༼དང་པོ་རྗེ་སྨར་པའི་རྣམ་ཐར་སྙིང་བསྡུས༽

ཆོས་རྗེ་སྨར་པ་རིན་པོ་ཆེ་དབུས་ལ་ཕེབས་ནས་བཀའ་གདམས་པའི་གདན་ས་གསང་ཕུ་ནེའུ་ཐང་གི་བཤད་གྲྭར་ཞུགས་ནས་ཚད་མ་ལ་མཁས་པ་དགེ་བཤེས་ཕྱྭ་བ་ཆོས་ཀྱི་སེངྒེ་དང་།  དབུ་མ་ལ་མཁས་པ་དགེ་བཤེས་གཙང་ནག་པ་བརྩོན་འགྲུས་སེངྒེ་། འདུལ་བ་ལ་མཁས་པ་དགེ་བཤེས་བྱ་འདུན་འཛིན་པ་བརྩོན་འགྲུས་འབར་སོགས་བཀའ་གདམས་པའི་མཁས་གྲུབ་མང་པོའི་ཞལ་ལས་ཚད་མ། འདུ་བ། མཛོད། ཤེས་ཕྱིན། དབུ་མ་སོགས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་ཆེན་པར་གྱུར།  རྗེ་ཕག་གྲུ་སོགས་བླ་མ་མང་པོའི་ཞལ་ལས་བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྙིང་མ་པ་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་མང་པོ་གསན་པས་མདོ་སྔགས་གཉིས་ལ་མཁས་པ་དང་གྲུབ་པའི་རྟོགས་པ་དགའ་རབ་སོན་པ་དང་བླ་མས་བཀའ་ལུང་བཞིན་སླར་སྨར་ཁམས་གསེར་མོ་ལྗོངས་སུ་ཕེབས་པར་མཛད།  

                     ༼ གཉིས་པ་ཤོ་དགོན་གྱི་ལོ་རྒྱུས་སྙིང་བསྡུས༽

སྨར་ཁམས་ཤར་ཕྱོགས་ཀླུ་མི་མགོན་དཀར་པོའི་ཕོ་བྲང་དང་ཟོང་འདོད་དགུ་འབྱུང་བའི་གྲོང་ཁྱེར། རུ་ཤོད་ཉ་མོ་སྟོང་སྡེ་ཞེས་གྲགས་པའི་ཁྱབ་ཁོངས་འདམ་སྟེང་གི་རི་བོ་སྒྲོལ་མ་འདྲ་བའི་དབྱིབས་ཅན་གྱི་ངོས་སུ་ཕྱི་ལོ་༡༡༦༧་མེ་ཕག་ལོ་གདན་ས་ཆེན་པོ་དཔལ་བཀྲ་ཤིས་དགོན་པ་ཕྱག་བཏབ་པས། རིམ་བཞིན་སློབ་མ་དོན་གཉེར་ཅན་ཇི་མང་དུ་བྱོན་པས་དགེ་འདུན་རྣམས་ལ། ཕྱྭ་བ་ཆོས་ཀྱི་སེང་གེས་མཛད་པའི་བསྡུས་གྲྭ།  ཚད་མ། འདུ་བ། མཛོད། ཤེས་ཕྱིན་གྱི་གཞུང་། དབུ་མའི་གཞུང་བཅས་གཞུང་ཆེན་ལྔ་དང་། བོད་ཀྱི་མཁས་གྲུབ་དག་གིས་མཛད་པའི་འགྲེལ་བ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱི་ལམ་སྲོལ་བཟང་པོ་རྣམས་རྒྱུན་སྤེལ་མཛད་པས་མཁས་པ་མང་དུ་བྱོན། བཀའ་བརྒྱུད། ས་སྐྱ་པ། ཞི་བྱེད་པ། རྗོགས་ཆེན་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་རྣམས་གདུལ་བྱ་སོ་སོའི་བློ་རིག་ལ་བསྟུན་ནས་རིགས་གཅིག་རྐང་འཛིན་ལྟ་བུ་གདམས་ཆོས་སྦྱིན་ཞིང་། ལྷག་པར་དུ་ཁོང་གིས་སྒོམ་སྒྲུབ་ཉམས་ལེན་གྱི་མྱོང་བ་མངོན་ཐོན་དང་བླ་མའི་མན་ངག་གི་སྙིང་བཅུད་དུ་གྱུར་པ། ལམ་རིམ་དང་ཕྱག་ཆེན་གཉིས་རྩལ་བཏོན་བྱས་ནས་ཉམས་ལེན་མཐར་ཐུག་གི་རྒྱུད་པ་ཟབ་མོ་སྲོལ་སྟོན་མཛད་ཅིང། སློབ་མ་རྣམས་རི་བོའི་སུལ་དང་། བྲག་རིའི་ཕུག་དང།  ལྗོང་ཤིང་གི་དྲུང་སོགས་སྒོམ་སྒྲུབ་ལ་རྩེ་གཅིག་གཞོལ་དགོས་པའི་ལམ་སྲོལ་སྟོན། དགེ་འདུན་པས་རྔ་རྡུང་དང་བུམ་དཀྲོག།  ཀླུ་མཆོད་དང་ལྷ་འབོད། དབང་བསྐུར་དང་རོ་བསྲེག་སོགས་ཉམས་ལེན་གྱི་གནད་ལ་མི་འོས་པའི་རིགས་རྣམས་ཡོངས་སུ་བཀག་པར་མཛད། རྗེ་ཕག་གྲུ་དང་ཞལ་བྱེ་ཁར་སླབ་བྱ་དང་ལུང་བསྟན་ཞུས་དུས། དབང་བསྐུར་དང་རོ་བསྲེག་ཆོག་མ་བྱེད་ཅེས་གསུངས་པའི་བཀའ་བཞིན་བསྒྲུབས་པར་མངོན་ཞིང་། གདན་ས་འདི་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་དགེ་འདུན་གཉིས་སྟོང་ནས་རིམ་བཞིན་ཁྲི་ལས་བརྒལ་བར་བྱུང་བས། སྨར་ཚང་བཀའ་བརྒྱུད་ཅེས་གྲུབ་མཐའ་ཞིག་ངོས་འཛིན་པའི་སྙན་གྲགས་ཀྱི་ཆོས་དུང་མ་བོས་རང་གྲགས་སུ་གྱུར།               

                  ༼གསུམ་པ་ཙོམ་མདོ་དགོན་པའི་ལོ་རྒྱུས་སྙིང་བསྡུས༽

རྗེ་འགྲོ་མགོན་རིན་ཆེན་གྱིས་ཕྱི་ལོ་༡༢༠༠་ལོ་སྨར་ཁམས་རི་ཤོད་ཙོམ་མདོ་ཞེས་པའི་གནས་རི་ནོར་བུ་སྤུངས་པ་ལྟ་བུ་ཞིག་ལ་དགོན་པ་བཏབ་པས་ཙོམ་མདོ་གནས་གསར་དགོན་པ་ཞེས་གྲགས། གདན་ས་འདིས་ཐོས་བསམ་སྒོམ་གསུམ་སོགས་ཆོས་ཁྲིམས་ཐམས་ཅད་རྗེ་སྨར་པའི་དགོངས་པ་ཇི་བཞིན་བསྐྱངས་པར་མཛད། དགེ་འདུན་སྟོང་ཕྱེད་གཉིས་ལས་བརྒལ་བར་བྱུང་ཞིང། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྲིང་ཡིག་ལས། སྨར་ཁམས་ཙོམ་མདོ་གནས་གསར་གཙུག་ལག་ཁང་ཞེས་བྲིས་སྲོལ་ཡོད་ཅིང། གདན་ས་ཆེན་པོ་ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཏུ་གྲགས་པ་འདི་གཉིས་ཀྱི་ཡན་ལག་ནི་སྨར་ཁམས་ཀྱི་ཡུལ་སྤྱི་དང། བྱེ་བྲག་ཏུ་ཉག་རེ་བ། གོ་འཇོ་བ། སྡེ་དགེ་བ། འབལ་ཐང་བ། ལི་ཐང་བ། མི་ཉག་བ། ཁ་བ་དཀར་པོ།  འཇང་ཐང་བ། རྒྱལ་ཐང་བ། ས་ཐང་བ། རྒྱ་ནག་རི་པོ་རྩེ་ལྔ་སོགས་ལ་དགོན་པ་དང་ལྷ་ཁང་བརྒྱ་ཕྲག་མང་པོ་དར་ཁྱབ་གྱུར་བས། ཉི་ཟླ་དང་སྐར་ཚོགས་འདྲ་བའི་མཁས་པ། ཁྱུང་ཆེན་དང་རི་སྐྱེ་འདྲ་བའི་གྲུབ་ཐོབ་བགྲངས་བྱ་ལས་འདས་པར་བྱོན་པ་དག་གིས་སྐལ་ལྡན་གྱི་སློབ་མ་རྣམས་ཕན་བདེ་བསྐྲུན་པའི་ཕྱག་རྗེས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་སྟེ། འཇམ་མགོན་ས་པཎ་ཆེན་གྱིས་སྤྲིངས་ཡིག་ལས། དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་རབ་གང་བ། །གྲུབ་པའི་གནས་མཆོག་ཤོ་དགོན་དབེན་གནས་སུ། །བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་འབུལ། །ཞེས་གསུངས་པ་ལྟར་སྐབས་སུ་འབབ་པའི་དོན་སྙིང་དེ་ཙམ་གྱིས་ཆོག་པར་བྱས།                  

                       ༼བཞི་པ་ཉམས་རྐྱེན་དོན་སྙིང་༽

སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་སོག་པས་སྔ་ཕྱི་ལན་གསུམ་གནོད་འཚེ་ཕོག་ཅིང་། ལྷག་པར་ལན་གསུམ་པར་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དང་ཏཱ་ལའི་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས་ཆོས་ལུགས་འཐབ་འཛིང་འོག་ཏུ་ཏཱ་ལའི་ལྔ་པས་སོག་པོ་གུ་ཤཱི་ཁང་དཔུང་རོགས་སྦྲན་ཏེ། ཨ་མདོ་ནས་།  ཁམས། ལྷ་ས། གཙང་གི་བར་བཀའ་བརྒྱུད་པའི་དགོན་པ་རྣམས་གཏོར་ནས་དགེ་ལུགས་སུ་བསྒྱུར་འགོ་བཙུགས། སྐབས་དེར་ཁམས་ལ་སྨར་ཡེལ་གཉིས་ཞེས་གྲགས་པ་ཆེན་ཤོས་གཉིས་ཀྱི་དགོན་སྡེ་ཁག་ལ་གྱོང་གུད་འཚབ་ཆེན་ཕོག་ཅིང་། ལྷག་པར་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་བཀྲ་ཤིས་ཤོ་དགོན་ལ་ལོ་༢༠་རིང་སོག་པོས་དམག་སྒར་བྱས་ནས། རིན་ཐང་བྲལ་བའི་གསུང་རབ་ཕལ་མོ་ཆེར་དྲང་སྲོང་མེའི་ཞལ་དུ་བཏང་ཞིང་མཆོད་རྫས་གཏོར་བ་སོགས་རིགས་གནས་གསར་བརྗེ་དང་པོར་གྱུར།  ཕྱི་ལོ་༡༩༥༩་ལོ་གུང་ཁྲན་ཏང་གིས་བོད་ཁྱོན་ཡོངས་ལ་ཆོས་དང་རིགས་གཞུང་གཏོར་བའི་ཁྲོད་དུ། སྨར་ཚང་བཀའ་བརྒྱུད་ཀྱི་ཤུལ་ལུས་རྣམས་སྐྱར་དུ་འཐོར་བཤིག་སོང་བ་ནི་རིགས་གནས་གསར་བརྗེ་གཉིས་པར་གྱུར།   

                         ༼ལྔ་པ་དོགས་སེལ་སྙིང་བསྡུས༽

བོད་ཀྱི་ནང་ཆོས་འདི་ཐེག་པ་གསུམ་དང་གྲུབ་མཐའ་བཞི་མདོ་སྔགས་གཉིས་ཀྱི་བརྒྱུད་པ་དང་མན་ངག་གི་ཆུ་བོ་འབྱུང་ཁུངས་ལ་རྗེས་དེད་བྱས་ན། རྒྱ་གར་ནས་བྱུང་བ་ཤ་སྟག་ཡིན་པ་ལས་བོད་པས་གསར་བཟོ་བྱས་པ་གཅིག་ཀྱང་མེད། གལ་སྲིད་གཏེར་ཆོས་ལྟ་བུ་བྲག་རྡོ་ལས་སྟོན་པ་གྲགས་པ་རྣམས་ནི་རྩོད་མེད་ཡོངས་སུ་གྲགས་ཡིན་པ་ཤིན་ཏུ་དཀོན། ཡི་དམ་གྱི་ལྷ་དང་དབང་ལུང་མན་ངག་ཚད་ལྡན་རྣམས་ཀྱང་རྒྱ་གར་ནས་ཁུར་ཡོང་བ་འབའ་ཞིག་ཡིན་པ་ལས། བོད་པས་གསར་སྟོན་གྱི་ཡི་དམ་ལྷ་དང་དབང་ལུང་མན་ངག་ནི་གཅིག་ཀྱང་མེད། མ་དཔེ་རྩ་ཚིག་ཤོག་བུ་བཅུ་ཡོད་ན་བོད་པས་ཡན་ལག་མང་པོ་སྤྲོས་ཤིང་ཁ་གསལ་གོ་བདེ་བཟོས་པར་མངོན་གསལ་དོན་པོ་རེད།

གལ་སྲིད་རང་ཟོ་བྱས་མཁན་རེ་ཟུང་ཡོད་ནའང་ལྷ་དང་བླ་མ་ཚུལ་མཐོང་ཡུལ་ལས་འདས་པ་ཞིག་གིས་རྨི་ལམ་འོད་གསལ་ནས་སྩལ་བྱུང་ཟེར་བ་དང་། ཡང་ན་རྨི་ལམ་ནང་དུ་ཞིང་ཁམས་ག་གེ་མོར་ཁྲིད་ནས་གནང་བྱུང་ཟེར་བ་སོགས་ཁ་གཡར་ས་འཚོལ་དགོས་ཐུབ་པ་ནི།  ངས་བཟོ་བ་ཡིན་ཟེར་ན་རྟོག་བཟོ་དང་ཁུངས་མེད་རེད་ཅེས་དགག་པ་ཚ་ཐག་ཆོད་རེ་རྒྱག་པའི་ཉེན་ཁ་ལ་འཇིགས་པས་རེད། ཡ་མཚམ་པ་ཞིག་ནི་རྒྱ་གར་བ་བླ་མ་ཚོས་ཅི་གསུངས་ཚད་མ་དང་ཅི་བྱས་རྟོགས་སྤྱོད་ཡིན་སྣང་ཤར་བ་ལས། རྟོག་བཟོ་ཡིན་མིན་ལ་དཔྱད་མི་བཟོད་པ་ལྟ་བུའི་སྣང་བ་ཡ་མཚན་ཅན་མང་པོ་ཡོད། རྗེ་སྒམ་པོ་པའི་ལམ་རིམ་ཐར་རྒྱན་དང་རྗེ་ཙོང་ཁ་པའི་ལམ་རིམ་སོགས་མདོ་གཞུང་ནས་མང་པོ་ལུང་དྲངས་པའི་ཆོས་གཞུང་རྣམས་ལ་གསར་བཏོད་ཀྱི་སྒྱུ་རྩལ་ དང་། ཁྲིད་ལུང་གི་མན་ངག་ལྡན་པའི་གདམས་ཆེན་ཞིག་བརྩིས་ནས་ཉམས་ལེན་མཐིལ་དུ་བཅངས་པ་ལས་རྟོག་བཟོ་དང་ཁུངས་མེད་རེད་ཅེས་དགག་པ་རྒྱག་སྲོལ་མེད་ལ། བརྩམས་པ་པོ་དེ་དག་གིས་ཀྱང་ཚིག་དུམ་རེའི་རྗེས་སུ་རྒྱ་གཞུང་ག་གེ་མོ་རེ་ནས་རྒྱབ་རྟེན་གྱི་ལུང་རེ་དྲངས་པ་ནི་དོན་དངོས་རྟོག་བཟོ་བྱས་མེད་ཅེས་དཔང་བརྟགས་ཡང་ནས་ཡང་དུ་སྟོན་པ་ལྟ་བུ་ཡོད། རྗེ་མིེ་ལ་རས་པ་ལྟ་བུ་བོད་པའི་གྲུབ་ཆེན་རྣམས་ཀྱིས་མགུར་གྱི་དབྱངས་རྟ་ལས་དྲངས་པའི་ཆོས་ཚིག་རེ་ལའང་རྒྱ་གཞུང་ག་གེ་མོར་མཐུན་ཡོད་མེད་དོན་གཉེར་ཆེན་པོས་དཔྱད་ཅིང་། རྒྱ་གཞུང་ལ་ཐུག་དུས་ནོར་མ་མངོན་སུམ་མཐོང་ན་ཡང་དཔྱད་མི་ཕོད་པ་ལྟ་བུ་དཔང་འཁུམས་པ་ནི་དངོས་གནས་དགོད་ཤོར་མོ་ཞིག་རེད། རྒྱ་གར་ནས་དར་བའི་མདོ་སྔགས་གཉིས་ཀྱི་ཁྲིད་ལུང་མན་ངག་ཀུན་གྱི་རྒྱུད་པ་དེ། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ཕན་ཚུན་གཅིག་ཀྱང་མ་འདྲིས་པ་དང་། མ་ཐིམ་པ། མ་གོས་པ། མ་འཐོར་བ་ཆོས་བརྒྱུད་ཡལ་ག་བ་ཁེ་རྐྱང་གཅིག་གིས་ཉམས་ལེན་ཁེ་རྐྱང་བྱས་པ་ནི་གཅིག་ཀྱང་བསྟན་རྒྱུ་མེད། དེ་དག་ཆོས་བརྒྱུད་གང་ལས་བྱུང་ཡང་རྒྱུད་པའི་བར་ཐག་མ་ཆད་པ་ཕྲེང་རྡོ་བསྒྲིག་པ་ལྟར་ཡོད་མེད་དེ་དོན་གནད་ངོ་མ་ཡིན་པས། འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདིས་ཀྱང་རྩ་བའི་སྡོང་པོ་བཀའ་གདམས་པ། བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྫོགས་ཆེན་པ་ལས་འོང་བ་ཤ་སྟག་ཡིན་པས། ད་ལྟའི་བར་སྨར་ཚང་གི་རྒྱུད་པ་བཞུགས་པ་རྣམས་ཀྱང་ཆོས་ལུགས་དེ་དག་གང་རུང་གི་བླ་མ་རྣམས་ཀྱིས་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཡིན། དཔེར་ན། ཆོས་རྗེ་སྨར་པ་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་བསྒོམས་བསྒྲུབས་བྱས་པའི་མྱོང་བ་མངོན་ཐོན་གྱི་མན་ངག་དང་། ཕག་གྲུ་སོགས་བཀའ་བརྒྱུད་ཀྱི་གདམས་ངག་ཀུན་གྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་པའིི་ཕྱག་ཆེན་མན་ངག་རྒྱ་མཚོ་དང་།  ཕྱག་ཆེན་སྙིང་བཅུད། རི་ཆོས། སྨར་ཁྲིད་བདེ་ཆེན་མྱུར་ལམ་སོགས་མན་ངག་ཟབ་མོ་རྣམས་སྲས་ཀྱི་ཐུ་བོ་འགྲོ་མགོན་རིན་ཆེན་དང་། རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་སོགས་ལ་སྙན་བརྒྱུད་དང་རིང་བརྒྱུད་ཅི་རིམ་ཞིག་བསྩལ་བར་མཛད། མན་ངག་ཟབ་མོ་རྣམས་རྒྱལ་བ་ཡང་དགོན་པའི་སྲས་ཀྱི་ཐུ་བོ་རྗེ་བཙུན་སྤྱན་སྔ་བ་བྱང་ཆུབ་གྲགས་པའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་གྲུབ་ཆེན་དབུ་རྩེ་བ་བསོད་ནམས་ཡེ་ཤེས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སྤང་མཁན་ཆེན་དྲི་མེད་འོད་ཟེར་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་འགྲོ་མགོན་དཀོན་མཆོག་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་རྗེ་ཆོས་ཀྱི་རྡོ་རྗེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། རྗེ་ཡེ་ཤེས་རྒྱལ་མཚན་གྱིས་སྔར་ཡོད་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོའི་ནང་དུ་ཁོང་གི་མྱོང་བ་དང་རྙིང་ཆོས་འཕར་སྣོན་རྒྱག་པའི་བྲིས་མ་ཤོག་གྲངས་ལྔ་བརྒྱ་ཉེར་ལྔ་ཙམ་ཡོད་པ་ཞིག་ཏུ་གྱུར། ཕྱག་ཆེན་འདིའི་རྒྱུད་པ་ལ་མཚོན་ན། རྗེ་དེའི་ཐུགས་སྲས་རྒྱལ་མཚན་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་དཀོན་མཆོག་རྡོ་རྗེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཤཱཀྱ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བྱང་ཆུབ་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བཀྲ་ཤིས་རྒྱལ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སྟོན་པ་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་རྡོ་རྗེ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སངས་རྒྱས་བཀྲ་ཤིས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཆོས་ཉིད་རྒྱ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་པདྨ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཐུབ་པ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བླ་མ་ཐེག་མཆོག་གི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།  དེའི་ཐུགས་སྲས་བསྟན་པའི་ཉི་མའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཆོས་ཀྱི་དབང་པོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།  དེའི་ཐུགས་སྲས་ལུང་རྟོགས་རྒྱ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སྐྱིད་ལུང་མཁས་མཆོག་གི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཆོས་ཀྱི་བློ་གྲོས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་དཀོན་མཆོག་ཆོས་འཕེལ་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཡོན་ཏན་མགོན་པོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་པདྨ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བླ་མ་ཚེ་རིང་ཆོས་འཕེལ་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་མཁན་ཆེན་ལེགས་བཤད་འབྱོར་ལྡན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུསག་སྲས་རྒྱལ་མཚན་འོད་ཟེར་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།  དེའི་ཐུགས་སྲས་འཇམ་དབྱངས་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན་པས་རྟོགས་པ་ནམ་མཁའ་དང་མཉམ་པའི་གྲུབ་པའི་དབང་ཕྱུག་མང་དུ་བྱོན་ཞིང། འདི་ལ་བརྒྱུད་པ་གཉིས་ཡོད་པས་བརྒྱུད་པ་གཞན་གཅིག་ནི་སྟག་བླ་ནས་བརྒྱུད་པ་རིམ་བཞིན་གཏེར་སྟོན་བདུད་འདུལ་གླེང་པ། དེའི་ཐུགས་སྲས་ཁྲོ་རུ་འཕྲིན་ལས་རྒྱ་མཚོ། དེའི་ཐུགས་སྲས་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ། དེའི་ཐུགས་སྲས་ཆོས་གྲགས་རྒྱ་མཚོ་བཅས་ཡིན།  

                       ༼དྲུག་པ་ལོག་སྨྲ་ཚར་གཅོད་པ༽

 ཕྱི་ལོ་༡༩༨༤་ལོ་རྒྱ་རིགས་ཀྲང་དབྱི་སུན་གྱིས་སྒྲིག་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་སྨད་ཆ་ལས།  (སྨར་ཚང་ཤེས་རབ་སེངྒེ་། སྨར་ཚང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པོ་ཡིན། ཕྱིས་སུ་ལུགས་དེ་ཁམས་དཔལ་ཡུལ་གྱི་རྙིང་མ་པ་དང་གཅིག་ཏུ་དྲིལ་ནས་དེའི་བླ་མ་རྣམས་ལ་ཀརྨ་པའི་ཡང་སྲིད་ཟེར།) ཞེས་ཀྲང་དབྱི་སུན་གྱིས་སྨར་པ་ཤེས་རབ་ཡེ་ཤེས་ལ་ཤེས་རབ་སེངྒེ་ཞེས་མིང་ཚིག་ཇི་བཞིན་མི་ཤེས་པ་འདི་ཙམ་གྱིས་ཆོས་རྒྱུད་ཀྱི་གནད་མི་ཤེས་པའི་མདོག་རྗེན་པ་བསྟན་འདུག་ལ། སྨར་ཚང་དཔལ་ཡོན་ལ་གཅིག་ཏུ་དྲིལ་ནས་དེའི་བླ་མ་རྣམས་ཀརྨ་པའི་ཡང་སྲིད་ཟེར་ཞེས་པའི་ཚིག་དུམ་འདི་སྒྲ་ཇི་བཞིན་དུ་ཁས་བླངས་ན། ཀརྨ་པ་སྨར་ཚང་གི་བླ་མའི་ཡང་སྲིད་ཡིན་པ་ཐལ། ཚིག་དུམ་གཅིག་གི་བརྗོད་གཞི་ཡིན་པའི་ཕྱིར། ཚིག་སྔ་མ་ངས་འདོད་པ་དང་མཐུན་པས་སྒྲ་ཇི་བཞིན་ཡིན། ཕྱི་མ་ངས་འདོད་པ་དང་མི་མཐུན་པས་སྒྲ་ཇི་བཞིན་མིན་ཟེར་བ་ལས་འོས་མེད། སྨར་ཚང་བཀའ་བརྒྱུད་དཔལ་ཡོན་ལ་དྲིལ། ཀ་ཐོག་ལ་ཐིམ་ཟེར་བ་རྣམས་ཚིག་རྗེས་ཚིག་གིས་དེད་དུས་གཡག་གི་དཔང་པོ་ཁྱི། ཁྱིའི་དཔང་པོ་ཞི་མི། ཞི་མིའི་དཔང་པོ་བྱི་བ་ལ་ཐུག་པ་ལྟར། ཚིག་མཛོད་ནང་དྲིལ་ཟེར་བ་འདིར་ཁུངས་གཏུགས་ནས་གཞི་མེད་ཀྱི་སྒྲོ་འདོགས་འབའ་ཞིག་ལས་དོན་སྙིང་སྐྲ་རྩེ་ཡང་མེད།

རག་མགོ་རིན་པོ་ཆེས་སྨར་ཚང་གདན་རབས་ལས། (ཀ་ཐོག་གི་བླ་མ་བཀྲ་ཤིས་རྒྱ་མཚོས་ཁྱད་པར་ཁྲིད་ཡིག་ཁྲེགས་ཆོད་སྐབས་སྨར་ཚང་ཕྱག་ཆེན་རྩལ་འདོན་དང་། དགོངས་པ་ཟང་ཐལ་ཐོད་རྒལ་དང་སྦྱར་བའི་ཕྱག་རྫོགས་དབྱེར་མེད་ཀྱི་ཁྲིད་ཡིག་མཛད་པའི་ཁྲིད་རྒྱུད་དཔལ་ཡོན་དུ་བཞུགས་པ་འཇམ་མགོན་རིན་པོ་ཆེའི་གདམས་མཛོད་དུ་སྨར་ཚང་ཁྲིད་རྒྱུད་འདི་ལས་གཞན་མ་བྱུང་)། ཞེས་གསུངས་པ་འདི་ལུང་དྲངས་ནས་སྨར་ཚང་དཔལ་ཡོན་ལ་དྲིལ་བའི་སྒྲུབ་རྟགས་བཀོད་པ་དེ་ནི། བཀྲ་ཤིས་རྒྱ་མཚོས་བྲིས་པའི་གཞུང་འདི་འདྲ་ཞིག་ཀོང་སྤྲུལ་གྱི་གདམས་མཛོད་ནང་དུ་གཏན་ནས་མེད་པ་ནི། བུ་ཡེ་ནས་མེད་ཀྱང་ངའི་བུའི་མིང་ལ་ཟླ་བ་གྲགས་པ་ཟེར་བ་ཡིན་ཞེས་པ་ལྟ་བུ་རེད། དཔེར་ན། ཕྱི་ལོ་༢༠༡༢་ཕྱི་ལོ་༢༠༡༣་ལོར་གཞི་བྱེས་གཉིས་སུ་ཡོད་པའི་ཀོང་སྤྲུལ་གྱི་གདམས་མཛོད་པར་མ་ཁག་གསུམ་ལ་ཉུལ་ཞིབ་བྱས་ཀྱང་རྙེད། གཞུང་དེའི་རྒྱུད་འཛིན་པ་ཡིན་ཚུལ་གྲགས་པའི་དཔལ་ཡོན་བ་བླ་མ་ཀུན་བཟང་ཤེས་རབ་ཟེར་དེ་བཙལ་དུས། ཁོང་འདས་ནས་ཡང་སྲིད་ལོ་བརྒྱད་ཅུ་སོན་པའི་སྤྲུལ་སྐུ་ཐུབ་བཟང་ལ་ནན་དྲིས་བྱས་དུས། ཁོང་གིས་ཀྱང་གདམས་མཛོད་དང་རིན་ཆེན་གཏེར་མཛོད་གང་རུང་ལ་ཡོད་ཚུལ་རྣ་ཐོས་གོམས་འཇག་དབང་གིས་ཡིན་སྣང་ཙམ་ལས་དོན་དངོས་འདྲེན་བྱེད་མིག་གིས་གཏན་ནས་མཐོང་མྱོང་མེད་པར་ཐག་ཧྲིལ་གྱིས་ཆོད་སོང་། ད་དུང་འདོད་པ་མ་ཚིམ་པས་དཔལ་ཡོན་དགོན་གྱི་མཁན་རྒན་སྐལ་བཟང་ལ་དྲི་བ་ཐེངས་གཉིས་ཕུལ་ཡང་བརྡ་ལན་གཅིག་ཀྱང་མཛད་མ་བྱུང། དེས་ན། རག་མགོ་རིན་པོ་ཆེས་ཀྱང་ངག་སྒྲུང་ཞིག་ལ་ཡིད་ཆེས་བྱས་ནས་བྲིས་པ་རེད་འདུག་ཅེས་མགྲིན་པ་བཏེགས་ནས་སྨྲ་བར་བྱ། ཨ་རི་བ་Gene Smith་ཟེར་བ་ཞིག་གིས་ཀྱང་དཔེ་དེ་ལ་བལྟས་ནས་བཤད་ཁུལ་བྱས་པ་ནི་རི་བོང་ཅལ་འདྲོགས་ཉིད་དུ་གྱུར་ཡོད།                      

                        ༼བདུན་པ་རྟགས་ནག་སུན་ཕྱུང་བ༽

སྨར་ཚང་དཔལ་ཡོན་ལ་དྲིལ་བ་ཡིན་ཏེ། བཀྲ་ཤིས་རྒྱ་མཚོས་སྨར་ཚང་ཕྱག་ཆེན་གྱི་འགྲེལ་བ་བྲིས་ནས་དཔལ་ཡོན་བས་ཉམས་ལེན་བྱས་པའི་ཕྱིར་ཟེར་བ་དང་། སྨར་ཚང་ཀ་ཐོག་ལ་ཐིམ་པ་ཡིན་ཏེ། སྨར་ཚང་ཕྱག་ཆེན་ཀ་ཐོག་པས་ཉམས་ལེན་བྱས་པའི་ཕྱིར་ཟེར། གནམ་ས་གཡོ་བ་ལྟ་བུ་འུར་བོ་ཆེ་དེ་མཐར་ཐུག་ན་སྒྲུབ་བྱེད་འདི་ཙམ་ལ་ཐུག་པ་དགོད་རེ་བྲོ། འོན་ན། རེ་རེ་བཞིན་རིགས་མཚུངས་ཀྱི་ཐལ་བ་རེ་འཕངས་ན།

 རྙིང་དགེ་བར་གྱི་ཐལ་བ། རྒྱལ་བ་ལྔ་པས་རྙིང་ཆོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་བསྒྲིགས་པའི་གསང་བ་རྒྱ་ཆེན་གྱི་ཁྲིད་ལུང་ད་ལྟ་བར་དགེ་ལུགས་པའི་ནང་དུ་བཞུགས་ཡོད་པས། རྙིང་མ་པ་དགེ་ལུགས་ལ་གཅིག་ཏུ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར། མཁན་པོ་འཇིག་མེད་ཕུན་ཚོགས་ལ་རྗེ་ཙོང་ཁ་པས་ལམ་རིམ་ཉམས་མགུར་མ་ཉེར་བརྒྱུད་སྩལ་ཚུལ་གསུངས་ནས་བླ་རུང་མཁན་བླ་ཚོས་རྒྱུན་སྤེལ་གནང་མུ་ཡིན་པས། དགེ་ལུགས་པ་རྙིང་པ་ལ་དྲིལ་བ་དང་ཐིམ་བར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

 བཀའ་རྙིང་བར་གྱི་ཐལ་བ།  ཞྭ་དམར་སྤྱན་སྔ་བས་རྙིང་མའི་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་གྱི་འགྲེལ་པ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཁྲིད་ཡིག་བྲིས་ཤིང་། ཀོང་སྤྲུལ་གྱིས་ཀློང་སྡེ་རྡོ་རྗེ་ཟམ་པ་ཟེར་བ་སོགས་རྙིང་ཆོས་ཀྱི་འགྲེལ་བ་བྲིས་ནས་ཀཾ་ཚང་བཀའ་བརྒྱུད་ཀྱིས་ཉམས་ལེན་བྱས་མྱོང་པས། རྙིང་མ་པ་ཀཾ་ཚང་བཀའ་བརྒྱུད་ལ་དྲིལ་བ་དང་ཐིམ་བར་ཐལ། སྒྲུབ་བྱེད་སྒོ་ཀུན་ནས་མཚུངས་པའི་ཕྱིར།

 རྙིང་ཟུར་བར་གྱི་ཐལ་བ།  ཟུར་མང་པདྨ་གར་དབང་གིས། རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་འགྲེལ་བ་ བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་བྲིས་ནས་ཟུར་མང་བཀའ་བརྒྱུད་ཀྱིས་ཉམས་བཞེས་མཛད་མྱོང་ཡོད་པས། རྙིང་པ་ཟུར་མང་བཀའ་བརྒྱུད་ལ་ཆུ་བོ་གཉིས་འདུས་ཡིན་པར་ཐལ། སྒྲུབ་བྱེད་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།

ས་བཀའ་བར་གྱི་ཐལ་བ། ཕག་མོ་གྲུ་པས་ལམ་འབྲས་ཀྱི་མན་ངག་གནད་བཅུ་གཅིག་དང་།  ལམ་འབྲས་ཕྱག་རྒྱའི་ཁྲིད།  ལམ་འབྲས་ཀྱི་ཞལ་གདམས་སོགས་གཞུང་འགྲེལ་མང་པོ་བྲིས་ནས་ཕག་གྲུ་བཀའ་བརྒྱུད་ཀྱིས་ཉམས་ལེན་བྱས་མྱོང་ཡོད་པས།  ས་སྐྱ་པ་ཕག་གྲུ་བཀའ་བརྒྱུད་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ས་དགེ་བར་གྱི་ཐལ་བ། ངག་བརྒྱུད་ལ་ས་མི་སྐྱ་ན་དགེ་མི་ལུགས་ཞེས་པ་ལྟར། རྗེ་ཙོང་ཁ་པས། ས་སྐྱའི་བླ་མ་རེ་མདའ་བ། བླ་མ་དབུ་མ་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་ཐོས་བསམ་སྒོམ་གསུམ་མཛད་ཅིང། ལྷག་པར་བླ་མ་དབུ་མ་པ་ལས་དབུ་མའི་ལྟ་བ་མཐར་ཐུག་རྙེད་པར་གྲགས་པས། ས་སྐྱ་པ་དགེ་ལུགས་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ཕ་བོང་ཁ་པས་ས་སྐྱའི་རྣལ་འབྱོར་མའི་འགྲེལ་བ་བྲིས་པ་རྣམས་དུས་ད་ལྟའི་བར་དགེ་ལུགས་པས་ཉམས་ལེན་བྱས་ཤིང་། འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་བླ་མ་གནས་གསར་བའི་དྲུང་ནས་རྣལ་འབྱོར་མའི་དབང་ཁྲིད་ཞུས་ནས་མཁའ་སྤྱོད་བསྐྱེད་རྫོགས་ཟབ་མོའི་བཀའ་ཁྲིད་བྲིས་པ་དེ་དགེ་ལུགས་པས་ཉམས་ལེན་བྱས་པས། ས་སྐྱ་པ་དགེ་ལུགས་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

བཀའ་དགེ་བར་གྱི་ཐལ་བ།  རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོའི་འགོ་གི་མཆོད་བརྗོད་ལས། གསང་སྔགས་མཛོད་འཛིན་ལྷོ་བྲག་མར་པ་ཞགས། །ཞེས་བསྟོད་པ་ལྟར། དགེ་ལུགས་པའི་གསང་འདུས་མར་ལུགས། བདེ་མཆོག་འགོས་ལུགས། ཆོས་སྐྱོང་ཤངས་ལུགས་གསུངས་པ་ལྟར། གསང་བ་འདུས་པ་མར་པ་ལོ་ཙྭ་བའི་བརྒྱུད་པ་འཛིན། བདེ་མཆོག་འགོས་ལོ་ཙྭ་བའི་བརྒྱུད་པ་འཛིན། ཆོས་སྐྱོང་ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་པ་འཛིན་ཞིང། པཎ་ཆེན་བློ་བཟང་ཆོས་རྗེ་ཡིས་བཀའ་བརྒྱུད་པའི་ཕྱག་ཆེན་གཞི་འཛིན་ནས་དགེ་ལྡན་ཕྱག་ཆེན་བྲིས་ནས་དགེ་ལུགས་པས་ཉམས་ལེན་བྱེད་མུ་ཡིན་པས། བཀའ་བརྒྱུད་པ་དགེ་ལུགས་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེ་མཚུངས་པའི་ཕྱིར།

ཀ་ཚང་དགེ་ལུགས་བར་གྱི་ཐལ་བ།  ཀོང་སྤྲུལ་གྱིས་ཙོང་ཁ་པའི་ལམ་རིམ་ཉམས་མགུར་གྱི་འགྲེལ་བ་བྲིས་ནས་ཀ་ཚང་གིས་རྒྱུད་འཛིན་བྱས་པས། དགེ་ལུགས་པ་ཀ་ཚང་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ས་རྙིང་བར་གྱི་ཐལ་བ། ས་སྐྱ་པ་འཁོན་ཀླུའི་དབང་པོས་སློབ་དཔོན་པདྨའི་ཞལ་ལས་སྙན་བརྒྱུད་ཕུར་པའི་དབང་ལུང་མན་ངག་ཡོངས་རྫོགས་གསན་པའི་རིང་བརྒྱུད། འདི་ལས་ཁུངས་བཙན་པ་ཞིག་ད་ལྟ་གངས་རིའི་ཁྲོད་དུ་མེད་པ་ཞིག་ས་སྐྱ་པས་ཉམས་ལེན་སྙིང་པོ་མཛད་པས། རྙིང་མ་པ་ས་སྐྱ་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།  

ས་སྐྱ་པ་དང་ཆོས་བརྒྱུད་གཞན་གྱི་བར་ཐལ་བ།  བཀའ་བརྒྱུད། དགེ་ལུགས། རྙིང་མ། ཞི་བྱེད། ཇོ་ནང། བུ་སྟོན། ས་སྐྱ་བཅས་ཆོས་བརྒྱུད་ཁག་གི་དབང་ཆེན་དང་རྗེས་གནང་ཕལ་ཆེ་བརྒྱུད་སྡེ་ཀུན་འདུས་དང་། གྲུབ་ཐབས་ཀུན་འདུས་ཀྱི་ནང་དུ་འདུས་ཤིང་། དེ་དག་གི་དབང་ལུང་མན་ངག་ཡོངས་རྫོགས་ད་ལྟ་བར་ས་སྐྱ་པས་རྒྱུན་འཛིན་བྱས་མུ་ཡིན་པས། ཆོས་བརྒྱུད་གཞན་རྣམས་ས་སྐྱ་པ་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར། ཡང་གཅིག་བཤད་ན། བླ་མ་གཅིག་ཆོས་བརྒྱུད་གཉིས་གསུམ་གྱི་བླ་བརྒྱུད་ནང་དུ་ཡོད་པའི་རྒྱུ་མཚན་རྟགས་བཀོད་ནས་དྲིལ་བ་དང་ཐིམ་པ་ཡིན་ཟེར་ན། བེ་རོ་ཙ་ན། མར་པ་ལོ་ཙྭ་བ། ས་ཆེན་ཀུན་དགའ་སྙིང་པོ། གོང་ས་ལྔ་པ། འཇམ་དབྱངས་མཁྱེན་བརྩེ་སོགས་ཆོས་བརྒྱུད་བཞིའི་བླ་བརྒྱུད་ནང་དུ་ཡོད་པས་དྲིལ་དང་ཐིམ་པ་ཁས་ལེན་ཐུབ་བམ། དེ་ཙམ་གྱིས་དྲིལ་བ་དང་ཐིམ་པར་འདོད་ཟེར་ན།

                  ༼བརྒྱད་པ་ཐམས་ཅད་སྨར་ཚང་དྲིལ་བའི་ཐལ་བ༽

 

སྨར་ཚང་དང་ཆོས་ལུགས་གཞན་གྱི་བར་ཐལ་བ། ཁོ་བོ་གངས་རི་ཀརྨ་པས་བློ་ཆོས་རིན་པོ་ཆེ་དང་། ཀིརྟི་མཚན་ཞབས་རི་པོ་ཆེ་ལས་གསང་བདེ་འཇིགས་གསུམ་དང་། རིང་འབྱུང་བརྒྱ་ཚར། མེ་ཏྲི་བརྒྱ་ཚར་གྱི་དབང་ལུང་གི་བརྒྱུད་པ་ཞུས། སྐྱབས་མགོན་༧ གོང་མ་རྡོ་རྗེ་འཆང་ལས་རྙིང་མའི་ཡི་དམ་ཕུང་པ་སྟོད་ལེན་དང་སྨད་ལེན་གྱི་དབང་ལུང་དང་། མར་ལུགས་ཀྱེ་རྡོར། བདག་མེད་མ། བདེ་མཆོག་ལཱུ་ནག་དྲི་གསུམ། རས་ཆུང་བདེ་མཆོག་ཡབ་བཀའ། ཡུམ་བཀའ། རས་ཆུ་མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད། རས་ཆུང་སྙན་བརྒྱུད་ཚེ་དབང་། དྭགས་པོ་བདེ་མཆོག། ཕག་མོ་ལྷ་བཅུ་བདུན། ལྷ་སོ་བདུན། ལྷ་ཉེར་གཅིག་གི་དབང་ལུང། ཀཾ་ཚང་བདེ་མཆོག་དང་ཕག་མོ་ལྷ་སོ་བདུན་གྱི་དབང་ལུང་། ཞི་བྱེད་ཡབ་བཀའ་ཡུམ་བཀའ་དང་། བུ་ལུགས་འཇིགས་བྱེད། ཇོ་ནང་དུས་འཁོར་དང་སྦྱོར་དྲུག་གི་ཁྲིད། བཀའ་གདམས་ཐེག་ལེ་བཅུ་དྲུག་གི་ཁྲིད། སྟག་ལུང་ཀྱེ་རྡོར་སོགས་དབང་ལུང་གི་བརྒྱུད་པ་ཞུས། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་ལས། མཁའ་སྤྱོད་བེའུ་འབུམ་གྱི་དབང་ལུང་ཁྲིད་གསུམ་དང་གུ་རུའི་བར་དོ་ཐོས་གྲོལ། འཁྲུལ་ཤེས་རིན་པོ་ཆེ་ལས་བརྒྱུད་གསང་བ་སྙིང་པོ། རྟོགས་ལྡན་ཨ་འཕྲིན་ལས་ཆོས་དྲུག་སོགས་ཁྲིད་ལུང་ཞུས་ནས་གང་ཐུགས་ཉམས་ལེན་བྱས་པས། བཀའ་གདམས་པ། དགེ་ལུགས་པ། ཞི་བྱེད་པ། ཇོ་ནང་པ། ཀཾ་ཚང་། སྟག་ལུང་སོགས་སྨར་ཚང་བཀའ་བརྒྱུད་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།

              ༼དགུ་པ་ཆོས་བརྒྱུད་ཆུ་བོ་གཅིག་འདྲིས་ལ་ཟུར་ཙམ་དཔྱད་པ།༽

 

སྤྱིར་བོད་ལ་ཆོས་བརྒྱུད་ཆུ་བོ་གཅིག་འདྲེས་དང་གཉིས་འདྲེས་ཞེས་འུར་ཆེན་པོས་སྨྲ་བ་རྣམས་དོན་སྙིང་ངོ་མ་རིག་པ་དང་མཐུན་པའི་སྒྲུབ་བྱེད་ཡོད་མེད་བཙལ་ན། ཆུའི་བུར་ལ་མཛུབ་མོ་བཙུགས་པ་ལྟ་བུ་སྙིང་པོ་ཅི་ཡང་མེད། དཔེར་ན། མཉམ་མེད་སྒམ་པོ་པས་བཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ། བ་ཡུལ་བ། སྙུམ་རུམ་པ། ལྕགས་རི་གོང་ཁ་བ་སོགས་ལས་བཀའ་གདམས་གཞུང་སྨྲ་བ། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་གསུམ་གྱི་བརྒྱུད་པ་གསན་པ་དང་། རྗེ་མི་ལ་རས་པའི་དྲུང་ནས་ཕྱག་རྒྱ་ཆེན་གྱི་བརྒྱུད་པ་གསན་པའི་རྗེས་སུ། ལམ་རིམ་ཐར་པ་རིན་པོ་ཆེ་རྒྱན་བྲིས་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བར་མཛད་མོད་ཀྱང། ལམ་རིམ་ཐར་རྒྱན་གྱི་བརྗོད་བྱ་གཙོ་བོ་བདེ་གཤེགས་སྙིང་པོ། མི་ལུས་རྙེད་དཀའ། བཤེས་གཉེན་བསྟེན་པ། མི་རྟོག་པ། འཁོར་བ། ལས་འབྲས། བྱམས་སྙིང་རྗེ། བྱང་ཆུབ་སེམས། ཕར་ཕྱིན་དྲུག་དང་མདོ་ལུགས་ཀྱི་ས་ལམ་སྙིང་བསྡུས། འབྲས་བུ་དང་འཕྲིན་ལས་སྙིང་བསྡུས་བཅས་བསྟན་པ་དག་ནི་མདོ་ལུགས་ཀྱི་དགོངས་དོན་ཤ་སྟག་ཡིན་པ་ལས། གཉིས་འདྲིས་བྱེད་པའི་རྗོད་བྱེད་ཚིག་གིས་ལམ་ནས་དྲངས་པའི་ཕྱག་ཆེན་དང་བཀའ་གདམས་ཀྱི་མན་ངག་གི་བརྗོད་བྱ་ཆུ་བོ་ཆེན་པོ་གཉིས་འདྲིས་འདུག་སྙམ་པ་ཞིག་མཐོང་རྒྱུ་མི་འདུག་པས། སྐད་ཤུགས་ཆེན་པོས་འདྲིས་ཡོད་ཟེར་རྒྱུ་ཡིན་ན་ཞུ་དོན་ཅི་ཡང་མེད།

རྗེ་ཙོང་ཁ་པས་སྐྱབས་མཆོག་ལོ་ཙྭ་བ་ལས། བཀའ་གདམས་གཞུང་སྨྲ་བ་དང་། ནམ་མཁའ་རྒྱལ་མཚན་ལས་བཀའ་གདམས་ལམ་རིམ་པ་དང་མན་ངག་པའི་བརྒྱུད་པ་གསན་ནས་བྱང་ཆུབ་ལམ་རིམ་ཆེན་མོ་བྲིས་པས། བརྒྱུད་པའི་ཆུ་བོ་གསུམ་གཅིག་འདྲེས་ཀྱི་བཀའ་གདམས་གསར་མ་བ་ཞེས་གཡུ་འབྲུག་གི་ངར་སྒྲ་སྒྲོག་ཀྱང།  ལམ་རིན་ཆེན་མོའི་བརྗོད་བྱ་གཙོ་བོ་བཤེས་གཉེན་བསྟན་པ། བློ་ལྡོག་རྣམ་བཞི། བྱང་ཆུབ་སེམས། ཕར་ཕྱིན་དྲུག་ལ་སོགས་པ་ལམ་སྒྲོན་གྱི་ས་བཅད་བཞིན་དུ་སྐྱེས་བུ་གསུམ་གྱི་དགོངས་དོན་རྣམས་རྒྱས་པ་དྲངས་ཤིང། མཇུག་ཏུ་སྔགས་ལ་འཇུག་ཚུལ་སྙིང་བསྡུས་གསུངས་པ་འདི་མན་ངག་གསུམ་འདྲིས་ཡིན་ན། བཀའ་གདམས་གཞུང་སྨྲ་བ་ལ་ལམ་རིམ་མེད་པ་དང། ལམ་རིམ་བ་ལ་མན་ངག་མེད་པས་ཡ་བྲལ་གྱི་ཉམས་ལན་གསུམ་དེ་ རྗེ་ཙོང་ཁ་པས་ཟླ་སྒྲིལ་བཏང་བ་ལྟ་བུ་སྨྲོས་ན། བཀའ་གདམས་གོང་མ་རྣམས་ལ་སྙོན་འདེངས་པ་མ་ཡིན་ནམ། རྗེ་རིན་པོ་ཆེས་ལམ་རིམ་ནང་དུ་དགག་བྱ་དང་དགག་གཞི་དབྱེར་ཕྱེ་བ་སོགས་ཀུན་ཀྱང་རྒྱ་གཞུང་ལ་ཁུངས་བསྐྱོལ་བ་ལས་གསར་བཏོད་གཅིག་ཀྱང་མེད་པས་བཀའ་གདམས་གསར་མ་ཇི་ལྟར་ཡིན། ས་བཅད་མི་འདྲ་བ་དང་གོ་བྱེད་དཔེ་དང་འགྲེལ་བཤད་རྒྱས་པ་ཙམ་གྱིས་གསར་མ་དང་གསར་བཏོད་ཡིན་ན། དགོངས་འགྲེལ་ཐམས་ཅད་དེ་ལྟར་ཡིན་པར་ཐལ་བས་གསུམ་འདྲིས་དང་གསར་མ་ལ་སྙིང་པོ་ཅི་ཡང་མེད་དོ། །

གཞུང་ཆེན་མོ་དེ་གཉིས་གཉིས་འདྲིས་དང་གསུམ་འདྲིས་པར་འདོད་ན། སྨར་ཚང་འདི་བཀའ་བརྒྱུད་པ་དང་། རྙིང་མ་པ། ཞི་བྱེད་པ་སོགས་གསང་སྔགས་ཀྱི་བརྒྱུད་པའི་ཆུ་བོ་ཐམས་ཅད་གཅིག་འདྲེས་ཀྱི་གྲུབ་མཐའ་ཞིག་ཡིན་ཏེ། སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་ལས། འདིར་ཆོས་ཐསམ་ཅད་ཀྱི་སྙིང་པོ། རྒྱུད་སྡེ་ཐམས་ཅད་ཀྱི་ཟབ་དོན།  རྡོ་རྗེ་ཐིག་པའི་ཞིག་མ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཚེ་གཅིག་ལ་སངས་རྒྱས་པར་བྱེད་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་གྲོལ་ལམ། ཕྱག་རྫོགས་ཞི་གསུམ་གྱི་ཁྲིད་ཐམས་ཅད་ཀྱི་སྤྱི་ཚུན་བསྟན་པར་བྱེད་པ། ཟབ་མོ་ནང་དོན་ཟབ་རྒྱ་ཟུང་འཇུག་བདེན་གཉིས་དབྱེར་མེད་སྙིང་པོ་དོན་གྱི་གཏེར་མཛོད་མན་ངག་རྒྱ་མཚོ་ཞེས་གསུངས་པའི་ཕྱིར། ངས་འདི་ལྟར་བརྗོད་དོན་སྙིང་པོ་རང་ཕྱོགས་གང་བཤད་ཐམས་ཅད་བདེན་པ་དང་། གཞན་ཕྱོགས་གང་བཤད་ཐམས་ཅད་ཁུངས་མེད་ཡིན་པ་རློམ་པ་ཅན་དག་གི་སྣ་སྤུ་ལ་འཐེན་དུས་ཚོར་བ་ཅི་ཡོད་བལྟས་པ་ཙམ་ལས་སྐུ་འདེབས་ག་ལ་ཕོད།

              ༼བཅུ་པ་ཆོས་ལུགས་ཀྱི་ཐ་སྙད་ལ་ཅུང་ཟད་དཔྱད་པ༽

སངས་རྒྱས་ཤཱཀྱ་ཐུབ་པས་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་རྣམ་བཞག་འདི་གདུལ་བྱའི་བློ་རིག་ཆུང་འབྲིང་ཆེ་གསུམ་ལ་ལྟོས་ནས་འཇོག་པར་རྩོད་མེད་ཡོངས་གྲགས་ཡིན་ལ། སངས་རྒྱས་འདས་པའི་རྗེས་སུ་བྱེ་བྲག་སྨྲ་བ་སྡེ་པ་བཅོ་བརྒྱད་བྱེ་པ་ནི་སོ་སོའི་གནས་མིང་དང་དགོན་མིང་ལ་ལྟོས་ནས་ཐ་སྙད་བཏགས་ནས། རང་གི་སྡེ་པ་སངས་རྒྱས་ཀྱི་ཆོས་ཡིན་པ་དང་གཞན་རྣམས་སངས་རྒྱས་ཀྱི་ཆོས་མིན་ཚུལ་རྩོད་རྙོག་གིས་འཁོར་ལོ་བསྐོར་བའི་ལོ་རྒྱུས་རིང་མོ་ཞིག་བྱུང་བར་ལྟར། བོད་པའི་ཆོས་ལུགས་ཀྱི་གྲུབ་མཐའ་ཡང་དུས་

མིང་། ཆོས་མིང་། གནས་མིང་། གང་རུང་ལ་ལྟོས་ནས་བཏགས་པ་ཡིན། དཔེར་ན། དུས་མིང་གི་གྲུབ་མཐའ་རྙིང་མ་པ། གནས་མིང་གི་གྲུབ་མཐའ་ས་སྐྱ་པ། ཇོ་ནང་པ། བོ་དོང་བ། དགེ་ལྡན་པ། ཆོས་མིང་གི་གྲུབ་མཐའ་བཀའ་གདམས་པ། བཀའ་བརྒྱུད་པ། ཞི་བྱེད་པ་བཅས་ལ་གྲུབ་མཐའ་བརྒྱད་ཀྱི་ཐ་སྙད་ཐོགས་ཀྱང་ནང་གསེས་ཞིབ་ན། རྒྱ་གར་ནས་དར་བའི་མདོ་སྔགས་ཀྱི་ཆོས་ཚུལ་ཡན་ག་རེ་དམིགས་ཀྱིས་སྐལ་ནས་འཆད་ཉན་སྒོམ་སྒྲུབ་བྱས་པ་རྣམས་རང་གི་ལྟ་གྲུབ་ཡིན་སྙམ་པའི་རློམས་སེམས་རེ་སྐྱེས་ནས། བཀའ་བསྟན་མང་པོ་ཉུལ་ནས་རང་གི་འདོད་ཕྱོགས་དང་མཐུན་པའི་ལུང་རིག་ཐམས་ཅད་དཔུང་རོགས་སྦྲན་ནས་གྲུབ་མཐའི་མཁར་རྫོང་རེ་བརྩེགས། རིམ་བཞིན་སྨན་ལ་དུག་སྦྱར་བ་ལྟར་ཆབ་སྲིད་ཀྱི་ནད་ངན་ཞིག་འགོས་ནས་རང་གི་གྲུབ་མཐའ་རྒྱ་ཆེན་གོང་མཐོ་གཏོང་ཆེད་མཐོ་དམན་དང་ཆེ་ཆུང་གི་ལམ་སྲོལ་བཏོད་། དཔེར་ན། སྔར་གྱི་རྒྱལ་རབས་ལོ་རྒྱུས་ལ་ཞིབ་ན་རྒྱ་ནག་སྐམ་ས་ཆེན་མོ། ཆེན་པོ་ཧོར། བོད་ཆེན་པོ། བོད་ཆུང་བ་བཅས་ཐ་སྙད་སྔོན་དུ་བསྐྲུན་ནས་དབང་བསྒྱུར་གྱི་ལས་འགུལ་སྤེལ་སྲོལ་དར་བ་ལྟར། ཆོས་བརྒྱུད་ལའང་འགོས་ནས་ཆོས་མིན་གྱི་ལོ་རྒྱུས་རིང་མོ་ཞིག་ཤུལ་དུ་འཇོག་ཡོད། དེ་བཞིན་བརྒྱུད་པའི་སྡོང་པོ་གཅིག་ལས་བྱེ་བའི་བཀའ་བརྒྱུད་ལའང་ཆེ་ཆུང་གི་འགོས་ནད་ཕོག་པས། ཕྱག་ཆེན་དང་ཆོས་དྲུག་གི་བརྒྱུད་པའི་བྱིན་རླབས་ལ་ཆེ་ཆུང་དང། གདམས་ངག་ཆེ་ཆུང་མེད་ཀྱང་ཆེ་ཆུང་གི་ཐ་སྙད་སྦྱར། བརྒྱུད་པ་གོང་འོག་ལ་ལྟོས་ནས་ཆེ་ཆུང་འཇོག་ན། ཆེ་བཞི་འདིས་ཀྱང་་ཆུང་བ་ཡིན་ཏེ། མར་པ་དང་དྭགས་པོ་བཀའ་བརྒྱུད་ལ་ལྟོས་ནས་ཆུང་བའི་ཕྱིར། དགོན་པ་དང་གྲོང་སྡེ་ཆེ་ཆུང་ལ་འཇོག་ན། ད་ལྟ་འབྲུག་པ། ཀཾ་ཚང་། འབྲི་གུང་གསུམ་ཆེ་བ་དང་གཞན་རྣམས་ཆུང་བར་འཇོག་དགོས་པར་ཐལ། རྒྱུ་ཆེ་ཆུང་དང་། ཁྲི་ཆེ་ཆུང་ལ་འཇོག་ན་མར་མེ་དྭགས་གསུམ་གྱི་དགོངས་པ་དང་ཡོངས་སུ་འགལ། བརྒྱུད་པའི་སྡོང་པོ་གཅིག་ལ་མིང་ཆེ་ཆུང་དང་མཐོ་དམན་གྱི་སྒྲོ་སྐུར་མི་འདེབས་པར་མཁྱེན།

འགྲོ་མགོན་གངས་རི་ཀརྨའི་སྐྱེ་ཕྲེང་གི་གྲས་མཐར་ཚུད་པའི་རྒྱལ་ཁམས་པ་ཞིག་གིས་ཕྱི་ལོ་༢༠༡༦་ཟླ་བ་༥་ཚེས་༢༤་ལ་བྲིས་སོ། །