རི་བོའི་གནས་ནས་གཤེགས་སུ་གསོལ། །འདོད་ཁམས་དབང་ཕྱུག་དུད་སོལ་ལྷ་མོ་ཀྱེེ། །སྨར་ཚང་ཉམས་གུད་གསོ་བའི་དུས་མཁྱེན་ནས། །མགོན་དཔུང་ལུང་བསྟན་དམ་ཚིག་རྡོ་རྗེ་བཞིན། །སྤྱན་འདྲེན་ཡུལ་འདིར་དགྱེས་ཤིག་ས་མ་ཛཿ ྆ ཨོཾ་ཧྰུྃ་ཤྲྰི་ཡ་དེ་ཝྰི་ཀྰ་ལྰི་ཀྰ་ལྰི་མ་ཧྰ་ཀྰ་ལྰི་ཧྰུྃ་བྷྱོཾཿཧྲྰུྃ་ཛཿས་པ་རི་ཝྰ་ར་བཛྲ་ས་མ་ཡ་ཛཿཛཿ ྈ དེ་ནས་ལྷ་མོ་དམ་ཚིག་གི་གདན་ལ་བཞུགས་སུ་གསོལ་བ་ནི།

ཧྲྰུྃ། །རྫུ་འཕྲུལ་གློག་ལྟར་མྱུར་མགྱོགས་དུད་སོལ་མ། །མགྲོན་བསུ་གཡོག་འཁོར་འབུམ་གྱིས་རུ་བསྒྲིགས་ནས། །ཆོས་དབྱིངས་འགྱུར་མེད་དམ་ཚིག་གདན་འདི་ལ། །འཁོར་བཅས་དགྱེས་བརྩེ་ཆེན་པོས་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་ལྷ་མོར་དམ་ཚིག་གིས་གཉེར་གཏད་པ་ནི།

དཔལ་ལྡན་དུད་སོལ་རྒྱལ་མོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་རྣལ་འབྱོར་མ། གྲུབ་ཆེན་ཏེ་ལོ་པ། པཎ་ཆེན་ནྰ་རོ་པ། སྒྲ་བསྒྱུར་མར་པ། སངས་རྒྱས་མི་ལ། མཉམ་མེད་དྭགས་པོ། བདེ་གཤེགས་ཕག་གྲུ། ཆོས་རྗེ་སྨར་པ་སོགས་སྒྲུབ་བརྒྱུད་བསྟན་པའི་སྲོལ་འཛིན་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མི་འདའ་བ་བསྟན་པ་སྲུངས་ཤིག །ཁྱད་པར་དུ་སྨར་ཚང་གི་བསྟན་འཛིན་སྦྱིན་བདག་འཁོར་བཅས་འཕྲིན་ལས་ཐོགས་མེད་དུ་སྒྲུབས་པར་མཛོད། །དེ་ནས་ལྷ་མོ་ལ་ཕྱི་ནང་གི་མཆོད་པ་ཕུལ་བ་ནི། ཧྰུྃ ། །དངོས་བཤམ་ཡིད་སྤྲུལ་ཞལ་ཟས་རོ་བརྒྱ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དཔག་མེད་འདོད་ཡོན་ལོངས་སྤྱོད་ཚོགས་བསྒྱུར་ནས། །ཆོས་སྲུང་འཁོར་དང་བཅས་ལ་མཆོད་པ་འབུལ། །དྲི་མེད་བསིལ་ཞིམ་ཡང་འཇམ་གཤེར་གྱི་བཅུད། །མྱོང་བར་ལུས་ཀྱི་ཟུངས་མདངས་རབ་རྒྱས་པའི། །རང་བཞིན་བཅུད་མཆོག་ཡན་ལག་བརྒྱད་ལྡན་གྱི། །ཕྱི་ཡི་རཀྟའི་རྒྱ་མཚོ་མཆོད་པར་འབུལ། །རྡོ་དྲེག་ཙན་དན་མེ་ཤེལ་སེ་རྒོད་དང་། །གྲོ་མ་རྒུན་འབྲུམ་འབྲི་མོག་སིན་དྷུ་རའི། །ཕྱེ་མའི་ཉིང་ཁུ་ཕབས་བསྒྱུར་བདུད་རྩི་ཡི། །སྨན་རཀྟ་གཏོར་ཚོགས་རྒྱ་མཚོ་མཆོད་པར་འབུལ། །ཐབས་ཤེས་མཁར་གསང་སྦྱོར་བའི་ཐིག་ལེ་དང་། །སྤྱན་གཟིགས་འདབ་ཆགས་དཔའ་བོ་གྲིར་ཤིའི་ཁྲག །འབྲུ་གསུམ་སྔགས་ཀྱིས་ཟག་མེད་བདུད་རྩིར་བསྒྱུར། །གསང་བ་རཀྟའི་རྒྱ་མཚོ་མཆོད་པར་འབུལ། །དེ་ནས་རྡོར་དྲིལ་ལག་ཏུ་ཐོགས་ཤིང་གཡོན་མའི་མཐེ་སེན་རྩེ་ནས་ནང་མཆོད་ཕུལ་བ་ནི། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨྰཿཧྰུྃ། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་ཨོཾ་ཨྰཿཧྰུྃ། གྲུབ་ཆེན་ཏེ་ལོ་པའི་ཞལ་དུ་ཨཾོཾ་ཨྰཿ་ཧྰུྃ། པཎ་ཆེན་ནྰ་རོ་པའི་ཞལ་དུ་ཨོཾ་ཨྰཿཧྰུྃ། སྒྲ་བསྒྱུར་མར་པའི་ཞལ་དུ་ཨོཾ་ཨྰཿཧྰུྃ།  སངས་རྒྱས་མི་ལའི་ཞལ་དུ་ཨོཾ་ཨྰཿཧྰུྃ། མཉམ་མེད་དྭགས་པོའི་ཞལ་དུ་ཨོཾ་ཨྰཿཧྰུྃ། བདེ་གཤེགས་ཕག་གྲུའི་ཞལ་དུ་ཨོཾ་ཨྰཿཧྰུྃ། ཆོས་རྗེ་སྨར་པའི་ཞལ་དུ་ཨོཾ་ཨྰཿཧྰུྃ། དཔལ་ལྡན་དུད་སོལ་མའི་ཞལ་དུ་ཨོཾ་ཨྰཿཧྰུྃ། དེ་ནས་རྔ་རོལ་རྡུང་འབུད་དང་བཅས་ལྷ་མོར་བསྟོད་པ་ཕུལ་བ་ནི།

བྷྱོཾཿ། །འཁོར་འདས་མཐའ་བྲལ་གཉུག་མའི་དྭངས་མ་ལ། །གཟུང་འཛིན་གདོད་གྲུབ་ལྷ་འདྲེ་མི་སྲིད་ཀྱང་། །སྒྱུ་མའི་ཟློས་གར་ཅི་ཡང་མངོན་མཁས་པའི། །ས་བརྒྱད་བྱང་ཆུབ་སེམས་མ་ཁྱོད་ལ་བསྟོད། །བདག་འཛིན་གླང་པོར་རང་གིས་ལིང་བཞོན་ནས། །དགག་བྱ་སྟུད་མ་འཚོལ་བའི་དུག་གསུམ་པོ། །དམིགས་མེད་ཆམ་ལ་ཕབ་ཕྱིར་ཡེ་ཤེས་ཀྱི། །སྤྱན་གསུམ་གདངས་མཛད་ཡུམ་ཆེན་མ་ལ་བསྟོད། །ཕྱག་བཞིའི་མཚོན་གྱིས་སྒྲུབ་བརྒྱུད་བསྟན་པ་ལ། །ཕྱོགས་བཞིའི་བར་ཆད་ཐལ་རྡུལ་རླག་བྱས་ནས། །མཐུ་སྟོབས་རླུང་གིས་ཁམས་གསུམ་ཡུན་བསྐོར་བའི། །རྫུ་འཕྲུལ་ལྔ་ལྡན་དུད་སོལ་མ་ལ་བསྟོད། །སྔོན་དུས་རླུང་སྤྲིན་བོང་བུར་ལེགས་ཆིབས་ཏེ། །ཆོས་རྗེ་སྨར་པའི་སྲོལ་བཟང་བཤད་སྒྲུབ་ཀྱི། །བསྟན་པ་ཟོག་མེད་སྐྱོང་བར་དམ་བཅས་པའི། །ཆོས་སྲུང་ཡིད་བཞིན་ནོར་བུ་ཁྱོད་ལ་བསྟོད། །ཅེས་བསྟོད་པ་འདི་ཚར་གསུམ་གདོན་ལ་ལས་དོན་གལ་ཆེར་སྒྲུབ་དགོས་ཚེ་གྲངས་མང་བསགས་ན་བཟང་ངོ་།

དེ་ནས་ལྷ་མོའི་མཚན་སྔགས་བཟླས་པ་ནི། མ་གཅིག་དཔལ་ལྡན་དུད་སོལ་མའི་ཐུགས་ཀར་བྷྱོཾཿ་ལས་འོད་ཟེར་འཕྲོས་རང་ཉིད་ཡི་དམ་གསལ་བའི་སྙིང་ཀའི་འོད་ཟེར་གྱིས་ཐུགས་རྒྱུད་བསྐུལ་པས་སྔོན་གྱི་དམ་ཚིག་དྲན་ནས་སྒྲུབ་པ་པོ་ལ་མཆོག་ཐུན་དངོས་གྲུབ་འབད་མེད་དུ་སྒྲུབས་པར་མཛོད། །ཨོཾ་ཧྰུྃ་ཤྲྰི་ཡ་དེ་ཝྰི་ཀྰ་ལྰི་ཀྰ་ལྰི་མ་ཧྰ་ཀྰ་ལྰི་ཧྰུྃ་བྷྱོཾ་ཧྰུྃཿ ཞེས་ལྷ་མོའི་སྔགས་ཅི་ནུས་བགྲངས་པའི་མཐར་སྔགས་མཆོད་ཕུལ་བ་ནི། ཨོཾ་ཧྰུྃ་ཤྲྰི་ཡ་དེ་ཝྰི་ཀྰ་ལྰི་ཀྰ་ལྰི་མ་ཧྰ་ཀྰ་ལྰི་ཧྰུྃ་བྷྱོཾཿ ས་པ་རི་ཝྰ་ར་ཨརྒྷཾ་ཨྰཿཧྰུྃ། པྰདྱཾ་ཨྰཿཧྰུྃ། པུཥྤེ་ཨྰཿཧྰུྃ། དྷྰུ་པེ་ཨྰཿཧྰུྃ། ཨྰ་ལོ་ཀེ་ཨྰཿཧྰུྃ། གྷནྡྷེ་ཨྰཿཧྰུྃ། ནེེ་ཝི་དྱེ་ཨྰཿཧྰུྃ། ཤབྟ་ཨྰཿཧྰུྃ། དེ་ནས་རྔ་རོལ་ཌ་དྲིལ་དཀྲོལ་མཚམས་འཇོག་མ་ཐག་སློབ་དཔོན་གྱིས་དྲིལ་བུ་དཀྲོལ་ལ་རྡོ་རྗེ་འཇུས་བཞིན་ཐལ་མོ་སྙིང་ཀར་འཕྱར། བསྟན་འཛིན་བུ་བཞིན་གཉེར་སྐྱོང་ཡུམ་ཆེན་མས། །བསྟན་དགྲ་རྐང་གཉིས་མ་རུང་ཚར་གཅོད་ནས། །བསྟན་འགྲོའི་སྦྱིན་བདག་ཕན་བདེ་མྱུར་སྒྲུབ་པའི། །བསྟན་སྲུང་འདོད་ཁམས་རྒྱལ་མོ་ཁྱོད་ལ་བསྟོད། །

དེ་ནས་བསྐང་རྫས་བྱིན་རླབས་ནི་དྲིལ་བུ་པང་དུ་བཟུང་ཞིང་རྡོ་རྗེའི་ནང་མཆོད་གྱི་བདུད་རྩིར་རེག་ནས་སྟོང་སངས་སྦྱངས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྡ་ལི་ཧ་ན་ཧ་ནཧྰུྃ་ཕཊཿ ཨོཾ་སྭ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷྰ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་རང་སྣང་གིས་སྤྲུལ་པའི་ཐོད་སྣོད་མཁའ་དང་མཉམ་པའི་ནང་དུ་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨྰཿ་ཧྰུྃ་ཧ་ཧོ་ཧྲྰིཿ ཞེས་ཕྱག་རྒྱ་ཚར་གསུམ་གྱིས་གཏོར་རྫས་ཐམས་ཅད་བདུད་རྩིར་བསྒྱུར་བ་བསམ་མོ།

 

དེ་ནས་རྔ་རོལ་དུང་རྒྱ་དང་ཌ་དྲིལ་སོགས་ཅི་འབྱོར་དཀྲོལ་ཞིང་དབུ་འཛིན་གྱིས་རོལ་མོ་ཕབ་པ་དང་དབྱངས་སྙན་པོས་འདི་སྐད་དུ། བྷྱོཾཿ། །སྣང་སྲིད་རྣམ་དག་ཆོས་ཀྱི་དབྱིངས། །འཐད་བཟུང་རྙེད་པ་མི་སྲིད་ཀྱང་། །རང་སྣང་སྤྲུལ་པའི་ཞིང་ཁམས་ནས། །དུད་སོལ་ལྷ་མོ་བཞེངས་སུ་གསོལ། །ཅང་ཤེས་བོང་བུར་རྒྱན་ཀླུབས་པའི། །སྒ་སྲབ་གསེར་ཚག་ཞེ་གཅིག་ལ། །བྱུ་རུའི་ཕྲ་རྒྱན་མཛེས་པའི་གཟུགས། །ཆིབས་པ་འབུལ་བར་ཐུགས་དམ་བསྐང་། །དམག་སྤྱི་མདའ་དཔོན་རུ་སྦྲེང་ནས། །དུང་ཕྱུར་དཔའ་བོས་རྡུང་འབུད་དང་། །མདུང་མཚོན་གར་རོལ་གློག་འཕྱུར་པའི། །དཔུང་བཞི་འབུལ་བར་ཐུགས་དམ་བསྐང་། །ཕེབས་ལམ་གཙང་ཕྱགས་རྟགས་བརྒྱད་ཀྱི། །བཀྲ་ཤིས་རི་མོ་ཕྱུག་པའི་སྟེང་། །སྤོས་བསང་དུད་སྤྲིན་ལྷ་ལམ་དཀྲིགས། །ལྷ་མོ་ཆིབས་བསུར་ཐུགས་དམ་བསྐང་། །དམ་ཆོས་གསལ་བྱེད་མེ་ལོང་དང་། །ཏིང་འཛིན་ལེགས་སྐྱེས་འོ་མའི་རྫས། །ཟག་མེད་བརྒྱད་དང་རོ་མཆོག་འདི། །འབུལ་བར་རྒྱལ་མོའི་ཐུགས་དམ་བསྐང་། །ཉོན་མོངས་གདུང་སེལ་གི་ཝཾ་སྨན། །འཆི་མེད་རྟགས་གདན་དུར་བ་དང་། །དགྲ་བཅོམ་ཐོབ་བྱེད་བི་ཝ་བཅས། །འབུལ་བར་ཆོས་སྐྱོང་ཐུགས་དམ་བསྐང་། །ཆོས་ཀྱི་སྒྲ་དབྱངས་གཡས་འཁྱིལ་དུང་། །ཁམས་གསུམ་དབང་བསྡུ་ལི་ཁྲིའི་བཅུད། །མཐུ་སྟོབས་འབྱུང་བའི་ཡུངས་དཀར་བཅས། །རྫས་བརྒྱད་འབུལ་བར་ཐུགས་དམ་བསྐང་། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་ཆེན་རྟ་མཆོག་པ། །དམག་དཔོན་ཤུགས་འབྱུང་རིན་ཆེན་བདུན། །འབུལ་བར་བཀའ་སྲུང་ཐུགས་དམ་བསྐང་། །གདུགས་དང་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་དཔལ་བེའུ། །རྒྱལ་མཚན་འཁོར་ལོ་རྟགས་བརྒྱད་འདི། །འབུལ་བར་ཆོས་སྲུང་ཐུགས་དམ་བསྐང་། །ར་གན་མཁར་བ་བྱུ་རུ་གཡུ། །མུ་ཏིག་ཕ་ལམ་སྤོས་ཤེལ་དངུལ། །པདྨ་རྭ་ག་སིལ་སྙན་སྦུབ། །མཆོད་རྫས་འབུལ་བར་ཐུགས་དམ་བསྐང་། །སྣ་དགུ་འཛོམས་པའི་ནད་གདོན་ཀུན། །བཅོམ་བྱེད་བདུད་རྩི་བརྒྱད་ལྡན་པའི། །སྨན་མཆོག་དྲི་བཟང་སྐུ་ལ་འབུལ། །བཀའ་སྲུང་འཁོར་བཅས་ཐུགས་དམ་བསྐང་། །མཆོད་གཏོར་དངོས་བཤམ་ཡིད་སྤྲུལ་པའི། །དཔག་མེད་སྤུངས་པའི་བདུད་རྩི་རྣམས། །དུད་སོལ་ལྷ་མོ་འཁོར་བཅས་ལ། །འབུལ་བར་དགྱེས་ཤིག་ཐུགས་དམ་བསྐང་། །དཀར་གསུམ་མངར་གསུམ་ཕྱེ་མའི་ཕུལ། །རོ་བརྒྱ་ཟ་འཐུང་འདོད་ཡོན་ལྔ། །མི་ཟད་ལོངས་སྤྱོད་དཔག་གཏེར་འདི། །འབུལ་བར་འཁོར་བཅས་ཐུགས་དམ་བསྐང་། །མཁའ་ལྡིང་ཁྱུང་རིགས་མཛེས་པའི་བྱ། །གཡང་ནོར་ཕྱུགས་ཚོགས་འབུམ་ཕྲག་ཁྱུ། །ཆོས་སྐྱོང་དུད་སོལ་འཁོར་བཅས་ལ། །འབུལ་བར་ཡོངས་བཞེས་ཐུགས་དམ་བསྐང་། །འཇིག་རྟེན་ཡངས་པའི་གྲོང་ཁྱེར་ན། །བདག་བཟུང་མེད་པའི་མཆོད་རྫས་ཀུན། །དཔལ་ལྡན་ལྷ་མོའི་འཁོར་བཅས་ལ།          །འབུལ་བར་དགྱེས་བཞེས་ཐུགས་དམ་བསྐང་། །ཞེས་དུས་ཚོད་རན་པོ་བྱུང་ན་བསྐང་བ་འདི་ཚར་གསུམ་གདོན་ནོ། །དེ་ནས་ལྷ་མོར་བཤགས་པ་ལ་རྔ་རོལ་དལ་བུ་རྡུང་ནས་གདོན་པ་ལས་ཌ་དྲིལ་མི་དགོས།

བྷྱོཾཿ། །རྡོ་རྗེ་འཆང་དང་པཎ་ཆེན་ནྰ་རོ་པའི། །རྒྱུད་འཛིན་མཁས་གྲུབ་དམ་པའི་སྤྱན་སྔ་རུ། །མ་རིག་དབང་གིས་འཁྲུལ་ལས་ཅི་བགྱིས་ཀུན། །མངོན་ལྐོག་མེད་པ་སྙིང་ནས་མཐོལ་ལོ་བཤགས། །ཡེ་ཤེས་སྤྲོས་ཀུན་བྲལ་བའི་ཆོས་དབྱིངས་སུ། །བླ་མ་ཡི་དམ་རང་སེམས་རོ་གཅིག་ཏུ། །ཤར་ཡང་རང་ངོ་མ་ཤེས་དུས་འདི་བར། །རང་སེམས་ཐ་མལ་ལུས་པར་མཐོལ་ལོ་བཤགས། །ཏིང་འཛིན་སྒོམ་པའི་རྣམ་རྟོག་རྦ་རླབས་ཀུན། །ལྷུན་གློད་འཇོག་ན་སེམས་ཀྱི་རྒྱ་མཚོ་རུ། །ཐིམ་ནས་རང་སར་གྲོལ་བ་མ་ཤེས་པས། །དྭངས་མར་བཅོས་ཀྱིས་རྙོག་པར་མཐོལ་ལོ་བཤགས། །རང་སྣང་འཁོར་གསུམ་སྤྲུལ་པའི་བདེན་འཛིན་གྱིས། །རང་ལུས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ལ། །རང་སེམས་གཉུག་མའི་འོད་གསལ་མ་ཤེས་པས། །རང་གྲོལ་ཆོས་སྐུ་ཉུལ་བར་མཐོལ་ལོ་བཤགས། །ས་བརྒྱད་དབང་ཕྱུག་ཆོས་སྐྱོང་དུད་སོལ་མ། །ཆགས་སྡང་འཛིན་རྟོག་ཡེ་ནས་མི་མངའ་ཡང་། །མཆོད་གཏོར་དམ་རྫས་ལྷག་ཆད་འགལ་འཁྲུལ་དང་། །མི་ཤེས་ཉོག་ལས་ཅི་བགྱིས་མཐོལ་ལོ་བཤགས། །ཞེས་ལྷ་མོར་བཤགས་པ་འདི་ཅི་ནུས་གདོན་ན་ཆོག་པ་ཡིན་ནོ། །དེ་ནས་ལྷ་མོར་གསེར་སྐྱེམས་ཕུལ་བ་ནི་ཌ་དྲིལ་རོལ་དབྱངས་དང་བཅས་འདི་སྐད་དུ།

བྷྱོཾཿ། །བདེ་ཆེན་ཞིང་ན་བྱང་ཆུབ་སེམས་མའི་སྐུ། །དུར་ཁྲོད་ཚལ་དུ་ཤ་ཟའི་མཁའ་འགྲོར་སྤྲུལ། །འཛམ་བུ་གླིང་དུ་ཆོས་སྐྱོང་དུད་སོལ་མ། །གསེར་སྐྱེམས་གཙང་མའི་ཕུད་ཀྱི་མཆོད་པ་འབུལ། །རྟེན་འབྱུང་བསླུ་མེད་འབྲེལ་བཟང་ལས་འོངས་པའི། །རིགས་ནས་རྒྱུད་པའི་བདག་གི་སྲུང་མ་དང་། །སྨར་ཚང་བསྟན་སྲུང་ལྷ་དམག་རུ་འདྲེན་ཀུན། །གསེར་སྐྱེམས་འབུལ་བས་འཕྲིན་ལས་རྒྱས་པར་མཛོད། །ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ལ། །མ་ཚང་མེད་པའི་དངོས་བཤམ་ཡིད་སྤྲུལ་གྱི། །དམ་རྫས་ཕུད་ཀྱི་བདུད་རྩི་རྒྱ་མཚོ་རྣམས། །གསེར་སྐྱེམས་འབུལ་བས་རྣལ་འབྱོར་སྐྱོང་བར་མཛོད། །ཁྱད་པར་མགྲོན་བསུས་དཔལ་ལྡན་དུད་སོལ་མས། །ཆོས་རྗེ་རིང་ལུགས་གསེར་སྦྱངས་བཙོ་མ་འདི། །སླར་གསོ་ཆུ་བོ་རྒྱུན་བཞིན་སྐྱོང་ཕྱིར་དུ། །གསེར་སྐྱེམས་འབུལ་བས་མངའ་ཐང་རྒྱས་པར་མཛོད། །

དེ་ནས་ལྷ་མོར་གཏོར་མ་འབུལ་བར་བྱ།  དཔལ་ལྡན་དུད་སོལ་ལྷ་མོ་འཁོར་དང་བཅས་པ་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཧྰུྃ་ཤྲྰི་ཡ་དེ་ཝྰི་ཀྰ་ལྰི་ཀྰ་ལྰི་མ་ཧྰ་ཀྰ་ལྰི་ཧྰུྃ་བྷྱོཾཿ་ས་པ་རི་ཝྰ་ར་ཨི་དཾ་བ་ལིདྟ་ཁ་ཁ་ཁྰ་ཧྰི་ཁ་ཧྰི། ཨོཾ་ཧྰུྃ་ཤྲྰི་ཡ་དེ་ཝྰི་ཀྰ་ལྰི་ཀྰ་ལྰི་མ་ཧྰ་ཀྰ་ལྰི་ཧྰུྃ་བྷྱོཾ་ ས་པ་རི་ཝྰ་ར་ཨརྒྷཾ་ཨྰཿཧྰུྃ། པྰདྱ་ཨྰཿཧྰུྃ། པུཥྤེ་ཨྰཿཧྰུྃ། དྷྰུ་པེ་ཨྰཿཧྰུྃ། ཨྰ་ལོ་ཀེ་ཨྰཿཧྰུྃ། གྷནྡྷེ་ཨྰཿཧྰུྃ། ནེེ་ཝི་དྱེ་ཨྰཿཧྰུྃ། ཤབྟ་ཨྰཿཧྰུྃ། དེ་ནས་མཆོད་བསྟོད་འདི་ཕྱག་རྒྱ་སྔར་བཞིན་བྱ། བསྟན་འཛིན་བུ་བཞིན་གཉེར་སྐྱོང་ཡུམ་ཆེན་མས། །བསྟན་དགྲ་རྐང་གཉིས་མ་རུང་ཚར་གཅོད་ནས། །བསྟན་འགྲོའི་སྦྱིན་བདག་ཕན་བདེ་མྱུར་སྒྲུབ་པའི། །བསྟན་སྲུང་འདོད་ཁམས་རྒྱལ་མོ་ཁྱོད་ལ་བསྟོད། དེ་ནས་ལྷ་མོར་འཕྲིན་ལས་བཅོལ་བར་བྱ།

བྷྱོཾཿ། །བཤད་སྒྲུབ་དཔག་བསམ་ཡོན་ཏན་སྡོང་པོ་ལ། །དགེ་འདུན་ཡལ་འདབ་རྒྱས་པའི་ལུང་རྟོགས་ཀྱི། །བཅུད་མཆོག་ཕན་བདེ་འབྲས་བཟང་རོལ་བ་ལས། །རྒྱལ་བསྟན་ཟུངས་མདངས་རྒྱས་པའི་འཕྲིན་ལས་མཛོད་། །ལྟ་བ་སྤྲོས་བྲལ་ཤུགས་འཆང་སེམས་མཆོག་གིས། །གཡེང་མེད་རྣམ་དག་སྒོམ་པའི་བདེ་སྟོང་ལ། །བསྐྱེད་རྫོགས་ཟུང་འཇུག་ལམ་མཆོག་མྱུར་ཤར་ཏེ། །དུག་གསུམ་འཕྲང་ལམ་ཆོད་པའི་འཕྲིན་ལས་མཛོད། །རྟག་ཏུ་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བསམ་ངན་གདུག་རྩུབ་བར་ཆད་ཀུན་སེལ་ནས། །རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བུ་བཞིན་དུ་། །འདོད་དགུ་རྩོལ་མེད་འབྱུང་བའི་འཕྲིན་ལས་མཛོད། །ཁྱད་པར་འདོད་ཁམས་ནོར་བདག་དུད་སོལ་མ། །བསྟན་པའི་མེ་རོ་གསོ་བར་ཞུམ་མེད་ཀྱི། །ལྷག་བསམ་དཔུང་རོགས་མཐུ་ལྡན་ཁྱོད་ཡིན་པས། །ལུང་བསྟན་འཕྲིན་ལས་རྒྱུན་ཆད་མེད་པར་མཛོད། །ཅེས་འཕྲིན་བཅོལ་འདི་གྲངས་མང་ཉུང་གང་མོས་གདོན་པར་བྱའོ། །

དེ་ནས་མཇུག་ཏུ་མཆོད་བསྟོད་ཕུལ་བར་བྱ། ཧྰུྃ། །དངོས་བཤམ་ཡིད་སྤྲུལ་ཞལ་ཟས་རོ་བརྒྱ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དཔག་མེད་འདོད་ཡོན་ལོངས་སྤྱོད་ཚོགས་བསྒྱུར་ནས། །ཆོས་སྲུང་འཁོར་དང་བཅས་ལ་མཆོད་པ་འབུལ། །དྲི་མེད་བསིལ་ཞིམ་ཡང་འཇམ་གཤེར་གྱི་བཅུད། །མྱོང་བར་ལུས་ཀྱི་ཟུངས་མདངས་རབ་རྒྱས་པའི། །རང་བཞིན་བཅུད་མཆོག་ཡན་ལག་བརྒྱད་ལྡན་གྱི། །ཕྱི་ཡི་རཀྟའི་རྒྱ་མཚོ་མཆོད་པ་འབུལ། །རྡོ་དྲེག་ཙན་དན་མེ་ཤེལ་སེ་ རྒོད་དང་། །གྲོ་མ་རྒུན་འབྲུམ་འབྲི་མོག་སིན་དྷུ་རའི། །ཕྱེ་མའི་ཉིང་ཁུ་ཕབས་བསྒྱུར་བདུད་རྩི་ཡི། །སྨན་རཀྟ་གཏོར་ཚོགས་རྒྱ་མཚོ་མཆོད་པ་འབུལ། །ཐབས་ཤེས་མཁར་གསང་སྦྱོར་བའི་ཐིག་ལེ་དང་། །སྤྱན་གཟིགས་འདབ་ཆགས་དཔའ་བོ་གྲིར་ཤིའི་ཁྲག །འབྲུ་གསུམ་སྔགས་ཀྱིས་ཟག་མེད་བདུད་རྩིར་བསྒྱུར། །གསང་བ་རཀྟའི་རྒྱ་མཚོ་མཆོད་པ་འབུལ། །ཨོཾ་ཧྰུྃ་ཤྲྰི་ཡ་དེ་ཝྰི་ཀྰ་ལྰི་ཀྰ་ལྰི་མ་ཧྰ་ཀྰ་ལྰི་ཧྰུྃ་བྷྱོ་ ས་པ་རི་ཝྰ་ར་ཨརྒྷཾ་ཨྰཿཧྰུྃ། པྰ་དྱ་ཨྰཿཧྰུྃ། པུཥྤེ་ཨྰཿཧྰུྃ། དྷྰུ་པེ་ཨྰཿཧྰུྃ། ཨྰ་ལོ་ཀེ་ཨྰཿཧྰུྃ། གྷནྡྷེ་ཨྰཿཧྰུྃ། ནེེ་ཝི་དྱེ་ཨྰཿཧྰུྃ། ཤབྟ་ཨྰཿཧྰུྃ།

 དེ་ནས་མཆོད་བསྟོད་ཕྱག་རྒྱ་སྔར་བཞིན་བྱ། བསྟན་འཛིན་བུ་བཞིན་གཉེར་སྐྱོང་ཡུམ་ཆེན་མས། །བསྟན་དགྲ་རྐང་གཉིས་མ་རུང་ཚར་གཅོད་ནས། །བསྟན་འགྲོའི་སྦྱིན་བདག་ཕན་བདེ་མྱུར་བསྒྲུབས་པའི། །བསྟན་སྲུང་འདོད་ཁམས་རྒྱལ་མོ་ཁྱོད་ལ་བསྟོད། །དེ་ནས་མཇུག་ཏུ་ལྷག་ཆད་གསོ་བར་བྱ། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །བགྱིས་པ་དང་ཉིད་བགྱིད་བརྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །

དེ་ནས་ཁྲོད་འདི་ཡིག་བརྒྱ་གདོན་ལ་ཡེ་ཤེས་པ་རྟེན་བཞུགས་བྱེད་ན་རྟེན་བྱིན་རླབས་ཆེ་བའི་གནད་ཡོད།  ཨོཾ ། །ཇི་སྲིད་འཁོར་བ་མ་སྟོང་བར། །དེ་སྲིད་བརྟེན་དང་ལྷན་བཞུགས་ནས། །ཚེ་རིང་ནད་མེད་ལོངས་སྤྱོད་དང་། །མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭ་ཧྰ། དམ་ཚིག་པ་ལྡང་བ་ནི། སླར་ཡང་རང་ཉིད་ཡི་དམ་ལྷ། །སྐད་ཅིག་ཉིད་དུ་གསལ་བར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེའི་ས་ལ་འགོད་པར་ཤོག །དེ་ནས་ཁྲོད་འདི་སྨར་ཚང་བདེན་སྨོན་འདོན་ནས་མཇུག་བསྡུ་བ་བྱའོ། །

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱས་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། །ཅེས་བསྐང་གསོ་དངོས་གྲུབ་མྱུར་འབེབ་འདི་ནི་སྨར་ཚང་བཀའ་བརྒྱུད་ཀྱི་མགོན་ཆོས་དུད་སོལ་མའི་གསོལ་མཆོད་འབྲི་འདུན་སྐྱེས་ནས་མཚན་སྔགས་ཉུལ་པའི་དུས་ཤིག་རྨི་ལམ་དུ་ངའི་མཚན་སྔགས་འབྲི་གུང་ལ་ཡོད་ཟེར་བ་ཞིག་རྨིས་པས་འཕྲལ་དུ་འབྲེལ་མཐུད་བྱས་ནས་ལག་ཏུ་སོན་པ་དང་། གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་རང་ལོ་བཞི་ཅུ་ཞེ་ལྔ་སོན་པའི་ཕྱི་ལོ་༢༠༠༩ ཟླ་བ་༦ ཚེས་༢༣་དབྱིན་ལེན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་རྦུ་རེ་ཐོན་དུ་གསོལ་འདེབས་དྲག་པོས་བྲིས་པ་འདི་ཉིད་སྨར་ཚང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག། །།

                                     བསྐང་གསོ་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་གང་འབྱུང་པར་བཤུ་མི་ཆོག  །