སྤྱན་སྔ་བ་བྱང་ཆུབ་གྲགས་པ་ནི་ཕྱི་ལོ་༡༢༡༨་ས་སྟག་ལོ་ཟལ་མོ་སྒང་ལ་ཡོན་དམ་པའི་ཁྱིམ་དུ་སྐུ་འཁྲུངས།  རྗེ་འདིའི་ཡབ་ཡུམ་གྱི་མཚན་ཁ་གསལ་རྙེད་ཐུབ་མེད།  ཁོང་བྱིས་དུས་ནས་ཕ་མ་གཉིས་ཀྱིས་བྱ་བ་གང་བྱས་པ་ཐམས་ཅད་གསལ་པོ་དྲན། 

དགུང་ལོ་བདུན་ལ་མ་ཡུམ་གྲོངས་དུས་དུད་འགྲོའི་སྐྱེ་བར་བླངས་པ་གཟིགས། དགུང་ལོ་བཅུ་གཅིག་ལ་འབྲུམ་ནད་ཀྱིས་ཡབ་དང་གཉེན་འབྲེལ་རྣམས་གྲོངས་པས་འཁོར་བ་ལ་ངེས་འབྱུང་སྐྱེས་ནས།  རྟ་གཉིས་ཡོད་པ་དེ་ཁྲིད་ནས་དགེ་བཤེས་བ་ཅོ་བའི་སྐུ་མདུན་བཅར། རྟ་གཅིག་དགེ་བཤེས་ལ་ཕུལ།  གཅིག་ཆོས་གོས་དང་ཟ་ཆས་བསྒྲུབས་ནས་ཆོས་ཞུ།  དགུང་ལོ་བརྒྱད་སོན་དུས་དགེ་བཤེས་དབེན་ཐོག་པ།  སློབ་དཔོན་རེ་འགྲོ་བ།  ཤེས་རབ་སེངྒེ་སོགས་ལས་རབ་ཏུ་བྱུང་། མཚན་བྱང་ཆུབ་གྲགས་པ་གསོལ།  རེ་འགྲོ་བས་ཁྱོད་ཀྱི་བླ་མ་ཡང་དགོན་པ་ཡིན་ཞེས་ལུང་བསྟན་པ་ལྟར་ཡང་དགོན་གྱི་དྲུང་དུ་བྱོན།  ཡང་དགོན་པས་སྨར་ཚང་ཕྱག་ཆེན་ཉམས་ཁྲིད་ཞིབ་རྒྱས་མཛད་པས་སྒྲོ་འདོགས་ཐམས་ཅད་ཆོད།  དགུང་ལོ་ཉི་ཤུ་ལ་བྱང་གླིང་པ། ཡང་དགོན་པ། ཁ་ཆེ་བ་སོགས་ལས་བསྙེན་པར་རྫོགས། བྱང་གླིང་ལས་འདུལ་བ་སོགས་མདོ་གཞུང་ལ་ཐོས་བསམ་མཛད།  ཡང་དགོན་པ་ལས་ཆོས་དྲུག་སོགས་གསང་ཆོས་ཟབ་མོའི་དབང་ལུང་ཁྲིད་སོགས་ཐམས་ཅད་ཞུ་ནས་སྒོམ་སྒྲུབ་མཛད་པས་ཡི་དམ་ལྷས་ཞལ་གཟིགས། གཏུམ་མོ་བདེ་དྲོན་རྒྱས་པ། ལུས་ཤིང་བལ་ལྟར་ཡང་བ་གྱུར།  ཡང་དགོན་གྱི་སྤྱན་སྔ་ཡུན་རིང་བཞུགས་པས་སྤྱན་སྔ་བ་གྲགས།  ཁ་ཆེ་ཀ་སྙིད་པཎྜི་ཏ།  འདུལ་འཛིན་གཙང་པ་དབང་ཕྱུག  ས་སྐྱ་ལེགས་པའི་བློ་གྲོས། དགེ་བཤེས་བ་ཏི་བ་སོགས་མཁས་པ་མང་པོའི་དབུས་སུ་མདོ་སྔགས་ཀྱི་གཞུང་ལ་བགྲོ་གླེང་བྱས་པས་སྤྱན་སྔ་བ་དོ་ཟླ་བྲལ་བས་མཁས་པ་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར།  གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ལ་རྣལ་འབྱོར་བཞིའི་ངོ་སྤྲོད་དང་བོགས་འདོན་ལ་བཀའ་བབས་ལྟ་བུ་ཐུན་མིན་གྱི་ཁྱད་ཆོས་ཡོད།  ཡང་དགོན་པས་དབུ་ཞྭ་དང་ཆོས་གོས་རྣམས་སྤྱན་སྔ་བ་ལ་སྒྲོན་ནས་ང་དང་ཨེ་འདྲ་ལྟ་གསུངས་པ་དང་ཡང་དགོན་པ་སྐུ་འདས་ཁར་གདན་ས་སྐྱོང་དགོས་ཚུལ་བཀའ་ལུང་བསྩལ། སྤྱན་སྔ་བ་བྱང་ཆུབ་གྲགས་པ་ཤོ་དགོན་གྱི་རྒྱལ་ཚབ་མངའ་གསོལ།   ཤོ་དགོན་གྱི་ལྷ་ཁང་གསར་བཞེངས་ལ་སངས་རྒྱས་སྟོང་སྐུ། མི་འཁྲུགས་པའི་སྟོང་སྐུ།  ཆོས་རྗེ་སྨར་པའི་སྐུ་འབུམ་བཞེངས།  ནད་པ་དང་ཉམ་ཐག་ལ་ཆོས་དང་ཟང་ཟིང་རྒྱུན་ཆད་མེད་པ་སྦྱིན།   རྗེ་འདི་ལ་སློབ་མ་སྟོང་ཕྲག་མང་པོ་ཡོད་ཀྱང་སྲས་ཀྱི་ཐུ་བོ་དབུ་རྩེ་བ་བསོད་ནམས་ཡེ་ཤེས་ཡིན་པས་ཤོ་དགོན་གྱི་རྒྱལ་ཚབ་དུ་མངའ་གསོལ་མཛད།   ཕྱི་ལོ་༡༢༧༧་མེ་གླང་ལོ་སྟོན་ཟླ་འབྲིང་པོའི་ཚེས་གསུམ་ལ་བདེ་བར་གཤེགས་སོ། །  རྒྱལ་སྤྱི་ལོ་རྒྱུས་ཀྱི་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་དེབ་སྐྱེལ་བྱས་པའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་ཕབ་བཤུ་དང་ཡིག་རྐུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།