འདི་གངས་རི་ཀརྨའི་སྐྱེ་རབས་བཅུ་གཉིས་ཀྱི་ལོ་རྒྱུས་ཕྱོགས་བསྒྲིག་ཅིག་རྗེས་སུ་འགོད་རྒྱུ་ཡིན

འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་རི་སུན་དང་བྲག་ཕུགས། རྫ་རི་དང་ལྗོན་ཤིང་གི་ཁྲོད་དུ་པཎ་ཆེན་ནྰ་རོ་པའི་སྙན་བརྒྱུད་ཆོས་དྲུག་དང་ཕྱག་རྫོགས་ཟུང་འབྲེལ་གྱི་ཉམས་ལེན་གཅིག་ཏུ་གཞོལ་བས་འཇའ་ལུས་ཀྱི་གོ་ས་བརྙེས་ནས་རང་དབང་དུ་གཤེགས་པའི་མཛད་འཕྲིན་ཟུར་ཙམ་གླེང་ན། འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་མཆོག་སྨར་ཁམས་ཉག་འགན་གྱི་ཡུལ་དུ་གངས་རི་ཚང་གི་ཁྱིམ་དུ་ཕྱི་ལོ་༡༩༡༠་ལྕགས་ཁྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་༤་ལ་ཡབ་ཨ་མཁྱེན་དང་ཡུམ་ཨ་ལོ་སྒྲོལ་མ་རྣམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་གངས་རི་བུ་ཕྲུག་ཅེས་གསོལ།  སྐུ་ཆུང་དུས་བྱིས་རྩེད་སོགས་རྣམ་ཀུན་སྤྱོད་ལམ་ཐམས་ཅད་ཆོས་འཆད་སྒོམ་སྒྲུབ་ཀྱི་ལན་མོ་ཁོ་ན་མཛད། ཉག་འགན་ཕྱོགས་སུ་འབྲུ་རིགས་སེར་བས་སྟོར་ནས་གྲོང་མི་རྣམས་ཡུལ་ངེས་མེད་སྤྲང་སློང་བཞུད་པའི་དུས་སུ་གངས་རི་ཚང་ཡབ་ཡུམ་གཉིས་ཀྱིས་བུ་ཕྲུག་རྣམས་ཁྲིད་ནས་ལོ་ཞིག་རིང་སྤྲང་བཞིན་འགྲིམ་པས། ཁོང་རྣམས་རྡོ་ར་དང་ལྗོན་ཤིང་གི་གསེབ་དུ་སྡོད་ཁང་བྱས་ནས་མི་ཚེ་སྐྱེལ་དཀའ་བའི་གནས་སུ་གྱུར་པས་སྨར་སྟོད་ནོར་གནས་གྲོང་ཁྱིམ་གསར་བཟུང་བྱས། གངས་རི་བུ་ཕྲུག་གིས་ཕ་མ་གཉིས་ལ་རབ་ཏུ་བྱུང་ཆོག་པའི་རེ་འདུན་ལན་མང་ཞུས་ཀྱང་ཁྱིམ་སར་བཟུང་མཁན་གྱིས་དམིགས་བུ་ཡིན་པས་ཞལ་བཞེས་མ་ཐོབ་ན་ཡང་། ལས་ཀའི་ཞོར་དུ་མ་སྐུལ་རང་ཁུར་གྱིས་ཡི་གེ་བྲིས་ཀློག་ལ་འབད་འབུངས་མཐར་ཕྱིན་པར་མཛད། ཡུལ་མི་ཉམ་ཐག་གི་ཁྱིམ་དུ་ཆོས་ཀློག་མཁན་དགོས་ཚེ་གླ་ཡོན་མི་བཞེས་པ་སོགས་ཀུན་གྱིས་ཡིད་སྨོན་བྱས་ཡུལ་ཞིག་ཏུ་གྱུར། ཕྱི་ལོ་༡༩༢༤་ལོར་དགུང་ལོ་བཅོ་ལྔར་སོན་དུས་ཕ་མ་གཉིས་ཀྱིས་འཇིག་རྟེན་ཁྱིམ་པའི་བག་བསུས་བྱས་ཀྱང་མུན་སེལ་སྒྲོན་མེ་ལྷོ་རུ་བཞུད་ཅིང་རྒྱུ་སྐར་གྱིས་བཀོལ་སྤྱོད་བྱས་པའི་ནུབ་མོ་རྨི་ལམ་ནང་དུ་མཁའ་འགྲོ་མ་ཞིག་གིས། ཀྱེེ་གངས་རི་བུ་ཕྲུག་འཁོར་བ་དུག་སྦྲུལ་གྱི་ཚང་ཡིན། ཞེན་ཆགས་བདུད་ཀྱི་ཆོ་འཕྲུལ་ཡིན། མཛེས་མ་སྒྱུ་མའི་རྨི་ལམ་ཡིན། ཁྱོད་ཚེ་རབས་ལས་ཀྱི་བླ་མ་ཕྱོགས་འདིར་ཡོད་པས་སོང་། ཐེ་ཚོམ་མ་བྱོས་ཤིག་ཅེས་ལུང་བསྟན་པའི་ཚིག་དོན་རྣམས་ཐུགས་ཀྱི་འཐིལ་དུ་འཐད་པས་དགྲ་འདུལ་གཉེན་སྐྱོང་གི་ཁྱིམ་ཐབས་ལ་ངེས་པར་འབྱུང་བས་མཚན་མོར་ཁྱིམ་ལས་བྲོས་ཏེ། འབྲི་ཆུའི་བྲིའུ་ཐག་ལས་རྒལ་ནས་འབའ་ཐང་ཕྱོགས་སུ་བསྐྱོད།  འགྲོས་རོགས་རྒན་པོ་ཞིག་གིས་བུ་ཁྱོད་ཀརྨ་གླིང་པའི་དྲུང་དུ་ཆོས་ཞུར་འགྲོ་མཁན་ཡིན་ནམ་ཞེས་དྲིས་ཚིག་སྒྲ་འཛིན་ལས་ཐོས་འཕྲལ། ཐུགས་ཀྱི་པདྨོ་ལས་དད་པའི་ཟིའུ་འབྲུ་བཞད་ཅིང་གཏེར་ཆེན་ཀརྨ་གླིང་པའི་དྲུང་དུ་བཞུད་ནས་ཆོས་ཐུན་འགའ་ཤིག་ཞུས། གཏེར་སྟོན་གྱིས་མཚན་ཀརྨ་རིན་ཆེན་ཞེས་གསོལ་ནས་བྱང་ཀཿ་བཤད་གྲར་ཁྲོ་རུ་འཕྲིན་ལས་རྒྱ་མཚོའི་དྲུང་དུ་མདོ་གཞུང་ལ་ཐོས་བསམ་ཆེད་དུ་མངགས། མཁན་ཆེན་འདི་ཁྲོ་ཕུ་བཀའ་བརྒྱུད་ཀྱི་གདན་ས་སྨད་པ་ཁྲོ་རུ་དགོན་ནས་བྱང་ཀཿ་ལ་བཤད་གྲྭའི་མཁན་པོ་བྱོན་པ་ཞིག་ཡིན། འདུལ་འཛིན་སྟོང་གི་གཙུག་རྒྱན་དུ་གྱུར་པའི་མཁན་ཆེན་དམ་པ་ལས་རབ་ཏུ་བྱུང་བས་བླ་མའི་མཚན་ཟུར་དྲངས་ནས་ལེགས་བཤད་རྒྱ་མཚོ་ཞེས་གསོལ། མཁན་ཆེན་དེ་ཉིད་ལས་སྤྱོད་འཇུག ཕར་ཕྱིན། འདུལ་མཛོད་སོགས་ཕར་མཐའ་མི་མངོན་པའི་གཞུང་ཆེན་ཙྭ་ཐང་ངོགས་སུ་ཐར་ལམ་གྱི་ས་བོན་འདབ་སྟོང་བཞད་པ་ལ། སྐྱེས་མཆོག་བུང་བ་ཞིག་གིས་ཐོས་བསམ་གྱི་བཅུད་མཆོག་རོལ་བས་གཉུག་མའི་སེམས་ཀྱི་གཤོག་སྒྲོ་ཡོངས་སུ་རྒྱས་ཤིང་སྐྱེ་བོ་ཀུན་གྱིས་གུས་བཀུར་བྱེད་ཡུལ་དུ་གྱུར། མཁན་ཆེན་རྡོ་རྗེ་འཆང་ཐུགས་དགྱེས་བརྩེ་ཆེན་པོས་གངས་རི་ཀརྨ་ལ་ལྷུང་བཟེད་དང་འཁར་གསིལ་སོགས་འདུལ་བའི་ཡོ་བྱད་ཕྱག་ཏུ་གནང་ནས་བུ་འདུལ་བ་འཛིན་པ་ཞིག་ཡོང་བའི་སྨོན་ལམ་ཡང་མཛད། གངས་རི་ཀརྨ་མཆོག་བྱང་ཀཿ་བཤད་གྲ་ལ་ལོ་བཅུ་གཉིས་ཀྱི་རིང་ཐོས་བསམ་མཐར་སོན་ནས་སྙིང་རྗེ་རི་ཁྲོད་དུ་ཀརྨ་གླིང་པའི་དྲུང་བྱོན་ཏེ་ཀུན་བཟང་བླ་མའི་ཞལ་ལུགས། གཅོད་ཚོགས་རིན་ཆེན་ཕྲེང་བ། རས་ཆུང་སྙན་བརྒྱུད། རྩ་རླུང་འཁྲུལ་འཁོར། ཞི་ཁྲོའི་དབང་ལུང་། བདེ་མཆོག་དབང་ལུང་། སྨར་ཚང་ཕྱག་ཆེན་གྱི་ཁྲིད་ལུང་། ནྰ་རོ་ཆོས་དྲུག་རྣལ་འབྱོར་མ། ཁྲེགས་ཆོད་དང་ཐོད་རྒལ་སོགས་བཀའ་རྙིང་གི་གསང་ཆོས་ཟབ་མོ་རྣམས་ཐུགས་སུ་ཆུད་པར་མཛད་ནས་ལོ་གཉིས་ཀྱི་རིང་དབེན་ཁྲོད་དེར་སྒོམ་སྒྲུབ་ཀྱི་ཐུན་མཚམས་ལས་གྲོལ་དུས་བླ་མ་ལ་རྟོགས་རྒྱུག་འབུལ་བའི་དུས་སུ། གཏེར་སྟོན་ཀརྨ་གླིང་པ་ཐུགས་མཉེས་པོས་ཕ་རྒན་ངས་གདམས་ངག་ཅི་ཡོད་བུ་ཁྱོད་ལ་བྱིན་ཟིན་པར་ཡིན། ཁྱོད་ཕ་ཡུལ་ལ་ཕྱིར་ལོག་ནས་རི་ཁྲོད་འགྲིམ་ན་སེམས་ཅན་ལ་ཕན་ཐོག་པ་འོངས་ཞེས་ལུང་བསྟན། གངས་རི་ཀརྨ་མཆོག་གིས་ལོ་ཞིག་རིང་བླ་མའི་ཞབས་དྲུང་དུ་སྡོད་ཆོག་པའི་རེ་བསྐུལ་གསོལ་འདེབས་ཞུས་ལན་དུ། བུ་ཁྱོད་ལ་ཀརྨ་ཞེས་མིང་བཏགས་པ་ནི་ཕའི་འཕྲིན་ལས་བུ་ལ་འབྱུང་བའི་རྟེན་འབྲེལ་ཡོད། རིན་ཆེན་ཞེས་གསོལ་བ་ནི་ཁྱོད་རིན་ཆེན་མཚན་ཅན་གྱི་སྤྲུལ་སྐུ་ཡིན་པས་ཕ་ཡུལ་ལ་གདུལ་བྱའི་ལས་འཕྲོ་སྐྱོང་བའི་དུས་འོངས། ཉམས་ལེན་རྩེ་སར་གཟུང་དང་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡོང་། ཁྱིམ་དགོན་མ་ཟུངས། དབེན་དགོན་ཟུངས་ཞེས་སོགས་བཀའ་བསྩལ་བས་མཆེད་གྲོགས་ཇ་རས་གཅོད་པའི་ལྷན་དུ་སླར་སྨར་ཁམས་སུ་བཞུད་པའི་ལམ་བར་དུ་ཇག་པ་གསུམ་གྱིས་དགེ་སྦྱོང་གཉིས་པོའི་སྤྲང་རྫས་རྩམ་པ་དང་། ཇ་ཚ་མར་ཐིགས་རྣམས་ལྷག་མེད་འཕྲོག་ནས་ཕྱིར་ལོག་པ་དང་གངས་རི་ཀརྨས་རང་གི་ཕོར་རུ་དེ་ལྷག་པ་མཐོང་འཕྲལ་དུ། གྲོགས་པོ་ཁྱོད་ངའི་ཕོར་རུ་དེ་ལྷག་འདུག་པར་དགོས་ན་འཁུར་སོང་ཞེས་བོས་པ་དང་། ཇག་པ་སླར་ཡོང་ནས་ཕོར་རུ་དེས་ཀྱང་ཁྱེར་ནས་འགྲོ་བར་ཇ་རས་གཅོད་པ་ཐུགས་ཤིན་ཏུ་ཁྲོས་ཏེ། ཁྱོད་དགྲ་ལ་དཔའ་རྟགས་སྦྱིན། གྲོགས་ལ་གྱོང་ཁ་སྤྲད་ཟེར་བ་དེ་རེད། ཁ་ཟས་འཕྲོག་མཁན་ལ་ཁ་ཕོར་སྦྱིན། ད་མགོ་ཡང་སྦྱིན་ཞིག་ཅེས་ཚིག་རྡུང་བཏང་བ་ལ། གངས་རི་ཀརྨས་གྲོགས་པོ་ངའི་གཉིས་སློང་འགྲོ་ན་ཟས་རག་གི་རེད། ཇག་པ་སློང་འགྲོ་ན་ཟས་རག་རྒྱུ་ཕར་ཞོག་ཉེས་རྡུང་རག་ངེས་རེད། བྱང་ཆུབ་སེམས་དཔས་ལུས་ཀྱང་སྦྱིན་པ་བཏང་གི་ཡོད་ན། ངེད་གཉིས་སྤྲང་ཟས་འདི་ཙམ་བློས་གཏོང་མི་ཐུབ་པ་ཅི་ཡོད། བླ་མའི་དྲུང་བྱང་ཆུབ་སེམས་སྦྱོང་བ་མ་ཡིན་ནམ་ཞེས་སོགས་གསུངས་བཞིན་སྨར་ཁམས་ཕྱོགས་སུ་བསྐྱོད།

སྲིན་ཆེན་བྲག་ལ་གངས་རི་ཀརྨ་མཆོག་གིས་བཅུད་ལེན་བསྒྲུབས་པའི་བྲག་ཕུག

འགྲོ་མགོན་གངས་རི་ཀརྨ་མཆོག་སྨར་ཚང་བཀའ་བརྒྱུད་ཀྱི་རྟོགས་ལྡན་རྣམས་ཀྱིས་རྩ་རླུང་དབང་དུ་བསྒྱུར་ནས་རྩ་སྦྱོང་གི་འཕུར་ལྡིང་ངོམས་སའི་སྲིན་ཆེན་བྲག་རིའི་མདའ་ལ་སླེབས་དུས། ཁོང་གིས་མཆེད་གྲོགས་ཇ་རས་གཅོད་པ་ལ་གནས་བྱིན་རླབས་ཅན་འདིར་ངའི་གཉིས་ཕ་ཆོས་ཟབ་མོ་རྣམས་བསྒོམ་བསྒྲུབ་བྱེད་ན་ལེགས་ཚུལ་གསུངས་པ་དང་། གཅོད་པས་དང་པོ་ངེད་གཉིས་ནང་མི་རྣམས་ཐུག་འཕྲད་བྱས་ནས་སླར་འདིར་ཡོང་ནས་ངས་མཐུ་སྒྲུབ། ཁྱོད་ཀྱིས་བསྒོམ་བསྒྲུབ་ཟེར་བ་ལ། གངས་རི་ཀརྨས་ང་རབ་ཏུ་བྱུང་བ་ནས་བཟུང་ཁྱིམ་པའི་སྒོ་ཐེམ་ཡང་མི་བགོམ་པ་དམ་བཅས་པ་ཡིན་ཞེས་སོགས་གསུངས་ནས་སྲིན་ཆེན་བྲག་གི་ཕུག་པ་ནང་དུ་བཞུགས། ཡབ་ཡུམ་མི་སྲིང་རྣམས་སྲིན་ཆེན་བྲག་ལ་བཅར་ནས་བྲག་ཕུག་སྟོང་པ་ནང་ལ་འཚོ་ཟས་རྙེད་དཀའ་ཚུལ་དང་ཁྱིམ་ནང་དུ་བཞུགས་དགོས་ཚུལ་རེ་བསྐུལ་ཞུས་པ་ལ། གངས་རི་ཀརྨས།
ཕ་ཡིད་བཞིན་ནོར་བུའི་དཀའ་དྲིན་གྱིས། །ལམ་འཁྲུལ་པ་མེད་པའི་ཆོས་ཤིག་རྙེད། །
ཆོས་སྒྲུབ་ནས་ལྟོགས་གཤི་ཐེབས་གྱུར་ན།།ང་བུ་ཕྲུག་བསམ་དོན་འགྲུབ་པ་ཡིན། །
འདི་ཕུང་པོ་འཁོར་བའི་མགྲོན་ཁང་ནང་། །སེམས་མགྲོན་པོ་འགྲོ་འོང་ཅི་ལ་ཞེན། །
ཡུལ་ཁང་ཞིང་འཁོར་བའི་བཙོན་རའི་དབུས། །ཟས་རྒྱུ་ནོར་མི་རྟག་ཅི་ལ་ཞེན།།
ཁྱིམ་འདུན་མ་འཁོར་བའི་སྦྲུལ་ཚང་ནང་། །དོན་སྙིང་པོ་འཛིན་ན་སྡུག་བསྔལ་རེད། །
དེ་སྙིང་མེད་ཤེས་ན་བདེ་བ་ཡིན། ཞེས་མགུར་འདི་གསུངས་ནས་སྐུ་ཚེ་ཧྲིལ་པོར་ཁྱིམ་དུ་མི་འཛུལ་བ་། ཤ་ཟས་མི་བཞེས་པ། རྟ་མི་ཞོན་མི་བ། ལྤགས་པའི་རིགས་ཀྱི་གོས་མི་གྱོན་པ། རྗེ་མི་ལ་དང་རས་ཆུང་པའི་རྣམ་ཐར་རྗེས་སུ་བཟུང་བའི་སྨོན་ལམ་དང་དམ་བཅའ་མཛད། སྲིན་ཆེན་བྲག་གི་ཕུག་པ་ནང་དུ་རྩམ་ཟས་བཅད་ནས་བཅུད་ལེན་གྱི་ཟས་རོལ་ཞིང་འཁྲུལ་སྣང་གིས་ཞེན་ཆགས་བཅོམ་ཕྱིར་ལོ་གཉིས་ཀྱི་རིང་གཅོད་ཀྱི་ཉམས་ལེན་མཛད་དུས་དུར་ཁྲོད་དང་ཆུ་མིག་བརྒྱ་ཚར་ཡང་འགྲིམས།

སྨར་ཚང་གི་གྲུབ་དབང་མང་པོ་བྱོན་པའི་ཡངས་རི་དབེན་ཁྲོད་ཀྱི་བཀོད་པ།

གངས་རི་ཀརྨས་གཏུམ་མོ་སྒོམ་པའི་སྒྲུབ་ཕུག གངས་རི་ཀརྨ་མཆོག་འགྲོ་མགོན་རིན་ཆེན་གྱིས་ཕྱག་བཏབ་པའི་ཡངས་རི་དབེན་ཁྲོད་ཀྱི་ཤར་ཕྱོགས་སུ་སྨར་ཚང་གི་སྐྱེས་མཆོག་དུ་མ་གྲུབ་པ་རྙེད་པའི་སྒྲུབ་ཕུག་རྙིང་མ་ཞིག་གི་ནང་དུ་ཉིན་རེ་བཅུད་ལེན་གྱི་རྡོ་རིལ་བུ་རེ་ཙམ་བཞེས་ནས་ལོ་གསུམ་གྱི་རིང་དཀའ་སྤྱད་ཆེན་པོས་བསྐྱེད་རིམ་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་འདོད་ཆགས་ལམ་དུ་འཁྱེར་བའི་གཏུམ་མོ་བསྒོམས་བསྒྲུབས་མཛད་པས་ཕྱི་ཡི་བདེ་དྲོད་རྒྱས་ནས་དགུན་དུས་ཉེ་འགྲམ་གྱི་ཁ་བ་དང་ཆབ་རོམ་རྣམས་ཞུན་ཡོང་བ་དང་། ནང་གི་གཏུམ་མོའི་བདེ་དྲོད་རྒྱས་ནས་བྱང་སེམས་དགའ་བཞི་རིམ་གྱིས་འདྲེན་པས་བདེ་སྟོང་ཟུང་འཇུག་གི་ཉམས་རྟོགས་ཟབ་མོ་ཐུགས་ལ་རྒྱས། མང་ར་གྲོང་རྒན་མོ་བུ་སྣང་ཟེར་བ་ཞིག་གིས་འོ་མ་ཟོ་ལག་གང་ཕུལ་ནས་ཁོ་མོ་ཚེ་ཕུགས་ཅི་ཙམ་བརྟན་མེད་བཀའ་འདྲི་ཞུས་པ་ལ། གངས་རི་ཀརྨས་འོ་ཟོ་སྟོང་པ་དེ་ཁ་སྦྱར་ནས་ཁྱོད་རང་ཁྱིམ་ནང་དུ་སླེབས་དུས་འོ་ཟོ་ནང་ལ་ལྟོས་དང་ལོ་ཚེ་ཅི་ཙམ་བརྟན་པ་ཤེས་ཡོང་ཞེས་གསུངས་། རྒན་མོས་འོ་ཟོ་ཁ་ཕྱེ་ནས་བལྟས་དུས་མར་རིལ་བུ་བརྒྱ་ཡོད་པས་རྒན་མོ་ལོ་བརྒྱ་བརྟན་པའི་ལུང་བསྟན་པ་སོགས་འགྲོ་བ་མང་པོ་དད་པའི་ས་ལ་བཀོད།

འོད་གསལ་སྒོམ་སྒྲུབ་བྱས་ས་ཨུ་ཀོར་རི་ལ་རྡོ་རའི་སྒྲུབ་ཁང་།

སྒྱུ་འཕྲུལ་གསུམ་བསྟན་སའི་འགག་ཁྲི་དུར་ཁྲོད། འགྲོ་མགོན་གངས་རི་ཀརྨས་ཨུ་ཀོར་རི་ལ་ཕེབས་ཞོར་ཡུམ་དང་གྲོང་མི་མཇལ་བཅར་ཞུ་ཞིང་ཡུམ་གྱིས་བུ་བསྒོམ་བསྒྲུབ་མཐར་ཕྱིན་པའི་སྨོན་ལམ་དང་རྟེན་འབྲེལ་སྒྲིག་པ་ལ། གངས་རི་ཀརྨས། ཕ་ཀརྨ་གླིང་པའི་ཞབས་ལ་འདུད། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཁྱིམ་ཞིང་ལས་འཚོལ་བའི་ཕོ་མོ་ཚོས། །སྡུག་ཚེ་མཐར་སྐྱེལ་བའི་དཀའ་སྤྱད་དེ། །ལྟོ་ཁོག་པ་གང་གི་དཀའ་སྤྱད་ཡིན། །ཚེ་ཕྱི་མར་ཕན་པའི་རེ་བ་མེད། །བུ་ཀརྨའི་ཆོས་ཀྱི་དཀའ་སྤྱད་དེ། །ཚེ་ཕྱི་མར་ཕན་པའི་བདེ་སྐྱིད་ཡོད། །དོང་འཁོར་བ་ལས་གྲོལ་དོན་ཆེན་ཡོད། །དེ་འོ་བརྒྱལ ཆེན་ཡང་སྟོང་ཟད་མིན། །མ་དྲིན་མོ་ཆེན་གྱིས་རྟེན་འབྲེལ་དེས། །བུ་ཚེ་མཐར་འཁྱོལ་བའི་བཀྲ་ཤིས་ཤོག །ཅེས་མགུར་འདི་གསུངས། ཨུ་ཀོར་རི་ལ་བསྐྱོད་ནས་ལོ་གསུམ་གྱི་རིང་ལ་གནམ་ཁེབས་མེད་པའི་རྡོ་རའི་ནང་དུ་སྙིང་ཀ་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་གཏི་མུག་ལམ་དུ་བྱེད་པའི་འོད་གསལ་བསྒོམས་བསྒྲུབས་མཛད་པས། རྩ་རླུང་ལ་རང་དབང་ཐོབ་ནས་ནམ་མཁར་འཕུར་བར་ཐུགས་སྲས་ཆོས་གྲགས་རྒྱ་མཚོ་སོགས་ཡུལ་མི་རྣམས་ཀྱིས་མཐོང་སྣང་དུ་གྱུར། ཡུམ་ཆེན་ཨ་ལོ་སྒྲོལ་མ་འདས་པའི་མཚན་མོར་ཇ་རས་གཅོད་པ་ཁྲིད་ནས་འགག་ཁྲི་དུར་ཁྲོད་སྟེང་དུ་གཅོད་ཀྱི་ལུས་སྦྱིན་མཛད་པའི་མཚམས་སུ་སྤྲུལ་པ་གཅིག་ཌ་དྲིལ་ཐོགས་ནས་ནམ་མཁར་འཕུར་ཞིང་། གཅིག་དུར་ཁྲོད་སྟེང་དུ་ལུས་སྦྱིན་མཛད་། གཅིག་སྒྲུབ་ཁང་ནང་དུ་བཞུགས་པའི་སྒྱུ་ལུས་ཀྱི་སྤྲུལ་པ་གསུམ་སྟོན་ནས་གྲོགས་གཅོད་པ་མི་ཕྱེད་དད་པའི་ས་ལ་བཀོད། ཡུམ་ཨ་ལོ་སྒྲོལ་མ་བདེ་ཆེན་དག་ཞིང་དུ་འདྲེན་པའི་མཛད་འཕྲིན་མ་བུས་རང་གྲགས་སུ་གྱུར།

་་

གུ་རུའི་གནས་མཆོག་ཟངས་མདོག་དཔལ་རིའི་བཀོད་པ། གངས་རི་ཀརྨ་འཇའ་ལུས་ཐོབ་པའི་སྒྲུབ་ཕུག །
འགྲོ་མགོན་གངས་རི་ཀརྨ་མཆོག་སྨར་སྟོད་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གནས་ཁྱད་པར་ཅན་གནས་མགོ་ཞེས་པ་དེའི་ཤར་ཕྱོགས་སུ་བྲག་གཡབ་དཀར་འདྲ་བ་ཞིག་གི་ནང་དུ་ལོ་གསུམ་གྱི་རིང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་ཞེ་སྡང་ལམ་དུ་བྱེད་པའི་རྨི་ལམ་གྱི་འོད་གསལ་དང་ཞི་ཁྲོ་བསྒོམས་བསྒྲུབས་མཛད་པས་འཇའ་ལུས་ཀྱི་རྟོགས་པ་རྙེད་ཅིང་སྒྲུབ་མཚམས་ལས་གྲོལ་བ་དང་ཁྲོ་ཟངས་སྟོང་པ་ནང་མར་ཁུས་བཀང་བའི་སྒྱུ་འཕྲུལ་སྟོན་པས་འགྲོ་མ་མང་པོ་དད་པའི་ས་ལ་བཀོད། མར་ཁུས་བཀང་བའི་ཁྲོ་ཟངས་ཀྱི་ནང་དུ་སྡོང་ཐུར་གཙུགས་ནས་གནས་ཡར་སྟོད་མའི་བྲག་ཕུག་གི་ནང་དུ་བཤམ། ཡུལ་དེ་འགྲོ་བ་རྣམས་ལ་ཐར་པའི་ས་བོན་བཏབ་པ་སོགས་མཛད་འཕྲིན་གྱི་འོད་སྣང་སྨར་ཡུལ་གྱི་གླིང་ཕྲན་ཀུན་ཏུ་འཕྲོས།


རྡོར་ལྷ་མེ་ཏོག་ར་བ། གངས་རི་ཀརྨའི་སྒྲུབ་ཕུག །

སྟག་ར་སྨར་ཡན་དཔོན་གྱིས་གདན་ཞུས་གསོལ་འདེབས་བཞིན་དུ་འགྲོ་མགོན་གངས་རི་ཀརྨ་མཆོག་རྡོ་རྗེ་སེམས་དཔའི་གནས་མེ་ཏོག་ར་བར་ཕེབས་ནས་སྤོ་ཁང་གྲུ་བཞི་ཞིག་གི་ནང་དུ་ལོ་གསུམ་གྱི་རིང་ལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བརྟེན་ནས་ང་རྒྱལ་དང་ཕྲག་དོག་ལམ་དུ་བྱེད་པའི་སྒྱུ་ལུས་དང་རྣལ་འབྱོར་མའི་བསྒོམས་བསྒྲུབས་ལ་དཀའ་སྤྱད་མཛད་པས་ཡི་དམ་ལྷས་ཞལ་གཟིགས་མཛད། སྟག་ར། རྫོང་པ། ཀྲི་པ། ཉག་འགན་སོགས་ཀྱི་འགྲོ་བ་མང་པོ་ཐར་པའི་ས་བོན་བཏབ་ཅིང་ཇག་རྐུན་འཕྲོག་བཅོམ་མི་རུང་བའི་བཀའ་སློབ་ལམ་སྟོན་གྱིས་འགྲོ་བ་མང་པོ་བདེ་སྐྱིད་ཀྱི་ས་བོན་བསྐྲུན་པར་མཛད། 

འདེག་དཔོན་རི་ཁྲོད་དུ་གངས་རི་ཀརྨའི་སྒྲུབ་ཕུག

འགྲོ་མགོན་གངས་རི་ཀརྨ་མཆོག་ཕྱག་ཏུ་ལྷུང་བཟེད་དང་འཁར་གསིལ་ཐོགས་ནས་དགྲ་བཅོམ་འོད་སྲུང་བྱོན་པ་བཞིན་དལ་བུ་འདེག་དཔོན་རི་ལ་ཕེབས་སྟེ། ཕྱི་ལོ་༡༩༥༡་ལོར་རི་ཁྲོད་འདི་ཕྱག་བཏབ་ནས་ལོ་གསུམ་གྱི་རིང་འཇའ་ལུས་འཕོ་བ་དང་འཁོར་ལོ་བདེ་མཆོག་སྒོམ་སྒྲུབ་མཛད། ཐུགས་སྲས་ཆོས་དབྱིངས་རྒྱ་མཚོས་བླ་མ་འཁོར་ལོ་བདེ་མཆོག་གི་སྒྱུ་འཕྲུལ་དུ་མཇལ་བའི་ལོ་རྒྱུས་ཞིབ་ཕྲ་རྣམ་ཐར་ལས་གསལ་ཞིང་། གངས་རི་ཀརྨས་སློབ་མ་རྣམས་ལ་འཇའ་ལུས་འཕོ་བའི་ཉམས་ཁྲིད་མཛད་པའི་དུས་སྐབས་ཤིག་ལ་བཙན་དང་བདུད་ཀྱིས་ཆོ་འཕྲུལ་བསྟན་ནས་གློ་བུར་དུ་ཆར་རླུང་དྲག་པོས་ཁྲོད་དུ་གནམ་ཐོག་རྒྱག་པས། ཐོག་གི་ཁྲོ་ཆུ་ཞ་ཉེ་ཞུན་མ་ལྟ་བུ་སྐུ་ལ་འཐོར་ཡང་ཐུགས་ཏིང་ངེ་འཛིན་ལས་གཡོ་བ་མེད་པའི་ངང་དུ་མགུར་འདི་བླང་། ཐོག་དམར་ཡང་འཁྱེར། །ལུས་གྲུབ་ཐོབ་ཅན། །རྒྱལ་སྲིན་ནམ་མཁའི་མཐུ་དུག་འདུལ། ། རས་ཆུང་ཀརྨའི་དཔའ་དགྲ་ཡིན། །ཞེས་གསུང་བྱིན་རླབས་ཅན་འདིས་གནམ་ཐོག་གི་གནོད་པ་འགོག་བའི་ཆེད་དུ་ཡུལ་མི་རྣམས་ཀྱིས་འདོན་པའི་སྲོལ་དུ་དར། དབྱར་ཁར་ཆོས་གསུང་དུས་རི་བོང་དང་བྱ་རི་དྭགས་མང་པོ་ཉེ་འགྲམ་ཆོས་ཉན་དུ་ཡོང་བ་སོགས་དད་ལྡན་གྱི་ཡིད་དབང་རབ་དུ་འཕྲོག་པར་མཛད།

བརྗིད་ཆགས་ལྡན་པའི་དོན་ཤེལ་རྫ་རི། གངས་རི་ཀརྨའི་གཡའ་རྡོའི་སྒྲུབ་ཕུག །

ཕུ་པ་དཔོན་ཚང་གི་ལྕམ་ཨ་ཤེས་ལགས་ཀྱིས་གདན་འདྲེན་གསོལ་འདེབས་ཡང་ཡང་ཞུས་པའི་རྐྱེན་ལ་བརྟེན་ནས། འགྲོ་མགོན་གངས་རི་ཀརྨ་མཆོག་དོན་ཤེལ་རི་ལ་བྱོན་ནས་གཡའ་རྡོ་བརྩེགས་པའི་སྒྲུབ་ཁང་ནང་དུ་བཞུགས། ཕུ་པ་ཚང་གིས་སྒྲུབ་ཁང་ཞིག་བཞེང་མཆོག་པའི་རེ་བསྐུལ་ཞུས་ཀྱང་མི་ཡིས་མ་མཐོང་བ་ཙམ་བྱུང་ན་དེ་ཆོག་གསུངས་ནས་ཞལ་བཞེས་མི་མཛད། རྫ་རི་དེར་ལོ་ཤས་རིང་བར་དོ་དང་རས་ཆུང་པའི་བསྲེ་བ་བསྐོར་དགུ་སོགས་བསྒོམས་བསྒྲུབས་མཛད་ཅིང་ཐུན་མཚམས་སུ་སློབ་མ་རྣམས་ཉམས་ཁྲིད་དང་མཇལ་བཅར་བའི་དགོས་མཁོ་རྣམས་ཕྲེང་མོ་གཅད་ཙམ་མཛད་ནས་འདོད་དོན་མ་ལུས་ཡོངས་སུ་བཀང་བའི་མཛད་འཕྲིན་རླབས་ཆེན་བསྐྱངས།

ཆུ་གཏེར་བརྡོ་བའི་བཀོད་པ། དོན་ཤེལ་རྫ་སྟོད་ལ་ཆུ་མེད་པས་སློབ་མ་ཚོ་ཐག་རིང་པོ་ཞིག་ལ་ཆུ་ལེན་ཁར་འགྲོ་དགོས་ཀྱི་ཡོད་པར་མཁྱེན་ནས་ཐུགས་སྲས་ཆོས་དབྱིངས་དང་ཆོས་གྲགས་རྣམ་གཉིས་ལ་འཐུང་ཆུ་ཐག་རིང་པོར་ལེན་ས་འགྲོ་དགོས་ན་དུས་ཚོད་འཕྲོ་ལྷག་རེད། སྒྲུབ་ཁང་འོག་ཏུ་ཤུག་པའི་ཕུང་པོ་འགྲམ་ལ་ཆུ་ཞིག་སྟོན་ན་ཡག་ས་རེད་གསུངས་ནས་ཡུན་རིང་ཐུགས་སྨོན་མཛད། ཕྱི་ཉིན་སྔ་ཐུན་གྲོལ་བ་དང་ཆོས་དབྱིངས་ངེད་གཉིས་ཀྱིས་བལྟས་དུས་ས་བརླན་པ་གྱུར་ནས་ཆུ་འབུར་ཡོང་བ་འདུག་པས། དེའི་སྐོར་བཀའ་དྲི་ཞུས་པར་ཆུ་ར་གོ་མོ་ཞིག་བཟོ་ན་འགྲིག་ས་ཡོད་ཅེས་གསུངས། དེ་བཞིན་བྱས་པས་ཆུ་གཙང་མ་དྭངས་སེང་ངེ་བ་ཞིག་རྡོལ་བྱུང་ཞེས་ཐུགས་སྲས་ཆོས་གྲགས་རྒྱ་མཚོས་གསུངས།

ཁྲ་མ་བྲག་ལ་གངས་རི་ཀརྨའི་སྒྲུབ་ཕུག འགྲོ་མགོན་གངས་རི་ཀརྨས་ཁྲ་མ་བྲག་ལ་ཐོད་རྒལ་དང་ཕྱག་རྫོགས་ཟུང་འཇུག་ཏུ་བསྒོམས་བསྒྲུབས་མཛད་པས་ཕྱག་ཆེན་དང་རྫོགས་ཆེན་གྱི་ལྟ་བ་ཐུགས་ལ་འཁྲུངས། རྗེ་འདི་དུས་རྒྱུན་མི་མེད་ལུང་སྟོང་དུ་སྒོམ་སྒྲུབ་ཁོ་ན་མཛད་ནས་བཞུགས་པ་ལ་ཐུགས་དགྱེས་ཤིང། རྒྱུ་ནོར་འབུལ་བ་ཕུལ་བ་ན་གཏན་ནས་བཞེས་སྲོལ་མེད་ཀྱང་། ཕྱི་ལོ་༡༩༥༨་ལོ་ནས་བཟུང་འབུལ་བ་ཕུལ་ཚེ་བཞེས་ནས་དངུལ་གྱི་མཆོད་རྫས་བསྐྲུན་པ་དང་གཟི་བྱུ་རུ་འབུལ་དུས་རྡོ་འདི་ཚོ་མར་རྒྱ་མ་གང་ཙམ་རག་ན་རྗེས་ཤོག་གསུངས། ལོ་དེ་ཟླ་བ་༡༢་པའི་ནང་ཉིན་ཞག་བདུན་གྱི་རིང་དངུལ་གྱི་མཆོད་རྫས་རྣམས་བཤམས་ནས་ཞི་ཁྲོ་སྒྲུབ་མཆོད་ཆེས་རྒྱས་པ་ཞིག་མཛད་པའི་མཇུག་ཏུ། ཁྱོད་ཚོ་རང་ཁྱིམ་དུ་ལོག་སོང་། ད་ཆོས་པ་རི་ཁྲོད་འགྲིམ་པའི་དུས་རྫོགས་པ་རེད། སློབ་མས་བླ་མ་རྡུང་བའི་དུས། བུ་ཡིས་ཕ་མ་རྡུང་བའི་དུས། ལྷ་སྐུ་མེ་ལ་བསྲེག་བའི་དུས་ཤར་ཡོང་ཞེས་གསུངས། གུང་ཁྲན་ཏང་གི་དམག་མི་ཡིས་མེ་མདའ་དུ་མ་འཕེན་ཡང་འཇའ་མཚོན་ལ་འཕེན་པ་བཞིན་དུ་གྱུར་པས་འཇུས་ནས་ཀླུ་ར་དགོན་པའི་ཚོགས་ཁང་ནང་དུ་ཉིན་མ་གསུམ་ཙམ་བཅུགས། ཕྱིར་བཏང་བ་དང་བུ་སློབ་ནོར་སྒྲོལ་གྱིས་ག་ན་བཞུགས་དྲག་ཡོང་ཞེས་ཞུས་པ་ལ། ད་ང་མཐའ་མར་འགྲོ་ས་ནི་ཁ་ཏ་ཚང་ལ་ཡིན་ཞེས་གསུང་། ཕེབས་ལམ་དུ་གྲོང་སྟག་ཚང་གི་ཁྱི་དམར་པོ་དེས་སྐད་རྒྱག་བཞིན་མདུན་ལ་མཆོང་ཡོང་དུས། ཁྱོད་སྐད་མ་རྒྱག་ཨ། ང་རྗེས་མ་ཁྱོད་ཚོའི་ཁྱིམ་དུ་ཡོང་དུས་ངོ་ཤེས་པ་བྱོས་ཞེས་གསུང་པ་དང་ཁྱི་དེས་དོན་གོ་བའི་རྣམ་འགྱུར་བསྟན། ཁ་ཏ་ཚང་ལ་ཕེབས་ནས་སློབ་མ་ཚོ་ལ་ཁྱོད་ཚོ་སེམས་མ་འཁྲེང་། ད་ང་འགྲོ་བའི་དུས་ཡིན། སྲུང་མ་རྡོ་རྗེ་ལེགས་པའི་ཐང་དེ་རི་ཁྲོད་ལ་ཞོག་སྲུང་མ་བཙན་པོ་ཡིན་པས་གནོད་ཡོང་ཞེས་དང་། ཐུགས་སྲས་གང་ཚོང་བླ་མ་ལང་ཡང་སྲིད་ཡོང་ན་ཁྱོད་ཀྱིས་བདག་སྐྱོང་ཐུབ་བམ་ཞེས་དྲི་དུས། གང་ཚོང་བླ་མའི་ཕྱོགས་སུ་རླུང་སྒྲ་ཆེ་བའི་རྐྱེན་གྱིས་གསལ་པོ་མ་གོ་བ་སྐྱར་དྲི་ཞུས་དུས་ཞལ་ལྷོ་ཕྱོགས་སུ་བསྒྱུར། ཕྱི་ལོ་༡༩༥༩་ས་ཕག་ལོ་ཟླ་བ་༡་ཚེས་༢༥་ལ་སྐུ་སྙུང་བའི་ཚུལ་ཙམ་ཡང་མེད་པར་ཆོས་ཀྱི་དབྱིངས་སུ་གཤེགས། 

སྐུ་གདུང་ཞུ་ས་ཁ་ཏ་ཚང་གི་བཀོད་པ།

འགྲོ་མགོན་གྱི་སྐུ་གདུང་བྱིས་པ་ལོ་བདུན་གྱི་ཚད་ཙམ་ལས་མེད་པ་གྱུར་བས་པཎ་ཆུང་རིན་པོ་ཆེས་སྐུ་གདུང་ཉིན་ཞག་བདུན་འཇོག་ཐུབ་ན་སྐུ་ལུས་ཡང་འཇའ་ལུས་ལྷག་མེད་འགྲོ་བ་འདུག་གསུང་ནའང་གུང་ཁྲན་དམག་གིས་གནོད་ཚེར་བྱེད་པར་དོག་ནས་ཆ་རྐྱེན་གང་ཡང་མེད་པར་ཤིང་རུབ་ནས་སྐུ་གདུང་ལ་སྒྲོན་མེ་སྦར་བ་དང་། མེ་རང་ཤུགས་སུ་འབར་ཞིང་དུ་བ་འཇའ་ཚོན་སྣ་ལྔའི་མདངས་སུ་གྱུར་ཞིང་། དུ་བ་རླུང་གིས་འཁྱེར་བའི་ས་ཕྱོགས་ཐམས་ཅད་རིང་བསྲེལ་སྣ་ཚོགས་སུ་བབས་ཤིང་། སྐུ་གདུང་ཞུགས་སའི་མེ་ཐལ་ནང་དུ་རིང་བསྲེལ་དང་གདུང་རུས་ལའང་རིང་བསྲེལ་འབུར་དུ་ཐོན་པ་མང་དུ་འཁྲུངས།

འདི་ནི་གདུང་རུས་ལ་འཁྲུངས་པའི་རིང་བསྲེལ་གྱི་སྣང་བརྙན་ཡིན།

འགྲོ་མགོན་གངས་རི་ཀརྨའི་རིང་བསྲེལ་མང་ཆེ་བ་ཕུ་པ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བོད་དམག་རྣམས་ལ་མཚོན་སྲུང་ཆེད་ཉུང་ཙམ་ཞིག་བགོས་ནས་ལྷག་མ་གསེར་གདུང་མཆོད་རྟེན་བཞེང་རྒྱུ་རེ་འདོད་བྱས་ཀྱང་ཁོང་འདས་གྲོང་གྱུར་བས་རིང་བསྲེལ་གལ་ཡོད་མ་རྙེད། ཕྱི་ལོ་༡༩༩༣་ལོ་ཁོ་བོས་སྐུ་གོང་མའི་ཐུགས་སྲས་ཆོས་གྲགས་རྒྱ་མཚོ་ལས་རིང་བསྲེལ་ལྷག་མ་རྣམས་བླངས་ནས་ས་ཚར་བསྒྱུར་ཞིང་མཆོད་རྟེན་བཞེང་རྒྱུའི་གྲལ་སྒྲིག་བྱས་ཀྱང་སླར་བཙན་བྱོལ་ཡོང་དགོས་གྱུར། ཕྱིས་སུ་སྐུ་གདུང་ཞུགས་སའི་ཉེ་འགྲམ་ལ་རིང་བསྲེལ་ཉུང་ཙམ་ཞིག་རྙེད་ཀྱང་བར་ཆད་འོག་ཏུ་ཤོར། ཕྱི་ལོ་༢༠༠༦་ལོར་རྨི་ལམ་དུ་སྐུ་གདུང་ཞུགས་སའི་རྡོ་འབུར་ནང་དུ་རིང་བསྲེལ་ཡོད་པ་རྨིས་པས་གཅེན་པོ་བཀྲ་ཤིས་ཆེད་དུ་མཁོ་སྒྲུབ་བྱེད་མཁན་མངགས་པས་གདུང་རུས་ལ་རིང་བསྲེལ་འབུར་དུ་ཐོན་པ་འདི་རྙེད།  རྣམ་ཐར་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གང་འབྱུང་ཕབ་བཤུ་མི་ཆོག །