འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ནི་ཕྱི་ལོ་༡༩༦༤་ཟླ་བ་༦་ཚེས་༡༥་ལ་སྨར་སྟོད་ཁྱུང་འབུམ་དུ་གྲོང་སྟག་ཚང་ཡབ་པདྨ་རྒྱ་མཚོ་དང་ཡུམ་ཨ་འཛོམས་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་དུས་ནས་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོའི་རི་ཁྲོད་དང་། གཡའ་རྡོའི་སྒྲུབ་ཁང་། ལྷུང་བཟེད། རྫ་མའི་སྣོད། སྒྲུབ་ཆུ་སོགས་སྔོན་གནས་རྗེས་དྲན་གྱིས་ངོས་འཛིན་མཛད། དགུང་གྲངས་བརྒྱད་སོན་དུས་གོང་མའི་སློབ་མ་ཨ་རྟོགས་ཆོས་གྲགས་ལས་བོད་ཡིག་འབྲི་ཀློག་སྦྱངས་ནས་མི་རིང་བ་ཨ་རྟོགས་བདེ་བར་གཤེགས། ཕྱི་ལོ་༡༩༨༠་ལོ་སྲིད་ཇུས་གོ་ཡངས་ཐོན་པ་དང་རྒྱལ་བདག་རིན་པོ་ཆེ་དང་གུཎ་མཁན་པོའི་ཚུལ་རྒྱལ་གཉིས་ཀྱིས་འགྲོ་མགོན་གངས་རི་ཀརྨའི་ཡང་སྲིད་ངོས་འཛིན་གནང། རྙིང་མ་པ་དགེ་ཉི་མ་ལས་བོད་ཡིག་འབྲི་ཀློག་དང་མི་ལ་རས་པའི་རྣམ་ཐར་སྦྱངས། ཕྱི་ལོ་༡༩༨༡་བོད་ཀྱི་དགའ་ལྡན་དགོན་པའི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་། 

 

ཕྱི་ལོ་༡༩༨༢་ལོ་རྒྱ་གར་དུ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ནས་བསྡུས་གྲྭ་དང་། བློ་རིག  རྟགས་རིག། ཕར་ཕྱིན། ཚད་མ་བཅས་ལ་སློབ་གཉེར་བྱས་པའི་དུས་གྲྭ་མང་སྤྱི་མཚུངས་ལྟར་སྔ་དྲོར་ཇ་ཕོར་པ་གང་། ཉིན་གུང་ལ་བག་ལེབ་རེ། ཕྱི་དྲོར་འབྲས་རྡ་ཕོར་པ་རེ་ལས་ཁ་ཟས་མེད་ཅིང། རྐང་གི་འགྱིག་ལྷམ་ཀྲད་པ། ལུས་ཀྱི་གོས་རྙིང་ཀྲད་པ། གང་ནས་ཆུ་འཛར་བ། ནང་ནས་འདྲེ་ཤིག་འཕྱུར་བའི་ཁང་པ། རླུང་འཁོར་མེད་པས་ཚ་དྲོན་གྱི་ངལ་བ། གྲགས་པ་བླ་མས་ངན་ཇུས་བཤམས་པས་སྐུ་ངལ་དུ་མ་ཕྲད་པ་སོགས་ངལ་བ་བརྒྱ་ཕྲག་ཆེད་སེལ་བྱས་ནས་ཉིན་མཚན་དབྱེར་མེད་དུ་ཐོས་བསམ་རྩོད་གསུམ་སྲོག་ལྟར་གཅེས་པ་འཛིན་ནས་འབད་འབུངས་མཛད།

 ཕྱི་ལོ་༡༩༨༧་ལོ་གུཎ་པཎ་ཆེན་གྱིས་སྙན་ཞུས་ལྟར་སྐྱབས་མགོན་༧་གོང་མ་རྡོ་རྗེ་འཆང་གིས་གངས་རི་ཀརྨའི་ཡང་སྲིད་ཐུགས་བརྟགས་སྩལ་ནས་ངག་དབང་ཀུན་དགའ་འབྱུང་གནས་ཞེས་མཚན་གསོལ། ཁོང་གི་དགེ་རྒན་ཏྲི་ཧོར་མཁན་ཟུར་རིན་པོ་ཆེས་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བརྟགས་དགོས་ཚུལ་ནན་ཏན་གནང་བས། བཀའ་ཟུར་མདོ་སྔགས་བསྟན་འཛིན་རྒྱུན་ནས་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ཞུ་ཕུལ་བས་ཡང་སྲིད་ཐུགས་བརྟགས་སྩལ་ནས་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་ཞེས་མཚན་གསོལ། རྫོང་སར་བཤད་གྲྭའི་ཆོས་སྒོར་ཞུགས་ནས་བྱམས་ཆོས་སྡེ་ལྔ་སོགས་ཤེར་ཕྱིན་གྱི་གཞུང་ཆེན། དབུ་མ་རིག་ཚོགས་ལྔ་སོགས་ལྟ་བའི་གཞུང་ཆེེན། འདུལ་བ། མཛོད། ཚད་མ་རིག་གཏེར་སོགས་ཉིན་རེ་འཛིན་གྲ་གསུམ་གྱི་དཔེ་ཁྲིད་ཞུས་ཤིང་གུང་སེང་ལ་གྲྭ་ཤག་ཏུ་དཔེ་ཀློག་སོགས་ཐོས་བསམ་རྩོད་གསུམ་གྱི་བརྩོན་འགྲུས་ཆུ་བོ་རྒྱུན་བཞིན་བཅངས། ཇི་སྐད་དུ་བླ་ཆེན་འཁྲུལ་ཞིག་རིན་པོ་ཆེས་བརྩམས་པའི་ཞབས་བརྟན་ལས། དགག་བཞག་དཔང་གསུམ་རིག་པའི་གར་སྟབས་ཀྱིས། །དྲང་ངེས་ཆོས་ཀྱི་རྒྱུད་མང་རབ་ཁྲོལ་བས། །བློ་ལྡན་སྒྲ་འཛིན་འཇེབས་པའི་སྙན་བརྒྱུད་གླུས། །རྒྱལ་བསྟན་གསལ་བའི་བྱེད་པོ་རྟག་བཞུགས་གསོལ། །ཞེས་གསུངས་པ་ལྟར་མཁས་པའི་སྙན་གྲགས་ཀྱི་ཆོས་དུང་མ་བུས་རང་གྲགས་སུ་གྱུར། 

ཕྱི་ལོ་༡༩༩༣་ལོ་བསླབ་པ་མཐར་སོན་པས་སྨར་ཁམས་སུ་ཕེབས་ནས་བོད་མི་རིགས་ཀྱི་བླ་སྲོག་རིག་པའི་གཞུང་ལུགས་ཉམས་པ་སླར་གསོ་ཆེད་རིས་མེད་ཀྱི་བཤད་གྲྭ་གསར་བཞེངས་དང་། བོད་མི་རིགས་ཀྱི་མ་འོངས་གསོན་རྩ་རྣམས་ལ་སྐད་ཡིག་དང་། སུམ་རྟགས། སྙན་ངག བོད་སྨན། རྒྱལ་རབས་སོགས་སློབ་གཉེར་ཆེད་སློབ་གྲྭ་གསར་བཞེངས་གནང། སློབ་བཤད་གཉིས་ཀྱི་འགན་འཛིན་དང་ཆོས་དགེ་སོགས་སྐུ་ངལ་འཛེམ་མེད་ཀྱིས་འགྲོ་བའི་མགོན་པོ་མཛད། ཕྲག་དོག་དང་འགྲན་སེམས་ཅན་གྱི་བླ་སྤྲུལ་འགས་ངན་ཇུས་སྟོན་པས་སེར་སྐྱ་འགའ་ཤས་ཀྱིས་ས་གནས་སྲིད་གཞུང་ལ། ཁོང་༧གོང་ས་མཆོག་གིས་གཏོང་བའི་ཉུལ་མ་དང་ཀླད་པ་རྙིང་པ་སྐྱར་གསོའི་ལས་འགུལ་སྒྲུབ་མཁན་གྲས་ཤིག་ཡིན་ཚུལ་ཞུ་གཏུག་ལན་མང་བྱས་པའི་རྐྱེན་གྱིས་ལོ་ལྔ་ལས་གནས་མ་ཐུབ་པར་གྱུར། ཇི་སྐད་དུ། སྨར་ཚང་བསྟན་པའི་སྲོག་ཤིང་རྗེ་འགྲོ་མགོན་རིན་ཆེན་གྱི་ལུང་བསྟན་ལས། བརྒྱ་ཕྲག་བདུན་གྱི་ཁ་རལ་དུས། །ང་ནི་ཀརྨ་མིང་ཅན་གྱིས། །སྨར་དཀྱིལ་སྒར་ཐོག་ན་ཐང་ལ། །ཆོས་སྡེ་བཏབ་ཀྱང་བདུད་ཀྱིས་སྟོར། །ཞེས་ལུང་བསྟན་པ་ལྟར་གྱུར། ཕྱི་ལོ་༡༩༩༧་ལོ་འབྲོས་ལམ་དུ་སྲིང་མོ་གཉིས་གཙོས་པའི་མི་མང་པོའི་ཚེ་སྲོག་ཤོར་ཞིང་རི་ལུང་མང་པོ་བརྒལ་ནས་རྒྱ་གར་ལ་ཕེབས། དེ་ནས་བཟུང་སེང་གར་པུ། མ་ལ་ཤེར་ཡ། ཐེ་ཝན་སོགས་རྒྱ་རིགས་ཀྱི་འགྲོ་བ་རྣམས་ལ་ཆོས་ཀྱི་ས་བོན་བཏབ། ཕྱི་ལོ་༢༠༠༡་ལ་ཐེ་ཝན་གྱི་ཐེ་པེ་ལ་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས་གསར་དུ་བཞེངས། ཕྱི་ལོ་༢༠༠༣་ལ་ཐེ་ཀྲོང་དུ་ཕན་བདེ་ལེགས་བཤད་གླིང་ཞེས་པའི་ཆོས་ཚོགས་གསར་བཞེངས་བྱས་ནས་རྟག་ཏུ་བོད་ཕྱི་ནང་གཉིས་ལ་བྱིས་པ་སོགས་མགོན་མེད་འགྲོ་བ་རྣམས་ལ་ཟས་གོས་དང་དངུལ་དམར་གྱི་རོགས་རང་གང་ཐུབ་གནང་། ཉ་དང་བྱ་ལ་སོགས་པ་སྲོག་བླུ་ཅི་ནུས་བྱས་པ་སོགས་མཛད་འཕྲིན་རླབས་ཆེན་བསྐྱངས།

ཕྱི་ལོ་༢༠༠༨་སྐྱེ་རབས་གོང་མ་དག་གི་ལས་སྨོན་གྱི་མཐུ་དང་རྒྱལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཐེ་ཀྲོང་ལ་སྨར་ཚང་འཕྲིན་ལས་མཁའ་ཁྱབ་གླིང་ཞེས་ཆོས་ཚོགས་གསར་བཞེངས་བྱས་ནས། སྨར་ཚང་གི་དཔེ་རྙིང་མཁོ་སྒྲུབ་དང་ཁྲིད་ལུང་ཉམས་ཞིབ་སོགས་ཚ་ཚ་འུར་འུར་གྱིས་ལས་འགུལ་སྤེལ། སྨར་ཚང་གི་གདན་ས་ཤོ་ཙོམ་ཉི་ཟླ་ཟུང་ཅིག་གྲགས་པ་གཉིས་དབུས་པའི་དགོན་མ་ལག་དང་བཅས་པའི་གནས་ཤུལ་རྣམས་གང་དུ་ཡོད་མེད་ཉམས་ཞིབ་པ་ཐེངས་གཉིས་བཏང་ནས་དོན་སྙིང་ལྡན་པ་རྣམས་གཏན་འབེབས་བྱས།

ཕྱི་ལོ་༢༠༠༩་ལོ་ནུབ་ཕྱོགས་དབྱིན་ཇིའི་རྒྱལ་ཁབ་ལ་སྨར་ཚང་བཀའ་བརྒྱུད་དར་ནས་ལོ་༨༤༢་འཁོར་བའི་དགའ་སྟོན་དང་སྲི་ཞུ་ཚོགས་པ་དབུ་འབྱེད་དུས་གཅིག་བྱས། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་སྨར་ཚང་བཀའ་བརྒྱུད་དང་༧་འགྲོ་མགོན་གངས་རི་ཀརྨ་ལ་འཚམས་འདྲི་དང་སྔགས་བརྗོད་ཀྱི་འཕྲིན་ཡིག་སྩལ། ཕྱི་ལོ་༢༠༡༤་ཟླ་བ་༡༢་ཚེས་༢༦་རྡ་སར་བོད་ཀྱི་དཔེ་མཛོད་ཚོགས་ཁང་ལ་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་དབུས་པའི་སྐུ་མགྲོན་རྣམས་གདན་དྲངས་ནས། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བ་ཞིག་དབུ་འབྱེད་བྱས་ནས་གཟུགས་མཐོང་བརྙན་འཕྲིན་དང་། སྒྲ་ཐག་ཉན་ཆས་སོགས་དྲ་ལམ་རྒྱུན་ནས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་འཇིག་རྟེན་མི་ཡུལ་དུ་གསོན་པོ་གནས་ཡོད་པའི་གསལ་བསྒྲགས་སྤེལ། འགྲན་སེམས་ཅན་འགས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་རྒྱུན་ཆད་ཚུལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་བྲིས་ཟིན་པ་དང་གསར་དུ་བྲིས་པ་དག་ལ་ལུང་རིག་གི་ཐོག་མདའ་འཕངས་ནས་ཕས་རྒོལ་ངན་པ་ཆམ་ལ་ཕབ་པར་མཛད།

ཕྱི་ལོ་༢༠༡༦་ལོ་དབྱིན་ཇིའི་རྒྱལ་ས་ལོར་གྲོན་ལ་སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་ཞེས་ཆོས་ཚོོགས་གསར་བཞེངས་ཀྱི་དབུ་འབྱེད་ལ་དོན་གཅོད་དང་། བོད་པའི་ཆོས་ཚོགས། རྒྱ་མིའི་ཆོས་ཚོགས། ཐེག་དམན་གྱི་ཆོས་ཚོགས། ཇར་པེར་གྱི་ཆོས་ཚོགས་སོགས་ཀྱི་ཚོགས་གཙོ་རྣམས་སྐུ་མགྲོན་དུ་གདན་དྲངས་ནས་དགའ་སྟོན་རྒྱས་པར་ཞུས། ཕྱི་ལོ་༢༠༡༨་ཟླ་བ་༥་ཚེས་༥་ལ་ནང་པའི་རྒྱལ་ཡོངས་ཚོགས་ཆེན་བསྡུར་ནས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་དགོས་མིན་བགྲོ་གླེང་ལྷུན་པོ་གནང་བས་གྲུབ་འབྲས་ཆེན་པོ་ཐོན།

 ཕྱི་ལོ་༢༠༠༨་ནས་བཟུང་སྨར་ཚང་ལམ་རིམ་ཆེན་མོ་བཤད་ཁྲིད། ལུང་ཁྲིད། གདམས་ཁྲིད། ཉམས་ཁྲིད་རྣམས་འཛིན་གྲྭ་རེ་ལ་ལོ་གསུམ་གྱི་ནང་སློབ་ཚན་ཆ་ཚང་འཆད་ཁྲིད་ཚར་བ་དང་། ལམ་རིམ་རྩོད་རྒྱུག་དང་བྲིས་རྒྱུག་ལོད་པ་རྣམས་ལ་ལག་འཁྱེར་སྩལ་སྲོལ་སྟོན་པས་གྲུབ་འབྲས་ཐོན་བཞིན་པ་ཡིན། ལམ་རིམ་ལག་འཁྱེར་ཡོད་པ་རྣམས་ལ་མཐུན་མོང་མ་ཡིན་པའི་སྨར་ཁྲིད་བདེ་ཆེན་མྱུར་ལམ་དམིགས་བཀར་ཀྱིས་སྒོམ་ཁྲིད་མཛད། བླ་མ་ལ་དད་པ་གསུམ་པོ་གང་རུང་གི་རྨངས་གཞི་མེད་པའི་རིགས་ལ་སྔོན་འགྲོ་བློ་ལྡོག་རྣམ་བཞི་དྲངས་པའི་ཕར་ཕྱིན་དྲུག་གི་ཉམས་ལེན་དམིགས་དཀར་ཀྱིས་སྒོམ་ཁྲིད་གཅིག་པུ་གནང་། སྨར་ཁྲིད་ཐོག་གསང་ཆེན་སྣོད་ལྡན་གྱི་སློབ་མ་རྣམས་ལོ་གཅིག་རིང་ལ་སྨར་ཚང་སྔོན་འགྲོ་རྣམ་བཞིའི་ཕྱི་ནང་གསང་གསུམ་གྱི་སྒོ་ནས་འཆད་ཁྲིད་སྩལ། དེ་ནས་གསང་སྔགས་སྣོད་ལྡན་གྱི་སློབ་མ་རྣམས་ལ་བརྒྱུད་སྡེ་ཀུན་ཀྱི་ཡང་རྩེ་སོན་པའི་ས་ལུགས་ནཱ་རོ་མཁའ་སྤྱོད་དང་། སྨར་ལུགས་འཁོར་ལོ་བདེ་མཆོག་གཉིས་དབང་ལུང་ཁྲིད་གསུམ་གྲུབ་རྗེས་སུ། ལྟ་བ་སྨར་ཚང་ཕྱག་ཆེན་གྱི་ཁྲིད་དང་། སྒོམ་པ་ནཱ་རོ་ཆོས་དྲུག་གི་བཤད་པ་དང་ལུང་། གདམས་ངག་ཉམས་ལེན་གྱི་ཁྲིད་རྣམས་རིམ་གྱིས་ཁྲིད། དད་པའི་རྨངས་གཞི་མེད་པའི་རིགས་ལ་སྔོན་འགྲོ་བཞིའི་འཆད་ཁྲིད་བྱས་ཀྱང་བླ་མའི་རྣལ་འབྱོར་སོགས་ཟབ་ཆོས་རྣམས་གནང་སྲོལ་མེད།སྐུ་སྒེར་གྱི་རྒྱུ་དངུལ་ཐམས་ཅད་བསྟན་པ་ཉམས་གསོ་ཁོ་ནའི་ཆེད་དུ་གཏོང་ཞིང་། སྐུ་ཉིད་ཀྱིས་སྡོད་གནས་དང་ཁ་ཟས་ལ་འདོད་ཆུང་ཆོག་ཤེས་འཛིན་ཞིང་སློབ་མ་རྣམས་ལ་ལམ་སྟོན་དེ་ལྟར་མཛད།མཁས་རློམ་ཅན་རིག་པའི་རྩལ་ཀྱིས་མནན། འགྲན་སེམས་ཅན་སྙིང་ཁམས་འབིག་པར་བྱས། ཉམ་ཆུང་ལ་ཉམ་ཆུང་གི་རྣམ་པར་བསྟན། གཡོ་རྫུན་ཅན་ལ་གོ་སྐབས་མི་བསྟེར། རང་ཚུགས་མེད་པ་ལ་བློ་སྙིང་མི་བསྟན། ནང་རུལ་ཅན་ལ་ངོ་བསྟོད་མི་བྱས་པའི་ལྷན་སྐྱེས་ཀྱི་ཐུགས་གཤིས་འདིས་བོད་མི་གྱི་ནར་བ་འགའ་ཤས་སྙིང་གི་རྩ་རྒྱས་ཤིང་ཁའི་སྤུ་འདར་ནས་ཉེས་མེད་ཀྱི་སྐུར་འདེབས་བྱས་པ་རྣམས་གྲོགས་སུ་ལྟ་བར་མཛད།

དུས་རྟག་ཏུ་སྨར་ཚང་ལམ་རིམ་ཆེན་མོ། སྨར་ཁྲིད་བདེ་ཆེན་མྱུར་ལམ། སྨར་ཚང་ཕྱག་ཆེན་གྱི་སྔོན་འགྲོ། སྨར་ཚང་འཁོར་ལོ་བདེ་མཆོག། སྨར་ཚང་རྣལ་འབྱོར་མ། སྨར་ཚང་ཕྱག་ཆེན་ལྟ་བའི་རྫོང་། སྨར་ཚང་ཆོས་དྲུག་སྒོམ་གྱི་རྫོང་སོགས་རྩལ་བཏོན་བྱས་པའི་སྲོལ་བཟང་རྣམས་སོར་ཆུད་པ་མཛད་ནས་ཐུགས་དམ་ཐིམ་དུ་ཟུག་ཅིང་། འཆད་རྩོད་རྩོམ་གསུམ་གྱི་དཀའ་སྤྱད་དུ་མས་བསྟན་པའི་མེ་རོ་ཞིག་རྨངས་ནས་གསོས། ཐོས་བསམ་སྒོམ་གསུམ་གྱིས་བསྟན་པའི་མེ་ལྕེ་ཞིག་རྒྱ་མཚོའི་ཕ་རོལ་ནས་སྦར། འཛིན་སྐྱོང་སྤེལ་གསུམ་གྱིས་བསྟན་པའི་མེ་རླབས་ཤིག་འཛམ་བུ་གླིང་དུ་འབར། ཇི་སྐད་དུ། རྗེ་འགྲོ་མགོན་རིན་ཆེན་གྱི་ལུང་བསྟན་ལས། བར་ཆད་ཁུག་པ་བཅོ་བརྒྱད་ལས། །གྲོལ་ན་སྨར་ཚང་མེ་རོ་གསོ། །བརྟུལ་ཞུགས་ཆེན་པོས་མཚོ་མཐའ་རུ། །འགྲོ་བ་དཔག་མེད་འདྲེན་པ་འོང་། །ཞེས་གསུངས་པ་དང་། ཉག་རེ་སེ་བའི་ལུང་བསྟན་ལས། སྨར་ཚང་བསྟན་པ་གསོ་དུས་འོང་། །འགྲོ་དོན་ལྷག་མ་སྐྱོང་དུས་འོང་། །ཞེས་ལུང་བསྟན་དུས་ལ་འབབ་པས་སྨར་ཚང་བཀའ་བརྒྱུད་ཀྱི བསྟན་བདག་མངའ་གསོལ་བ་ལྟར་ཞལ་གྱིས་བཞེས་ནས། སྨར་ཚང་རྒྱལ་ཡོངས་ཚོགས་པའི་སྤྱི་ཁྱབ་འགན་འཛིན། ཐེ་ཝན་སྨར་ཚང་ཆོས་ཚོགས་ཀྱི་ངེས་དོན་པ། དབྱིན་ཇིའི་སྨར་ཚང་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་ལས་དོན་ཆེ་འབྲིང་ཆུང་གསུམ་གྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས་བསྟན་འགྲོར་སྨིན་པའི་འཛད་འཕྲིན་ཁོ་ན་བཅངས།

འགྲོ་མགོན་མཆོག་གི་གསུང་རྩོམ་ལ། ཤེས་རབ་སྙིང་པོ། བྱང་ཆུབ་ལམ་སྒྲོན། སྒྲོལ་མ། ལྟུང་བཤགས་སོགས་ཀྱི་འགྲེལ་མཆན་དང་། ཀ་རྩོམ། སྙན་རྩོམ། སྨར་ཚང་ལམ་རིམ་ཆེན་མོ། སྨར་ཚང་ལམ་རིམ་འབྲིང་པོ། སྨར་ཚང་མགོན་སྐང་སོགས་སྐང་གསོ། སྨར་ལུགས་སྤྱན་རས་གཟིགས་ཀྱི་སྦྱོང་བ་སོགས་ཡི་དམ་གྱི་སྒྲུབ་ཐབས། སྨར་ཚང་བླ་མཆོད་མན་ངག་ཀུན་འདུས། བར་དོ་གསལ་བའི་སྒྲོན་མེ། ཤོ་ཙོམ་དཔྱད་པའི་ཚངས་ཐིག།རྗེ་སྨར་པའི་འཁྲུངས་ཡུལ་ལ་ལོག་པ་སྨྲ་བ་ཚར་གཅོད་པའི་དོགས་སེལ་ཤེལ་གྱི་མེ་ལོང་། སྨར་ཚང་ཆོས་འབྱུང་། སྨར་ཚང་ཕྱག་ཆེན་དང་ཆོས་དྲུག་སོགས་ཀྱི་དགོངས་འགྲེལ་བརྩམས་ཟིན་པ་དང་རྩོམ་བཞིན་པ་མང་དུ་ཡོད། དོན་སྙིང་བསྡུར་ན། ཁོང་ནི་ལོ་རྒྱུས་ཉམས་ཞིབ་པ། གཞུང་ལུགས་རྩོམ་པ་པོ། ཉམས་ལེན་པ་སོགས་མཁས་དབང་གི་ཁྱད་ཆོས་ལྡན་པའི་སྐྱེས་བུ་ཞིག་ཡིན།འདི་མཐུན་མོང་གི་མཛད་རྗེས་ཟུར་ཙམ་བཀོད་པ་ལས་མཐུན་མོང་མ་ཡིན་པ་ས་དགེ་བཀའ་རྙིང་བཞིའི་ཆོས་བསྐོར་ཞུས་པ་དང་། ཞུས་ཡུལ་གྱི་བླ་མ། མཚམས་བསྙེན་སྒྲུབ། ཉམས་རྟོགས་ཀྱི་ཡོན་ཏན་སོགས་གནས་འདིར་སྒྲིག་སྦྱོར་བྱས་མེད། སྨར་ཚང་རྒྱལ་ཡོངས་ཚོགས་པའི་ལས་ཁུངས་ནས་ཕྱི་ལོ་༢༠༡༨་ལ་རྩོམ་སྒྲིག་བྱས་པའོ། །