རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་ནི་ཕྱི་ལོ་༡༡༨༥་ཤིང་སྦྲུལ་ལོ་སྨར་ཁམས་རུ་ཤོད་འདམ་སྟེང་དུ་ཡབ་དབོན་སྒོམ་དང་ཡུམ་རྒྱ་ཆེན་སྒོམ་ཁྲི་གཉིས་ལས་སྐུ་འཁྲུངས། གྲུབ་ཆེན་ཉག་རས་སེ་བས་དཔལ་ལྡན་ཞེས་མཚན་གསོལ།

དགུང་ལོ་བཅུ་གསུམ་ལ་ཡེ་ཤེས་འོད་ཟེར་དང་ཆོས་རྗེ་སྨར་པ་སོགས་ལས་རབ་ཏུ་བྱུང་བས་མཚན་ཡེ་ཤེས་རྒྱལ་མཚན་གསོལ། ཡེ་ཤེས་འོད་ཟེར་ལས་འདུལ་བ་སོགས་མདོ་གཞུང་ཐམས་ཅད་གསན་བསམ་སྒོམ་གསུམ་བྱས་པས་མཁས་པ་གྱུར།  ཆོས་རྗེ་སྨར་པའི་ཞལ་ལས་ཕྱག་ཆེན་ཆོས་དྲུག་སོགས་བཀའ་བརྒྱུད་ཀྱི་མན་ངག་ཟབ་མོ་ཐམས་ཅད་གསན་ནས་སྒོམ་སྒྲུབ་བྱས་པས་མི་བརྗེད་པའི་ཏིང་ངེ་འཛིན་ཐུགས་ལ་འཁྲུངས།  སྨར་པའི་ཉེ་གནས་བྱས་དུས་ཇ་སྲུབ་མ་ཞིག་ཕུལ་བ་ལ་སྨར་པས་ཇ་ལ་གཟིགས་ནས་ལྟ་བ་མེད་པར་ལྟ་བ་ཡིན། །སྒོམ་པ་མེད་པར་སྒོམ་པ་ཡིན། །སྤང་བླང་མེད་པར་སྤྱོད་པ་ཡིན། །སྐྱེ་མེད་རྟོགས་ན་ཆོས་སྐུ་ཡིན། །ཞེས་གསུངས་པ་དང་ཡང་དགོན་གྱི་ཐུགས་ལ་ཉམས་རྟོགས་ཁྱད་པ་ཅན་སྐྱེས།  ཆོས་རྗེ་སྨར་པའི་སྐུ་ཚེ་མཐའ་མས་ཡང་དགོན་པ་ལ་མན་ངག་ཚིག་ཐོག་ཏུ་ཕབ་པ་བྱིན་རླབས་ཉམས་པའི་རྒྱུ་ཡིན་ཀྱང་ཁྱོད་ཀྱིས་བྲིས་ཤིག་གསུངས་ནས་ཕྱག་ཆེན་གྱི་ཁྲིད་བཏབ་ལུགས། གེགས་སེལ་ཚུལ། བོགས་འདོན་ཚུལ་ཞིབ་རྒྱས་གསུངས་པ་རྣམས་ཡང་དགོན་གྱིས་ཟིན་བྲིས་བྱས་པའི་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་འདི་ཡིན། ཆོས་རྗེ་སྨར་པའི་གདམས་ངག་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་ཕ་ཆོས་གསེར་གྱི་ཡང་ཞུན་འདི་ལ་བླ་རབས་ཕྱི་མ་རྣམས་ཀྱིས་ཁ་སྐོང་ལྟ་བུ་ལུང་ཚིག་མང་པོ་དཔུང་པའི་གཞུང་འདི་དུས་ད་ལྟ་བར་ཉམས་སུ་བླངས་ནས་འཇའ་ལུས་ཐོབ་པ། རླུང་སེམས་དབང་དུ་བསྒྱུར་བ། གྲུབ་པ་ཐོབ་པ། རྟོགས་པ་བརྙེས་པ་གྲངས་ལས་འདས་པ་བྱོན།   གཞན་ཡང་དོ་ཧ་མཛོད། ཐུན་འཇོག་ཐེག་པ་རྣམ་གསུམ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ཆོས་དྲུག་དམིགས་ཁྲིད་སོགས་གདམས་ངག་རྣམས་ཡིག་ཐོག་ཏུ་ཕབ། ཡེ་ཤེས་འོད་ཟེར། གནས་གསར་བ། རི་ངོས་པ་སོགས་ལས་བསྙེན་པར་རྫོགས། ལོ་བཅུ་དགུའི་རིང་སྨར་ཚང་ཕྱག་ཆེན་སོགས་སྒོམ་སྒྲུབ་བྱས་པས་ཡི་དམ་ལྷས་ཞལ་གཟིགས།  རླུང་སེམས་ལ་རང་དབང་ཐོབ་པའི་ཉམས་རྟོགས་རྒྱས། དགུང་གྲངས་སོར་བརྒྱད་ལ་འདམ་སྟེང་བཀྲ་ཤིས་དགོན་པའི་རྒྱལ་ཚབ་མངའ་གསོལ།  ཆོས་རྗེ་སྨར་པའི་སྐུ་བརྙན་བཀྲ་ཤིས་འོད་འབར་མ། ཕག་གྲུའི་གསུང་འབུམ་གསེར་གྱིས་བསྐྲུན། ཤོ་དགོན་གྱི་འདུ་ཁང་ཆེན་མོ་སོགས་ལྷ་ཁང་འགའ་ཞིག་བཞེངས།  དགུང་ལོ་དྲུག་ཅུ་རེ་གཅིག་སོན་པའི་ཤིང་སྦྲུལ་ལོ་སྟོད་ཟླ་མཐའ་ཆུང་གི་ཚེས་༡༠་ལ་བདེ་བར་གཤེགས།  རྗེ་འདི་ལ་སློབ་མ་མཁས་གྲུབ་གཉིས་ལྡན་མང་པོ་བྱུང་ཡང་སྲས་ཀྱི་ཐུ་བོ་སྤྱན་སྔ་བ་ཡིན།གསུང་འབུམ་ཕྱག་ཆེན་དང་རི་ཆོས་སོགས་ཡོད། རྒྱལ་སྤྱི་ལོ་རྒྱུས་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་དེབ་སྐྱེལ་བྱས་པའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་ཕབ་བཤུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།