སྤང་ཆེན་འོད་ཟེར་བླ་མ་འདི་ཤོ་དགོན་གྱི་གདན་རབས་གྲས་སུ་བཞག་པ་ཙམ་ལས་ཁོང་གིས་རྣམ་ཐར་ནང་དུ་ལས་དོན་ཆུང་ངུ་ཐམས་ཅད་དྲངས་ཡོད་ཀྱང་ཤོ་དགོན་གྱི་ཁྲི་འཛིན་རབས་ཟུར་ཙམ་ཡང་མེད། 

འཛམ་གླིང་ཐོག་སྒང་དུ་ཆགས་པའི་གངས་ཅན་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་རོལ་དུ་གྲགས་པའི་སྤང་མཁན་ཆེན་དྲི་མེད་འོད་ཟེར་བླ་མ་མཆོག་མདོ་ཁམས་སྒང་དྲུག་གི་ཟླ་ཆུ་དང་རྒྱལ་མོ་དངུལ་ཆུ་གཉིས་ཀྱི་བར་དུ་ཚ་བ་སྒང་གི་ཆ་གཏོགས་སུ་གྱུར་པའི་གནས་ཆེན་ཁ་བ་དཀར་པོ་དང་ཉེ་བར། ཚ་བ་ཁབ་སོ་རྒྱལ་མོའི་ཞོར་ཤོད་ཀྱི་གནས་མཆོག་ཤོལ་སྟེང་གྲོང་དུ་སྤང་གི་གདོང་རྒྱུད་འོག་མཁར་སྡེ་བ་ཚང་གི་ཁྱིམ་དུ་ཡབ་མཁའ་འགྲོ་འབུམ་དང་ཡུམ་སོག་ཟ་བཀྲ་ཤིས་རྣམ་གཉིས་ཀྱི་རིགས་སྲས་སུ་རབ་བྱུང་ལྔ་པ་ཕྱི་ལོ་༡༢༩༥་ཤིང་མོ་ལུག་གི་ལོར་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་གྲགས་པ་སོགས་བལྟས་བཟང་པོ་དུ་མ་དང་བཅས་དེ་སྐུ་འཁྲུངས། 

རྗེ་འདི་ཡུམ་གྱི་ལྷུགས་སུ་ཞུགས་པ་ནས་བཟུང་ཡུམ་གྱི་སྐུ་ལུས་ཡང་ཞིང་ཁྱིམ་ནང་དུ་འབྲས་བུ་སྨིན་པའི་ལྗོང་ཤིང་གི་ཁྱབ་པ་སོགས་རྟགས་བཟང་པོ་ཡང་ཡང་རྨིས།  ཕྱིར་བཙས་དུས་ཞལ་ནས་མ་ཎི་འདོན་པ་སོགས་སྐྱེ་བུ་དམ་པའི་རྟགས་དང་ཚད་མ་ཤིན་ཏུ་མང་། ཁོང་གི་མེས་པོའི་རིགས་བརྒྱུད་ནི་མིའུ་གདོང་དྲུག་ལས་ལྷ་དབང་འོད་དཀར་གདོང་གི་ནང་ནས་དགེ་འདུན་སྤང་དང་ཨ་བལ་སྤང་གཉིས་ཡོད་པ་ལས་ཨ་བལ་སྤང་གི་གདོང་རྒྱུད་འོག་མཁར་སྡེ་པ་ཚང་ལ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་མཁན་སྤང་དགེ་བའི་གཙུག་ཏོག་དང་སྤང་སངས་རྒྱས་མཁན་ཆེན་སོགས་མཁས་གྲུབ་མང་དུ་བྱོན་པའི་རིགས་རྒྱུན་ཞིག་ཡིན། བོད་ཀྱི་མིའུ་གདོང་དྲུག་དྲངས་སྲོལ་མི་འདྲ་བ་སྣ་ཚོགས་སུ་ཡོད་པ་ལྟར་ཆོས་རྗེ་འོད་ཟེར་བླ་མའི་རྣམ་ཐར་ཆེན་མོའི་ནང་དུ་མིའུ་གདོང་དྲུག་ལས་བྱུང་བའི་སྤང་གི་གདོང་རྒྱུད་འཆད་དུས་མིའུ་གདོང་དྲུག་དྲངས་སྲོལ་མི་གཅིག་པ་སོགས་འགལ་ཟླའི་རིགས་དུ་མ་ཞིག་འདུག་ཀྱང་འདིར་ཞོར་གླེང་ཙམ་ཡིན།

ཁོང་དགུང་ལོ་ལྔ་ལ་སོན་དུས་ཡུམ་འདས་པ་དང་དགུང་ལོ་བདུན་ལ་ཡབ་འདས་པས་ངལ་བ་མང་དུ་འཕྲད་པའི་དུས་སུ་སངས་རྒྱས་རིན་ཆེན་རྒྱལ་མཚན་གྱིས་ཤོག་གསུངས་པ་ལྟར་བཅར་ནས་བླ་མ་དགེ་འདུན་རྒྱལ་མཚན་གྱི་དྲུང་དུ་ཡི་གེ་འབྲུ་ཀློག་སོགས་ཆོས་ཕྱོགས་ཀྱི་ཕྱག་ལས་རྣམས་བྱང་ཆུབ་པར་མཛད།  དགུང་ལོ་བཅོ་ལྔ་སོན་པ་དང་སངས་རྒྱས་རིན་ཆེན་རྒྱལ་མཚན་གྱིས་བཀའ་ལུང་ལྟར་སྨར་ཚང་གི་གདན་ས་ཆེན་མོ་དཔལ་བཀྲ་ཤིས་ཤོ་དགོན་དུ་ཕེབས།  ལོ་དེར་ལས་ཀྱི་སློབ་དཔོན་སངས་རྒྱས་རིན་ཆེན་རྒྱལ་མཚན་དང་མཁན་པོ་མཁར་དྲི་མེད་རྡོ་རྗེ་སོགས་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་རབ་བྱུང་གི་སྡོམ་པ་བཞེས། མཁན་པོའི་མཚན་ཟུར་ལས་དྲངས་ནས་དྲི་མེད་འོད་ཟེར་ཞེས་མཚན་གསོ།  མཁན་པོ་འདིའི་མཚན་ལ་ཚ་བ་མཁར་འགོའི་ལུང་པའི་མིང་ཟུར་སྦྱར་ནས་མཁར་རྡོར་བ་ཞེས་ཞུ་སྲོལ་ཡོད། སྨར་ཚང་བསྟན་པའི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་སྤྲུལ་སྐུ་རིན་ཆེན་གླིང་པ་ཞུ་བ་སོགས་མཚན་གྱི་རྣམ་གྲངས་འགའ་ཞིག་ཡོད་ཀྱང་ཞིབ་ཕྲ་གང་ཉིད་ཀྱི་རྣམ་ཐར་སྐབས་སུ་འཆད་པར་བྱ། སློབ་དཔོན་རྩེའུ་སྟོན་པའི་དྲུང་ནས་དགེ་ཚུལ་གྱི་སླབ་བྱ་ཀ་རི་ཀ་དང་། འདུལ་བ་ལུང་སྡེ་བཞི། བྱམས་ཆོས་སྡེ་ལྔ། བསླབ་བཏུས། དབུ་མ་རིག་ཚོགས་དྲུག  དབུ་མ་འཇུག་པ། མངོན་པར་མཛོད། སྤྱོད་འཇུག  སྡོམ་པ་ཉི་ཤུ་པ། བླ་མ་ལྔ་བཅུ་པ། རྩ་ལྟུང་བཅུ་བཞི་པ་སོགས་མདོ་ལུགས་ཀྱི་ཆོས་ཚུལ་མང་པོར་ཐོས་བསམ་རྩོད་གསུམ་གྱིས་བྱང་ཆུབ་པར་མཛད།  སློབ་དཔོན་དེའི་དྲུང་ནས་སྔགས་ལུགས་སུ་དཔལ་འཁོར་ལོ་བདེ་མཆོག་དང་། ཀྱེེ་རྡོ་རྗེ། གསང་བ་འདུས་པ། བརྒྱུད་མ་ཧ་མ་ཡ། གདན་བཞི། དཔལ་དུས་ཀྱི་འཁོར་ལོ།  འཇམ་དཔལ། རྟ་མགྲིན། སྒྲོལ་མ། ཕག་མོ། ཆོས་སྐྱོང་བསྐོར་སོགས་ཐོས་བསམ་སྒོམ་གསུམ་མཛད་པས་མཁས་པ་ཆེན་པོར་གྱུར།  དགུང་ལོ་བཅུ་དགུ་ལ་ཕེབས་དུས་འཆི་བ་མི་རྟག་པའི་འགྱུར་འགྲོས་ལ་ངེས་གཏན་མེད་པར་མཐོང་ནས་སངས་རྒྱས་རིན་ཆེན་རྒྱལ་མཚན་གྱི་ཞལ་ལས་སྙན་བརྒྱུད་ཀྱི་གདམས་ངག་ཟབ་མོ་འགའ་ཞིག་གསན་རྒྱུའི་འདུན་པ་སྐྱེས་ཏེ།  སངས་རྒྱས་རིན་ཆེན་རྒྱལ་མཚན་གྱི་ཞལ་ལས་སྨར་ཚང་ཕྱག་ཆེན་གྱི་སྙན་བརྒྱུད་དང་། ནྰ་རོ་པཎ་ཆེན་གྱི་གདམས་ངག་ཆོས་དྲུག  རྫོགས་ཆེན་གྱི་རིག་ལྔ་སྦྱོར་དྲུག  གཅོད་ཆོས་སོགས་ཀྱི་མན་ངག་ཁྲིད་ལུང་དང་བཅས་པ་ཞུས་ནས་ཀྱེེ་རྡོ་རྗེ་དང་ཀུན་རིག་གི་དཀྱིལ་འཁོར་རྣམས་ཐུགས་ལ་བཟུང་བ་སོགས་སྔགས་ཀྱི་ཕྱག་ལས་ཚུལ་ཆད་བྱང་ཆུབ་པ་དང་། རྩེ་གཅིག་སྒོམ་སྒྲུབ་ཉམས་ལེན་མཛད་པས་ཐུགས་ལ་ཉམས་རྟོགས་ཟབ་མོ་འཁྲུངས།  དགུང་ལོ་ཉི་ཤུ་རྩ་གཅིག་སོན་དུས་སླར་ཚ་བ་རོང་བྱོན་ནས་རྒྱལ་མོ་འགོར་ཞེས་པའི་དབེན་གནས་དེར་སྒོམ་སྒྲུབ་ལ་བརྩོན་པའི་ཚེ་འཐུང་ཆུ་དཀོན་པོ་ཡོད་པས་ས་འོག་ནས་ཆུ་བླངས་དགོས་པའི་སྐུ་ངལ་འཕྲད་པ་དང་རྨི་ལམ་ནང་དུ་ཀླུ་མོ་གཅིག་གིས་ཆུ་ཕུལ་བར་རྨིས་པ་ལྟར་ཆུ་རང་ཤུགས་ཀྱི་བརྡོལ་བ་སོགས་རྟགས་དང་ཚད་མ་ཤིན་ཏུ་མང་། ནྰ་རོ་ཆོས་དྲུག་སྒོམ་སྒྲུབ་མཛད་དུས་གཏུམ་མོའི་བདེ་དྲོད་རྒྱས་ནས་གྲངས་ངལ་ཇི་སྲིད་ཆེ་ཡང་སྐུ་ལ་རས་དཀར་གྱི་གོས་རྐྱང་པ་གྱོན་ནས་བཞུགས།  ཉིན་མོར་གུང་ཚིག་གི་དུས་མིན་པ་སྐུ་དཀྱིལ་དཀྲུང་མི་བཤིག་པ་དང་མཚན་མོར་མི་ཉལ་བར་སྨར་ཚང་ཕྱག་ཆེན་གཅིག་པུ་ཐུགས་དམ་གྱི་མཐིལ་དུ་བཞེས་ནས་སྒོམ་སྒྲུབ་མཛད་པས་ཏིང་ངེ་འཛིན་ཐུགས་ལ་འཁྲུངས་པ་དང་ཐུགས་དགྱེས་བཞིན་དུ།  བྱ་གོང་མོ་གཉིས་དང་མ་བྲལ་ན། །རྣལ་འབྱོར་གྱི་བསམ་པ་འགྲུབ་བམ་སྙམ་ཞེས་སོགས་རྟོགས་མགུར་ཡང་གསུངས། 
དེ་ནས་རྗེ་འདི་མི་ཉག་ར་རྔ་སྒང་དུ་འགྲོ་དོན་ལ་ཕེབས་པ་དང་རྒྱ་ནག་རི་བོ་རྩེ་ལྔར་འབྱོན་ནས་གྲུབ་པ་མ་ཐོབ་ཀྱི་བར་བསྒོམ་བསྒྲུབ་བྱ་དགོས་སྙམ་པའི་འདུན་པ་སྐྱེས་ཀྱང་བླ་མས་ཁྱོད་ཀྱི་གདུལ་བྱའི་འགྲོ་དོན་དེར་མེད།  ཕ་ཡུལ་དུ་ཡོད་པ་ཡིན་ཞེས་ལུང་བསྟན་པ་ལྟར་སླར་སྨར་ཁམས་ལི་སྨད་དུ་བྱོན་ནས་གླིང་མཐའི་བྲག་ཕུག་ཏུ་དབྱར་དགུན་གཉིས་ཀྱི་རིང་སྒོམ་སྒྲུབ་མཛད་པས་འོད་གསལ་གྱི་ཉམས་རྟོགས་ཤར། ཉམས་ཀྱི་སྒྲོ་འདོགས་ཐམས་ཅད་གནས་དེ་ནས་ཆོད་པ་ཡིན་ཞེས་གསུངས།  ལི་སྟོད་དང་ལི་སྨད་ནི་སྨར་སྟོད་རྒྱས་ཚོགས་འབྲོག་པའི་ཁྱབ་ཁོངས་སུ་ཡོད་པའི་བྱང་ཐང་ཞིག་གི་མིང་ཡིན།  ཁ་དཔེ་ལ་ལི་སྟོད་སྨད་འདྲེ་ཡི་ས་ཆ་རེད་ཟེར་བའི་བྱང་ཐང་དེའི་བསྐོར་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོའི་རྣམ་ཐར་རིན་ཆེན་ཕ་ལམ་གྱི་ནང་དུ་ཅུང་རྒྱས་པ་བཀོད་ཡོད་པས་འདི་ཆེད་དུ་འགྲེལ་མེད། སྤང་མཁན་ཆེན་འོད་ཟེ་བླ་མ་མཆོག་དགུང་གྲངས་ཉེར་གསུམ་སོན་དུས་སངས་རྒྱས་རིན་ཆེན་རྒྱལ་མཚན་དང་མཁར་དྲི་མེད་རྡོ་རྗེ་སོགས་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་དགེ་སློང་གི་བསྙེན་པར་རྫོགས།  ལོ་དེར་ནད་ངན་ཞིག་གིས་ཚ་བ་སྒང་དུ་སྤུན་གཉེན་སོགས་གྲོང་མི་མང་པོ་འདས་གྲོངས་སུ་གྱུར་བས་བསྲུ་མ་འབྱོར་བ་ལྟར་ཚ་བ་མཁར་འགོ་ལ་བྱོན་ཏེ། ཚེ་འདས་རྣམས་ལ་དགེ་རྩ་མང་དུ་བསྒྲུབས་ཤིང་མཁར་འགོ་སྡེ་འབངས་སོགས་ཀྱིས་འབུལ་བ་རྒྱ་ཆེར་ཕུལ་བས་སླར་བཀྲ་ཤིས་ཤོ་དགོན་དུ་ཕེབས་ནས་འབུལ་བ་ཐབས་ཅད་དགེ་འདུན་རྣམས་ལ་བསྙེན་བཀུར་མཆོད་འབུལ་མཛད།  བོད་དབུས་སུ་ཕེབས་ནས་མི་ལའི་རྫོང་དྲུག་སོགས་རི་ཁྲོད་གཤའ་མ་གཅིག་འགྲིམ་རྒྱུའི་ཐུགས་འདུན་ཆེ་ཡང་བླ་མས་བཀའ་མ་ཐོབ་པས་སླར་ཚ་བ་སྒང་བྱོན་ནས་འུ་མཁར་ཕུག་པ་ལ་ལོ་གསུམ་གྱི་རིང་སྒོམ་སྒྲུབ་མཛད།  མི་མང་ལ་མ་ཎི་འདོན་དགོས་ཚུལ་བསྐུལ་མ་ཡང་ཡང་དང་བྱིས་པ་རྣམས་ལ་མ་ཎི་འདོན་གླ་ཡོས་སོགས་རྔན་པ་སྤྲོད་ནས་དགེ་བསྐུལ་ནན་པོར་མཛད།  རྗེ་འདིའི་མངའ་འོག་ཡོད་པའི་མི་མང་གིས་ཁྲལ་ཆེན་པོ་ཕུལ་དགོས་པ་རྣམས་ལ་ལོ་གསུམ་རེ་རྗེས་སུ་ཁྲལ་རྣམས་དུས་གཅིག་ཏུ་བསྡུ་རུབ་བྱེད་ཚེ་ཕལ་ཆེ་བའི་ཁྲལ་ཕུལ་ཐུབ་ཀྱི་མེད་པས་ཁྲལ་གྱི་མཚམས་ལ་མ་ཎི་འདོན་བཅུགས་པ་དང་ཉིན་མ་གཅིག་ལ་མ་མཐའ་ཁྱིམ་མི་གསུམ་གྱིས་མ་ཎི་འདོན་དགོས་ཞེས་བསྐུལ་མ་མཛད་། ཁྱིམ་མི་རྣམས་ཀྱིས་མ་ཎི་འདོན་ཡོད་མེད་ཁྱིམ་དཔོན་ལ་མནའ་བསྐྱལ། ཁྱིམ་དཔོན་གྱིས་ཡུལ་དཔོན་མདུན་དུ་མནའ་བསྐྱལ།  ཡུལ་དཔོན་གྱིས་སྤང་མཁན་ཆེན་འོད་ཟེར་བླ་མའི་མདུན་དུ་མནའ་བསྐྱལ་དགོས་པའི་ཁྲིམས་བཞག་ཅིང་། སྐབས་རེ་མ་ཎི་འདོན་གྱི་ཡོད་མེད་ལྟ་མཁན་སོ་ཉུལ་ཡང་བཏང་བ་དང་། རྔོན་པ། བཤིན་པ། རྐུན་མ་བཅས་ལ་ཁྲིམས་ཆད་ལྕི་པོ་འཇོག་པ་སོགས་དགེ་བསྐུལ་རླབས་ཆེན་མཛད་པས་ཡུལ་ཁམས་ཐབས་ཅད་བཀྲ་ཤིས་ལོ་ལེགས་དང་།  དགེ་བཅུའི་ཆོས་ཁྲིམས་ཀྱི་འོག་ཏུ་ཚུད་ནས་ཞི་བདེ་དཔལ་ཡོན་རོལ་བའི་སྐབས་བཟང་གི་དུས་ཤིག་ཏུ་བསྒྱུར། ཁོ་བོའི་ཕ་རྒན་གྱིས་ཕྱི་ལོ་༡༩༨༡་ལོ་གཅེན་པོ་དགེ་བཤེས་ངག་དབང་མཆོག་ལྡན་ངེད་གཉིས་ཁ་བ་དཀར་པོར་རྒྱབ་བསྐོར་ཁྲིད་ཞོར་མཐོང་མྱོང་བའི་ཚ་བ་རོང་པ་ནི་འབྲུ་རིགས་དང་ཤིང་ཏོག་སྣ་ཚོགས་ཀྱི་འབྱུང་ཁོངས་ཤིག་ཡིན་པ་དང་མི་རྣམས་བག་ཡོན་ཚུལ་མཐུན་གྱིས་འཚོ་བ་རོལ་བའི་ཚོར་སྣང་སྐྱེས་མྱོང་བ་ལ་ད་ལྟ་བསམ་ཞིབ་བྱས་དུས་ཆོས་རྗེ་འོད་ཟེར་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱི་བདེ་དྲོད་ཉམས་མེད་དུ་གནས་པ་འདྲ་སྙམ།
རྗེ་འདི་དགུང་ལོ་ཉེར་དྲུག་སོན་དུས་དགེ་འདུན་བརྒྱ་ཕྲག་འཛོམས་ནས་མ་ཎི་རིལ་བུ་སྒྲུབ་པའི་ཚེ་སྒྲུབ་པ་པོ་རྣམས་ཀྱིས་བུམ་པ་ལ་འཇའ་འོད་འཕྲོ་བ་དང་བུམ་པ་གཞལ་ཡས་ཁང་གི་ནང་དུ་སྤྱན་རས་གཟིགས་སྐུ་མང་པོ་མཐོང་བ་དང་། སྒྲུབ་ཁང་འོད་ཀྱིས་ཁེངས་ནས་བཅུ་གཅིག་ཞལ་བུམ་པ་ནང་དུ་ཐིམ་པ་དངོས་སུམ་མཐོང་བ་དང་རྨི་ལམ་རྨིས་པ་སོགས་ཆོ་འཕྲུལ་མང་དུ་བྱུང་། ལྷ་བ་རི་ལ་དགེ་འདུན་ཁྲི་ཁ་ལོང་བ་འདུས་ནས་མ་ཎི་རིལ་བུ་བསྒྲུབས་ཤིང་ཚ་བ་དང་སྨར་ཁམས་ཀྱི་འགྲོ་བ་མང་པོ་དགེ་བའི་ལས་ལ་བཀོད་པར་མཛད། རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་ནས་འབྲས་ཁལ་སྟོང་གིས་མ་ཎི་རིལ་བུ་བསྒྲུབས་པ་དང་། མ་ཎི་དུང་ཕྱུར་འདོན་པའི་རིལ་སྒྲུབ་གཅིག་སྟོང་ལྔ་བརྒྱ་ལྷག་ཤར་ཕྱོགས་རྒྱ་མཚོ་ནང་དུ་བསྐྱལ་བ་དང་རིལ་བུ་མྱོང་བའི་ཉ་ལ་སོགས་པ་སྲོག་ཆགས་ཐབས་ཅད་བདེ་བ་ཅན་དུ་འདྲེན། ལྷ་སའི་ཇོ་བོའི་སྐུ་མདུན་དང་བྱམས་མདུན་སོགས་ལ་རིལ་སྒྲུབ་མང་དུ་མཛད་ཅིང་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་བརྒྱ་འབུལ་ལན་གསུམ་མཛད་པ་སོགས་ཆོས་དང་ཟང་ཟིང་གིས་བླ་མའི་ཐུགས་དགྱེས་པའི་མཆོད་པ་ཕུལ།
དགུང་ལོ་སོ་གཅིག་སོན་དུས་རི་ཁྲོད་དུ་བསྒྲུབ་པ་གཤའ་མ་གཅིག་བྱ་དགོས་དགོངས་ནས་སྡེ་དགོན་ཐབས་ཅད་ལ་གཟིགས་རྟོགས་ཀྱི་འགན་དབང་དབོན་པོ་དཀོན་མཆོག་སེངྒེ་ལ་བཅོལ་ཏེ།  གངས་རྩེ་སྟོད་རྒྱལ་ཞེས་པའི་རི་ལ་བྱོན་ནས་ལོ་དགུའི་བར་བསྒོམ་བསྒྲུབ་བྱ་རྒྱུའི་དམ་བཅའ་བའི་མཚན་མོའི་རྨི་ལམ་དུ་བུད་མེད་གཅིག་གིས་ཀྭ་པ་ལའི་ནང་དུ་བདུད་རྩིས་བཀང་བ་ཞིག་ཕུལ་བ་ལ་ཕྱེད་ཀ་ཙམ་བཞེས་ནས་བལྟས་་པས་ཀྭ་པ་ལ་རིན་ཆེན་དུ་མའི་ཕྲ་བཏབ་པ་མཐོང་བ་དང་བསྒྲུབ་པ་ཡུན་བསྲིང་ན་དངོས་གྲུབ་ཐོབ་པའི་ལྟས་སུ་འདུག་དགོངས་ཏེ།  ཞག་བདུན་དང་དགུ་དང་བཅུའི་བར་ཆུའི་བཅུད་ལེན་དང་རྡོའི་བཅུད་ལེན་བཞེས་ནས་སྒོམ་སྒྲུབ་མཛད།  དེ་ནས་རིམ་བཞིན་ཏིང་ངེ་འཛིན་གྱི་ཟས་ལ་རོལ་ནས་ལོ་དགུ་ཧྲིལ་པོ་སྒོམ་སྒྲུབ་མཛད་པས་གནས་ལུགས་རང་ས་ཟིན་པ་མཁྱེན་པའི་ཡེ་ཤེས་རྒྱས།  སྒོམ་བྱུང་གི་ཤེས་རབ་འབར། གཞན་སེམས་ཤེས་པའི་མངོན་ཤེས་ཐོགས་པ་མེད་པ་དང་ཉམས་མགུར་མང་པོ་མཛད། མངའ་རིས་གུ་གེ་རྒྱལ་པོ་དང་། ཧོར་ཡ་རྩེ་རྒྱལ་པོ། འཇང་ས་ཐང་རྒྱལ་པོ་སོགས་ཕྱོགས་ཀྱི་མི་ཆེ་དཔོན་པོ་རྣམས་ཀྱིས་དགེ་སྒྲུབ་དམ་བཅའ་དང་འབུལ་བ་རྒྱ་ཆེར་ཕུལ།  རྒྱལ་བའི་བཀའ་འགྱུར་ཚར་བརྒྱ་བྲིས་ནས་དགོན་ལག་རྣམས་ལ་བསྩལ། སངས་རྒྱས་མི་ཚད་མ་བརྒྱ་དང་བརྒྱད་བཞེངས་ནས་རྒྱ་ནག་རྒྱལ་པོ་དང་དགོན་ལག་རྣམས་ལ་ཕུལ་བའི་ལོ་རྒྱུས་འདིར་བལྟས་དུས་སྐབས་དེར་སྨར་ཚང་གི་གདན་ས་བཀྲ་ཤིས་ཤོ་དགོན་གྱི་དགོན་ལག་བརྒྱ་དང་བརྒྱད་ཡོད་པར་ཚོད་དཔག་བྱེད་ཐུབ་པར་གྱུར་ཡོད།
རག་མགོ་མཆོག་སྤྲུལ་གྱིས་སྨར་ཚང་གདན་རབས་ལས་ས་སྟག་ལོ་ལ་རུ་ཤོད་ན་བཞུགས་སྐབས་ཆོས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་དང་མཇལ་འཕྲད་མཛད་ནས་ཞག་གསུམ་ལ་གསུང་གླེང་ཞིབ་ཕྲ་མཛད་ཅེས་གསུངས་འདུག་ཀྱང་སྐབས་དེའི་རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་དགོས་ཏེ།  མཁན་ཆེན་འོད་ཟེར་བླ་མ་ཕྱི་ལོ་༡༢༩༥་ལོ་སྐུ་འཁྲུངས་ནས་ཕྱི་ལོ་༡༣༧༦་ལོ་སྐུ་གཤེགས་པའི་བར་དུ་ས་སྟག་ལོ་ཚིག་གཅིག་ལས་བྱུང་མེད་པ་དང་ཕྱི་ལོ་༡༣༣༩་ལོ་ཀརྨ་པ་རང་བྱུང་རྡོ་རྗེ་རྒྱ་ནག་ཏུ་སྐུ་གཤེགས་ནས་ཕྱི་ལོ་༡༣༤༠་ལོར་ཀརྨ་པ་རོལ་པའི་རྡོ་རྗེ་སྐུ་འཁྲུངས་པའི་ལོ་རྒྱུས་ལ་གཞིགས་ནས་འགྲེལ་ན། ཕྱི་ལོ་༡༣༣༨་ས་སྟག་ལོ་རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེ་མཆོག་རྒྱ་ནག་ཏུ་ཕེབས་ཞོར་སྨར་ཁམས་རུ་ཤོད་ལ་སྤང་མཁན་ཆེན་འོད་ཟེར་བླ་མ་དང་མཇལ་འཕྲད་གནང་ནས་ཆོས་ཀྱི་གསུང་གླེང་ཞིབ་ཕྲ་མཛད་ཅེས་བྲིས་ན་ལོ་རྒྱུས་ཁོངས་ལྡན་ཞིག་ཏུ་གྱུར་བ་ཡིན།  རྗེ་འདིའི་སྐུ་མདུན་དུ་ཆོས་ཁྲིད་ཞུ་མཁན་དགེ་འདུན་སྟོང་གཉིས་གསུམ་འདུས་པ་རྣམས་ཀྱི་དབང་པོ་རབ་འབྲིང་དང་བསྟུན་ནས་གདམས་ངག་གནང་བས་ཞལ་མཐོང་བ་དང་གསུང་ཐོས་པ་ཙམ་གྱིས་རྟོགས་པ་སྐྱེས་མཁན་མང་དུ་བྱུང་ཞིང་། ལ་རེས་བླ་མ་སྣང་བ་མཐའ་ཡས་སུ་མཇལ་བ་དང་ལ་རེས་སྤྱན་རས་གཟིགས་དང་རྒྱུད་སྡེའི་ལྷ་མི་འདྲ་བ་སྣ་ཚོགས་སུ་མཇལ་བའི་བསྐལ་བ་བཟང་པོ་བྱུང་ཞིང་། སློབ་མ་རྣམས་ལ་དགེ་འདུན་གྱི་སྡེ་ཁྲིམས་སྲུང་སྡོམ་དང་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བརྩོན་དགོས་པའི་སླབ་བྱ་མཛད་པ་སོགས་རྒྱལ་བའི་བསྟན་པ་སྤྱིར་དང་ཁྱད་པར་སྨར་ཚང་བཀའ་བརྒྱུད་ཀྱི་རིང་ལུགས་གསེར་སྦྱང་བཙོ་མ་འདི་ཉིད་སྨར་ཁམས་སྒང་ནས་ཚ་བ་སྒང་། མི་ཉག་ར་རྔ་སྒང་། རྒྱ་ནག་རི་བོ་རྩེ་ལྔ། འཇང་ས་ཐང་།  དབུས་ལྷ་ས།  སྟོད་མངའ་རིས་སོགས་དད་ལྡན་འབུམ་ཕྲག་མང་པོ་ཐར་པའི་ས་ལ་འདྲེན་པ་དང་ཐར་པའི་ས་བོན་བསྐྲུན་པའི་མཛད་འཕྲིན་ནམ་མཁའ་དང་མཉམ་པ་བསྐྱངས་ནས་དགུང་ལོ་བརྒྱད་ཅུ་བྱ་གཉིས་མེ་ཕོ་འབྲུག་ཕྱི་ལོ་༡༣༧༦་ལོར་འབྲུག་ཟླ་བའི་ཚེས་བཞིའི་ཐོ་རངས་ཀྱི་དུས་སུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་གཤེགས།  སྐུ་གདུང་ཞུན་འབུལ་སྐབས་སུ་གདུལ་བྱའི་དད་པའི་རྟེན་དུ་ཐུགས་ལྗགས་སྤྱན་གསུམ་དང་དབུ་ཐོད་ལ་ཨ་ཡིག་རང་འཁྲུངས། གདུང་རུས་ལ་འཇམ་ཕྱག་སྤྱན་གསུམ་གྱི་སྐུ་གཟུགས་རང་འཁྲུངས་དང་རིང་བསྲེལ་ཁ་དོག་སྣ་ལྔ་ལྡན་པ་མང་དུ་བབས་ཤིང་ཉེར་འཁོར་གྱི་སློབ་མ་རྣམས་སེམས་ལ་བདེ་སྐྱིད་ཀྱི་ཚོར་སྣང་སྦྱིན་པ་སོགས་མཛད་འཕྲིན་མཐའ་ཡས་པ་ཞིག་བསྐྱངས།  སློབ་ཚོགས་ཤིན་ཏུ་མང་བའི་ཁྲོད་ནས་བུ་ཆེན་འགྲོ་མགོ་དཀོནམཆོག་རྒྱལ་མཚན།  ནམ་མཁའ་སེངྒེ། འཇམ་དབྱངས་དཀོན་མཆོག་རྒྱལ་མཚན། ཡོན་ཏན་འོད་ཟེར་། ཤེས་རབ་འོད་ཟེར། རྡོ་རྗེ་རྒྱལ་མཚན། གྲགས་པ་དཔལ། ནམ་མཁའ་དཔལ། ཤེས་རབ་བཟང་པོ། སངས་རྒྱས་སེངྒེ། འགྲོ་མགོན་པ། ཡེ་ཤེས་དཔལ་སོགས་མང་དུ་བྱོན་པའི་ནང་ནས་སྲས་ཀྱི་ཐུ་བོ་འགྲོ་མགོན་དཀོན་མཆོག་རྒྱལ་མཚན་ཡིན། རྗེ་འདི་གདན་སའི་རྒྱལ་ཚབ་ཀྱི་ཆོས་ཁྲི་མངའ་གསོལ་བྱེད་ཚུལ་ཞིག་རྣམ་ཐར་དུ་མི་གསལ་ཡང་སྨར་ཚང་གསེར་ཕྲེང་ཨང་རིམ་བདུན་པའི་གྲས་སུ་ཞུགས་ཚུལ་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོའི་ནང་གསལ་ལྟར་ཡིན། སྨར་ཚང་གི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤང་མཁན་ཆེན་འོད་ཟེར་བླ་མ་མཆོག་གི་སྐུ་སྐྱེ་སྔ་མ་བྱོན་ཚུལ་དང་སྐྱེ་བ་ཕྱི་མའི་རྣམ་སྤྲུལ་ཇི་ལྟར་འབྱོན་ཚུལ་མཁན་ཆེན་ཉིད་ཀྱིས་ཞལ་བཞེས་ལུང་བསྟན་དང་སྐྱེས་བུ་དམ་པ་གཞན་གྱིས་ལུང་བསྟན་པ་རྣམས་ཟུར་ཙམ་སྨྲོས་ན། རྗེ་ཉིད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐྱེ་བ་བཞེས་པའི་རྗེས་སུ་བལ་བོད་གཉིས་ཀྱི་ས་མཚམས་སུ་འགྲོ་དོན་དཔག་མེད་མཛད་པ་དང་། འདི་ནས་ཕྱི་མ་བྱང་ཕྱོགས་ལི་ཧོར་དང་ཁྲོམ་སྲོག་པོའི་མཚམས་སུ་འགྲོ་བ་མང་པོ་སྨིན་གྲོལ་གྱི་ས་ལ་བཀོད་ནས་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་དང་ངོ་བོ་དབྱེར་མེད་དུ་བཞུགས་པར་ཞལ་གྱིས་བཞེས་པར་མཛད་། ཡང་སྐྱེས་བུ་དམ་པ་གཞན་གྱིས་གསུང་ཚུལ་ལྟར་བྱས་ན། གྲུབ་ཆེན་ཉག་རས་སེ་བོའི་ལུང་བསྟན་ལས།  གྲོགས་པོ་སྨར་པའི་སྐྱེ་མཐའ་ནི། །འོད་ཟེར་མིང་གིས་སྨར་ཚང་བསྟན་པ་གསོ། །ཞེས་གསུངས་པ་ལྟར་ཆོས་རྗེ་སྨར་པ་རིན་པོ་ཆེ་མཆོག་གི་རྣམ་འཕྲུལ་དུ་བྱོན་ཏེ་སྨད་རྒྱ་ནག་རི་བོ་རྩེ་ལྔ་ཡན་ཆད་ནས་སྟོད་མངའ་རིའི་ཚུན་ཆད་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་གསོ་སྐྱོང་སྤེལ་གསུམ་མཛད་ཚུལ་ཞིབ་ཕྲ་རྣམ་ཐར་ཆེན་མོ་ལ་བལྟ་བར་བྱ། ད་ལྟ་ཡོངས་གྲགས་སུ་བྱམས་མགོན་ཏའི་སི་ཏུའི་སྐུ་ཕྲེང་རིམ་པ་བྱོན་ཚུལ་ཟུར་ཙམ་གླེང་ན། ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་སི་ཏུ་སྐྱེས་རབས་ཁྱད་པར་དགུ་ལྡན་གྱི་ཤོ་གྲངས་༡༩༠་ནང་དུ།  ལན་གཅིག་མཁན་ཆེན་འོད་ཟེར་བླ་མ་རུ། །སྐྱེ་བ་བཞེས་པ་ཁྱོད་ཀྱིས་མཁྱེན།  །ཞེས་དང་ཡང་རྣམ་ཐར་དེའི་ཤོ་གྲངས་༢༢༧་ནང་དུ།  འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་རྩ་ལག་སྤང་མཁན་ཆེན་དྲི་མེད་འོད་ཟེར་བླ་མ་དང་། ཇོ་ནང་པ་སྒྲོལ་མའི་མགོན་པོ་སོགས་སྐྱེས་བུ་དམ་པ་མང་དུ་སྤྲུལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ཅེས་པ་ལྟར་བྱམས་མགོན་ཏ་ཡི་སི་ཏུ་མཆོག་སྤང་མཁན་ཆེན་འོད་ཟེར་བླ་མ་ཡིན་པ་སྔོན་གནས་རྗེས་སུ་དྲན་པ་ལྟར་གྲུབ་ཐོབ་རྣམས་ཀྱིས་ལུང་བསྟན་ཡང་གཅིག་ཏུ་མཐུན་པ་ཡིན་ཏེ། ཉག་རས་སེ་བོའི་ལུང་བསྟན་ལས།  འོད་ཟེར་བླ་མ་སི་ཏུ་ཞེས། །ཀཿཐོག་བདག་པོའི་སྤྲུལ་པ་འོངས། །དེ་ནས་སྐྱེ་བ་ཉི་ཤུའི་བར། །རྫོགས་ཆེན་བསྟན་ལ་ཕན་པར་འབྱུང་། །ཞེས་དང་གཏེར་སྟོན་སངས་རྒྱས་གླིང་པའི་ལུང་བསྟན་ལས། སྤང་ན་ཐུགས་རྗེ་ཆེན་པོ་ཡི། །སྤྲུལ་པ་རབ་སྨིན་གུ་རུ་འབྱུང་། །ཞེས་གསུངས་པ་ལྟར་སི་ཏུ་རིན་པོ་ཆེས་རྙིང་མའི་གདན་ས་ཀཿཐོག་གི་བསྟན་པ་ལ་མཛད་འཕྲིན་རྒྱ་ཆེར་སྐྱོང་བའི་གསུང་གི་སྤྲུལ་པ་ཀཿཐོག་སི་ཏུ་བྱོན་པ་སོགས་མཛད་འཕྲིན་ཤིན་ཏུ་མང་། དེང་སང་འོད་ཟེར་བའི་བླ་མ་ལ་རེས་སྨར་ཚང་བཀའ་བརྒྱུད་ཀྱི་སྤང་མཁན་ཆེན་འོད་ཟེར་བླ་མའི་སྐུ་སྐྱེ་ཡིན་ཚུལ་བཤད་པ་ནི་གོང་དུ་དྲངས་པའི་ལུང་བསྟན་དང་ཡོངས་སུ་འགལ་ཞིང་། རིག་པས་ཀྱང་སྒྲུབ་དཀའ་བ་ཞིག་ཡིན་ཏེ།    ཡང་སྲིད་ནི་གོང་མའི་མཛད་འཕྲིན་ལྷག་མ་སྐྱོང་མཁན་ཞིག་ཕེབས་དགོས་པས་བསྟན་པ་དེ་ལ་ལྡོག་ཕྱོགས་འབའ་ཞིག་བྱས་པ་དང་ཡང་སྲིད་ཡིན་ཟེར་བ་ནི་མངོན་སུམ་ཚད་མ་དང་འགལ་བ་ཡིན། བླ་མའི་མཛད་འཕྲིན་བསུབས་མཁན་ལ་བླ་མའི་ཡང་སྲིད་ཁས་བླངས་པ་ནི་དཔྱད་གསུམ་དག་པའི་ལུང་རིག་གཉིས་དང་འགལ་བ་ཞིག་ཡིན།  སྤང་མཁན་ཆེན་གྱི་ཡང་སྲིད་ཡིན་པའི་སྒྲུབ་བྱེད་འོད་ཟེར་ཞེས་པའི་མིང་འདྲ་བའི་རྒྱུ་མཚན་དྲངས་པ་ནི་གད་མོ་སློང་སྐྱེན་ཞིག་ཡིན།  གལ་ཏེ། སྐུ་གོང་མ་བློ་རིག་བཀྲལ་ཞིང་ཉམས་རྟོགས་མཐོན་པོར་གཤེགས་པའི་ཡང་སྲིད་ཟོག་པོ་ཁྲམ་མཁན་ཞིག་ཡིན་ན། སྐྱེ་བ་སྔར་ཕྱི་སྒྲུབ་དུས་ཉེན་ལེན་སྔོན་སོང་གི་སྒྲུབ་པ་ཤིན་ཏུ་དཀའ་བའི་གནས་སུ་གྱུར་བ་ཡིན་ནོ། །

རྒྱལ་སྤྱི་ལོ་རྒྱུས་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་བེད་སྐྱེལ་བྱས་པའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་ཕབ་བཤུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།