དགེ་བཤེས་ལྷ་རམས་པ་ངག་དབང་མཆོག་ལྡན་ནི་བོད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཤར་སྨར་ཁམས་སྒང་གི་ཟླ་ཆུ་སྔོན་མོ་དང་འབྲི་ཆུ་གསེར་ལྡན་གཉིས་ཀྱི་བར་དུ་ཆགས་པའི་སྨར་སྟོད་ཁྱུང་འབུམ་གྱི་གཡུ་པོ་གྲོང་དུ་ཆེས་སྔར་མོ་ནས་ཆགས་པའི་འབྲོང་སྟགས་ཚང་གི་ཁྱིམ་དུ་ཡབ་པདྨ་རྒྱ་མཚོ་དང་ཡུམ་ཨ་འཛོམས་ལྷ་མོ་རྣམ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༦༤་ལོ་ཕྱི་ཟླ་ ༤་ཚེས་༡༥་ལ་སྐུ་འཁྲུངས།  

མེས་པོ་བླ་མ་ངག་དབང་གྲགས་པས་ངག་དབང་མཆོག་ལྡན་ཞེས་མཚན་གསོལ།  ཕ་ཁྱིམ་འབྲོང་སྟག་ཚང་ནི་རིག་གནས་གསར་བརྗེས་སྔོན་དུ་ཕྱུགས་ཟོག་མང་པོ་འཚོལ་སྐྱོང་བྱས་པའི་ཞིང་འབྲོག་འབྲེལ་མའི་ཁྱིམ་ཚང་ཞིག་རེད།  ཁྱིམ་ཚང་དེ་ཆེས་སྔར་མོའི་མིང་ལ་ལི་ཝ་ཚང་ཞེས་འབོད་སྲོལ་ཡོད་ཀྱང་ཕས་ཁང་པ་གསར་བཞེངས་དང་བསྟུན་ནས་འབྲོང་སྟག་ཚང་ཞེས་ཁྱིམ་མིང་གསར་བསྒྱུར་བྱས་པར་སྒྲ་ཟུར་ཆགས་ནས་ཡུལ་མི་རྣམས་ཀྱིས་གྲོང་སྟག་ཚང་ཞེས་འབོད་སྲོལ་ཡོད། ལི་ཝ་ནི་དཔའ་འཛམས་ལྡན་པ། དཔའ་བོའི་ང་རོ། རྣོ་པོ་སོགས་ཀྱི་བརྡ་རྙིང་ཡིན། ཆེས་སྔ་མོའི་མིང་ཚིག་ཕལ་ཆེར་བྱེད་ལས་དང་མཐུན་པ་བཏགས་སྲོལ་མང་བས་མེས་པོ་དཔའ་བོའི་ང་རོས་སྡར་མ་མང་པོ་བསྔངས་མྱོང་བ་འདྲ་སྙམ། དུས་འགྱུར་སྔོན་དུ་སྨར་ཁམས་རྫོང་དང་ཀླུ་ར་དགོན་པའི་བར་རྙོག་ལས་ཤུགས་ཆེན་བྱུང་བའི་རྐྱེན་གྱིས་དགོན་པ་ཉམས་གུད་འགྲོ་བའི་དུས་ཤིག་ལ་ངག་དབང་གྲགས་པས་ཕྱག་མཛོད་བཟུང་ནས་སྔགས་ཁང་གསར་བཞེངས་དང་དགོན་ཐོག་ཏུ་གསེར་གྱི་རྒྱལ་མཚན་བཙུགས་པ་སོགས་ནི་ལི་ཝ་ཚང་གི་མེས་པོ་གོང་མའི་ཤེས་འཇོན་གྱི་དཔེ་མཚོན་ལེགས་པོ་ཞིག་རེད་སྙམ། དགེ་བཤེས་ངག་དབང་མཆོག་ལྡན་དགོངས་གྲངས་བཅུ་ལ་སོན་དུས་ཨ་ལ་རྟོགས་ལྡན་ཆོས་གྲགས་རྒྱ་མཚོས་བོད་ཡིག་འབྲི་ཀློག་གི་བརྡ་སྟོན་པ་ཙམ་ནས་ཚད་མེད་དུ་མཁྱེན།  དེ་ནས་ལོ་བཞིའི་རིང་གཞིས་རིམ་གྱི་སློབ་གྲྭར་འགྲིམ་པར་ལོ་རྟག་ཨང་རིམ་དང་པོའི་བྱ་དགའ་བཞེས།  ཆོས་དད་རང་མོས་ཀྱི་སྲིད་ཇུས་བྱུང་བ་དང་བུམ་ནང་དགོན་པའི་དགེ་ཉི་མ་རྒྱལ་མཚན་གྱི་དྲུང་དུ་ཨུ་སྨད་སོགས་ཡིག་རིགས་མང་པོར་སྦྱངས་བརྩོན་མཛད།  ཕྱི་ལོ་༡༩༨༡་བོད་ཟླ་བཅུ་གཉིས་ནང་དུ་ཕ་རྒན་གྱིས་ཡུལ་ལུགས་དེའི་ལྷ་སར་གྲྭ་རྒྱུན་འགྲོ་བའི་ལམ་སྲོལ་ལྟར་ལྭ་བའི་ཕྱུ་པ་དཀར་པོ་རེ་གཡོགས་ནས་དབུས་ལྷ་སར་བསྐྱེལ། དགེ་བཤེས་ལགས་ཀྱིས་དབུས་ཀྱི་གདན་ས་ཆེན་མོ་འབྲས་སྤུངས་དགོན་དུ་བསླབ་པ་མཐར་སོན་ཡོང་བའི་གསོལ་སྨོན་བཏབ་ནས་ཆོས་སྒོར་ཞུགས་རྒྱུའི་ཐུགས་འདུན་བཞེས་ཀྱང་། སྐབས་དེར་གུང་ཁྲན་ཏང་གིས་གྲྭ་པ་གསར་འཛུལ་གྱི་ཆོག་མཆན་མེད་པའི་རྐྱེན་གྱིས་བྱ་ཐབས་བྲལ་བས་དགའ་ལྡན་དགོན་དུ་ཆོས་ཞུགས་བྱས་ནས་དགེ་བཤེས་བློ་བཟང་ཤེས་རབ་སོགས་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་སོ་སོ་ཐར་པའི་དགེ་ཚུལ་གྱི་སྡོམ་པ་བཞེས།  མཁན་པོའི་མཚན་ཟུར་ལས་དྲངས་ནས་བློ་བཟང་དབང་ལྡན་ཞེས་མཚན་གསོལ།  དགེ་བློ་བཟང་ཤེས་རབ་ཀྱི་དྲུང་ནས་རི་བོ་དགེ་ལུགས་པའི་ཆོས་སྤྱོད་ངག་འཛིན་དང་དགོན་པ་ཉམས་གསོ་ལ་སྲི་ཞུ་གང་ལེགས་བསྒྲུབས།  པཎ་ཆེན་རིན་པོ་ཆེ་དགའ་ལྡན་དུ་ཕེབས་དུས་ཆོས་འབྲེལ་ཞུས་ཟིན་པ་དང་རྒྱ་གར་ལ་སློབ་གཉེན་ཆེད་འགྲོ་ན་བཟང་ངན་ཅི་བྱུང་བསྐོར་ཤོག་སྒྲིལ་གཉིས་པོ་རྗེ་བློ་བཟང་གྲགས་པའི་གསེར་གདུང་དྲུང་དུ་ཕུལ་བས་འགྲོ་ན་བཟང་ཞེས་པའི་རྟགས་སྒྲིལ་ཐོན་འདུག་པར་རྗེ་རིན་པོ་ཆེའི་བཀའ་ལུང་ལ་བློ་སེམས་བཅོལ་ནས་ཧེ་མ་ལའི་ལ་ཐུར་གནམ་གྱི་སྐ་བ་ལྟ་བུ་ལ་རྐང་ལམ་ཕྲ་མོ་རེ་རེ་ནས་གོམ་ཁ་བསྒྱུར་ཏེ་རྒྱ་གར་རྡ་རམ་ས་ལ་བསྐྱོད།  འཕགས་མཆོག་ཕྱག་ན་པདྨའི་ཞལ་གྱི་དཀྱིལ་འཁོར་འཇལ་གྲུབ་པ་དང་འབྲས་དཀར་སྤུངས་པའི་གྲྭ་ཚང་གཉིས་ཀྱི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དུ་ཆོས་སྒོར་ཞུགས།  གངས་ཅན་མཁས་པའི་གཙུག་རྒྱན་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་གྱི་སྙན་ལམ་དུ་གྲགས་པ་ཁང་ཚན་ནང་གྲྭ་རྒྱུན་གསུམ་སླེབས་ཚུལ་ཐོས་འཕྲལ་ཆེད་མངགས་ཕེབས་ནས་གྲགས་པ་ངག་དབང་མཆོག་ལྡན་ལ་མཁན་ཟུར་རིན་པོ་ཆེ་ཉིད་ཀྱི་སྐུ་གཟན་རྙིང་མ་གཅིག་གསོལ་རས་བསྩལ་བའི་ཞོར་དུ་ང་དང་ཐུབ་བསྟན་ལའང་གཟན་རེ་གནང་སྟེ།  སང་ཉིན་རྟེན་འབྲེལ་ཆེད་དུ་རིག་ལམ་གྱི་འཇུག་སྒོ་བསྡུས་གྲྭ་ཁྲིད་རྒྱུ་ཡིན་གསུངས་ནས་ཕྱིར་གཟིམ་ཤག་ཏུ་ཕེབས་སོང་བར་ཚང་མས་མཁན་ཟུར་རིན་པོ་ཆེས་དེ་འདྲ་གནང་སྲོལ་གཏན་ནས་མེད་ཀྱང་ད་ལན་གྲྭ་རྒྱུན་འདི་གསུམ་ལ་ཆེད་མངགས་གཟིགས་བསྐོར་ཕེབས་པ་དང་སྐུ་གཟན་རྙིང་མ་གསོལ་རས་གནང་བ་ལ་བལྟས་ན་ཡ་མཚན་རེད་ཟེར་བ་སོགས་རང་རང་གི་བསམ་ཚུལ་རྣམས་ལབ་གླེང་བྱེད།  ཕྱིས་ཉིན་སྔ་དྲོར་མཁན་ཟུར་རིན་པོ་ཆེའི་གཟིམ་ཤག་ཏུ་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཆེད་དུ་དཀར་ཡོལ་འབྲུག་རི་ཅན་གསུམ་གྱི་ནང་དུ་ཞོ་ཡིས་བཀང་བ་ལ་དཀར་རའི་བུ་རམ་བཏབ་པ་རེ་བཤམ་འདུག་པར་ལྷག་མེད་དུ་འཐུང་གྲུབ་པ་དང་མཁན་ཟུར་རིན་པོ་ཆེའི་བཞིན་རས་འཛུམ་གྱིས་ཁེབས་ཏེ། །ཕྱོགས་བཅུ་རྒྱལ་ཀུན་འདུས་པའི་ངོ་བོ་ནི། །རྩ་བའི་བླ་མ་ངག་དབང་བློ་ཡི་གཏེར། །ཞེས་སོགས་མཆོད་བརྗོད་ནས་བཟུང་ཁ་དོག་དཀར་དམར་བཞིའི་བསྐོར་ཚར་གཅིག་ཁྲིད་ནས་བསྐྱར་རྒྱུག་ལན་དུས་གྲགས་པ་ངག་དབང་མཆོག་ལྡན་གྱིས་ཚིག་འགྲེལ་དང་དོན་འགྲེལ་གང་ལ་འཁྲུལ་མེད་ཀྱི་ལན་འདེབས་གནང་བར་མཁན་ཟུར་མཆོག་ཐུགས་ཤིན་ཏུ་དགྱེས་པར་མཛད། དེ་ནས་གོ་བོ་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱ་མཚོ།  རྒྱུད་སྟོད་མཁན་ཟུར་བློ་བཟང་རྡོ་རྗེ། ཨརྱ་དེ་ཝ་གཉིས་པ་གྲགས་པའི་ཤར་སྒོམ་མཁན་ཟུར་ཉི་མ་རྒྱལ་མཚན། ཚུར་ཁང་མཁན་ཟུར་ཡེ་ཤེས་ཐུབ་བསྟན། དགེ་བཤེས་སྨན་ལྷ། དགའ་ལྡན་ཁྲི་ཐོག་དགུ་བཅུ་གོ་དགུ་པ་རྗེ་བཙུན་ཡེ་ཤེས་དོན་འགྲུབ།  ཚུར་ཁང་མཁན་ཟུར་དབང་འདུས།  དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ།  མཁས་པའི་དབང་པོ་ཕ་ར་དབང་ཆེན་བཅས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དག་གི་ཞལ་སྔ་ནས་གཞུང་ཆེན་བཀའ་པོད་ལྔའི་དོན་འགྲེལ་དང་ཚིག་འགྲེལ་བཤད་ཁྲིད་དང་ལུང་ཁྲིད་སོགས་ལྷག་ལུས་མེད་པ་ཐོས་བསམ་རྩོད་གསུམ་གྱིས་དུས་འདའ་བར་བྱས་ཤིང་།   མཁས་གྲུབ་དེ་དག་གི་ཞལ་སྔ་ནས་འཕགས་ཡུལ་གྱི་པཎྜི་ཏས་རིག་པའི་ལམ་ནས་བརྡར་ཤ་བཅད་ཚུལ་དང་གཞུང་གོང་འོག་ཐམས་ཅད་ལ་གཏིང་ཟབ་མོའི་གོ་དོན་ཇི་ལྟར་བླང་བའི་བསྐོར་མཁས་གྲུབ་གོང་མའི་སྙན་བརྒྱུད་ཀྱི་མན་ངག་དྲོན་མོ་རྣམས་ཐུགས་སུ་ཆུད་པར་མཛད། ཤར་སྒོམ་མཁན་ཟུར་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ལ་ཉེ་བའི་དུས་ཤིག་ན་རྒྱལ་ཚབ་དར་མ་རིན་ཆེན་མཆོག་གིས་མཛད་པའི་སྤྱོད་འཇུག་འགྲེལ་ཆེན་འདི་གྲགས་པ་མཆོག་ལྡན་ལ་སྤྲོད་ཅེས་ཆེད་མངགས་བསྐུར་བར་མཛད།  ཕྱི་ལོ་༡༩༨༤་ལོ་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་དུ་༧རྒྱལ་མཆོག་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་མཁན་པོ་དང་གསེར་ཀོང་མཚན་ཞབས་རིན་པོ་ཆེ་ལས་ཀྱི་སློབ་དཔོན།  གསང་སྟོན་པ་རྒྱུད་སྨད་མཁན་པོ་བློ་བཟང་ཉི་མ་སོགས་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་དགེ་སློང་གི་སྡོམ་པ་བཞེས་ཏེ།  དམ་ཆོས་འདུ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་བྱང་ཆུབ་སེམས་ཀྱི་སྡོམ་པ་གསང་བ་སྔགས་ཀྱི་སྡོམ་པ་སོགས་ལ་ཉེས་སྐྱོན་གྱི་དྲི་མ་མེད་པ་པདྨའི་སྦུབས་ལྟར་གཙང་མ་བདག་གིར་བཞེས།  ཕྱི་ལོ་༡༩༨༦་ལོ་༧རྒྱལ་མཆོག་བཅུ་བཞི་པ་དབུ་བཞུགས་མཛད་ནས་དམིགས་གསལ་རྩོད་རྒྱུག་བཞེས་པའི་སྐབས་སུ་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་ནང་དུ་གདན་ས་གསུམ་གྱི་མཁས་དབང་སྨྲ་བའི་སེངྒེ་སྟོང་ཕྲག་དུ་མའི་དབུས་སུ་རྒྱལ་དབང་མཆོག་གི་སྤྱན་སྔར་དྲང་དོན་དང་ངེས་དོན་གྱི་རྣམ་པ་འབྱེད་པའི་གཞུང་ཆེན་དྲང་ངེས་ཀྱི་དམ་བཅའ་འཇོག་དུས་ཆ་ཐོགས་མེད་པར་ལན་འདེབས་གནང་བ་སོགས་རྒྱལ་བ་དགྱེས་པའི་མཆོད་པ་ཕུལ།

དགེ་བཤེས་ལགས་དབུ་མའི་ཚོགས་ལང་སྐབས་ཀྱི་བརྙན་པར།

སྤྱིར་ཚོགས་ལང་ཞེས་པ་ནི་འབྲས་སྤུངས་ཚོགས་ཆེན་ནང་དུ་བློ་གསལ་གླིང་གྲྭ་ཚང་དང་སྒོར་མང་གྲྭ་ཚང་གཉིས་ཀྱི་མཁས་པ་རྩེ་ཕུན་གཉིས་དགེ་འདུན་སྟོང་ཕྲག་འདུས་པའི་གྲལ་གྱི་གཡས་གཡོན་དུ་ལང་ནས་གཞུང་གི་དཀའ་གནད་ལ་ཕན་ཚུན་རྟགས་གསལ་དྲངས་པ་དང་ལན་འདེབས་གནང་བ་སོགས་ཀྱིས་ཐེ་ཚོམ་སེལ་བའི་ལམ་སྲོལ་ཞིག་ཡོད་པ་ལྟར། གྲགས་པ་ངག་དབང་མཆོག་ལྡན་གྱིས་གདན་ས་ཆེན་མོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་ནང་དུ་མཁས་མང་གསེར་རིའི་ཕྲེང་བ་སྒྲིག་པ་ལྟ་བུའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་ནང་ནས་དབུ་ཕར་མཛོད་གསུམ་གྱི་ཚོགས་ལང་བཞེངས་པའི་དུས་སུ་དྲི་མ་མེད་པའི་གཞུང་ལུགས་ལ་དཔྱད་གསུམ་དག་པའི་ཤེས་རབ་ཀྱིས་བརྡར་ཤ་གཅོད་པ་དང་གཞུང་གི་གོ་སྟོབས་དང་རིག་ལམ་གྱི་རྩོད་པ་ལ་འགྲན་པའི་དོར་ཟླ་བྲལ་བ་འདུག་ཅེས་ཀུན་གྱིས་བསྟོད་པའི་མེ་ཏོག་འཐོར།  འཇམ་དབྱངས་དགུ་ཆོས་ཀྱི་སྐབས་སུ་གདན་ས་གསུམ་པོས་ལོ་རེར་ཟླ་བ་གཅིག་དང་ཕྱེ་ཀའི་རིང་སློབ་གཉེན་བ་དྲག་གྲས་རྣམས་ལྷན་འཛོམས་བྱས་ནས་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་བཞི་སོགས་ཚད་མ་རིགསས་པའི་གཞུང་ལུགས་ལ་ཉིན་མོར་སྡེ་ཚན་སོ་སོས་རྩོད་པ་དང་། དགོང་མོར་གྲྭ་ཚང་གཅིག་གི་མཁས་པ་གཉིས་དམ་བཅའ་བཞུགས་ཏེ་ནུས་ཤུགས་ཡོད་ཚད་ཀྱིས་ལན་བཏབ་ནས་ཕ་རོལ་པོའི་རྟགས་གསལ་བཅད་ཐབས་བྱས་པ་དང་ཁ་གཏད་གྲྭ་ཚང་གི་མཁས་པ་རྣམས་ཀྱིས་ལུང་དཔང་དུ་བཙུགས་ནས་ཚུལ་གསུམ་ཡང་དག་གིས་རིག་པ་དྲངས་ཏེ་དམ་བཅའ་གཏོར་ཐབས་བྱས་པའི་དགོང་མོ་དེར་རྟགས་གསལ་ཆད་པ་དང་ལན་འདེབས་ནོར་བ་སོགས་ཕམ་ཁ་འཁུར་ན་གྲྭ་ཚང་ལ་སློབ་གཉེན་ཡག་པོ་མེད་པ་དང་མཁས་པའི་མཚན་སྙན་ཞན་དུ་འགྲོ་ཉེས་ཆེ་བས་གྲྭ་ཚང་སོ་སོས་ལྡེང་ཚོད་ཡོད་པའི་མཁས་པ་རྣམས་དུས་སྐབས་དེར་ངོམས་སྲོལ་ཡོད་པ་ལྟར། མཁས་མང་བྱེ་བའི་འབྱུང་གནས་བློ་གསལ་གླིང་གྲྭ་ཚང་གིས་གྲགས་པ་ངག་དབང་མཆོག་ལྡན་འཇམ་དབྱངས་དགུ་ཆོས་ལ་ཚད་མའི་གཞུང་ལུགས་ཀྱི་དམ་བཅའ་འཇོག་པའི་དུས་ཐམས་ཅད་དུ་ཚུལ་གསུམ་ཡང་དག་གིས་ལན་བཏབ་ནས་སྔ་རྒོལ་ཚར་བཅད་པ་དང་། རྩོད་པའི་དུས་ཐམས་ཅད་དུ་གནམ་ལྕགས་རིག་པའི་ཐོག་མདའ་ཕངས་ཐེ་རེ་ཕྱི་རྒོལ་གྱི་དམ་བཅའ་ཐོ་ཡོར་ལྟར་འབིགས་ནས་ཕ་རོལ་པོ་མི་སྨྲ་བའི་གཏུལ་ཞུགས་ཀྱི་གནས་སུ་བསྒྱུར་བའི་སྙན་གྲགས་ཆོས་དུང་དཀར་པོ་ཆེད་དུ་མ་བུས་ཀྱང་གདན་ས་གསུམ་ན་ཡོངས་སུ་གྲགས།   

   

༧རྒྱལ་མཆོག་བཅུ་བཞི་པའི་དྲུང་དུ་དམ་བཅའ་འཇོག་བཞིན་པའི་བརྙན་པར།

དུས་ཡུན་ངེས་གཏན་མ་དྲན་ཡང་སྐབས་ཤིག་ལ་༧རྒྱལ་མཆོག་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གདན་ས་འབྲས་སྤུངས་སུ་ཕེབས་ནས་བློ་གསལ་གླིང་གྲྭ་ཚང་དང་སྒོར་མང་གྲྭ་ཚང་གཉིས་ཀྱི་སློབ་གཉེན་བ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་པོ་རེ་རེ་ནས་རྩོད་རྒྱུག་གཟིགས་གཞིགས་གནང་བའི་སྐབས་དེར། མཁས་མང་བློ་གསལ་གླིང་གི་སྨྲ་བའི་སེངྒེ་གྲགས་པ་ངག་དབང་མཆོག་ལྡན་དང་སྒོར་མང་གྲྭ་ཚང་གི་སྨྲ་བའི་སེངྒེ་ཀུན་བདེ་གླིང་ཡོང་འཛིན་བློ་བཟང་རྣམ་གཉིས་དབུས་མའི་དམ་བཅའ་འཇོག་དུས་གཞུང་གོང་འོག་ཀུན་ལ་དོར་ཟླ་བྲལ་བའི་ལན་འདེབས་བྱས་པ་དང་རྒྱལ་མཆོག་ཐམས་ཅད་མཁྱེན་པ་ཐུགས་དགྱེས་བརྩེ་ཆེན་པོས་ཡང་ཡང་གཟིགས་པར་མཛད། དེ་ཡང་སྡོང་བོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དགེ་བཤེས་ལགས་ཀྱིས་རང་གི་དགེ་བའི་བཤེས་གཉེན་རྣམས་ལ་ཐོས་བསམ་རྩོད་གསུམ་གྱིས་ཐུགས་དགྱེས་པའི་མཆོད་པ་བླ་ན་མེད་པ་ཕུལ།  ལྷ་རམས་པ་གྲགས་པ་ངག་དབང་མཆོག་ལྡན་གྱིས་ལོ་མང་རིང་དཀའ་བ་བརྒྱ་ཕྲག་ཆེད་དུ་སེལ་ནས་གཞུང་ཆེན་མོ་དག་ལ་ཐོས་བསམ་རྩོད་གསུམ་མཐར་ཕྱིན་པ་དང་། རི་བོ་དགེ་ལུགས་པའི་ཕྱག་སྲོལ་དགེ་ལུགས་རྒྱུག་སྤྲོད་དུ་ཕེབས་ནས་བརྡ་དག་སྙན་སུམ་དང་རྒྱལ་རབས་ལོ་རྒྱུས། ཆོས་འབྱུང་དང་གཞུང་ཆེན་བཀའ་པོད་ལྔ་བཅས་ལ་དགེ་ལུགས་རྒྱུག་སྤྲོད་ཕུལ།  

 ཕྱི་ལོ་༡༩༩༨་ལོ་གདན་ས་ཆེན་མོ་སེར་འབྲས་དགའ་གསུམ་གྱི་མཁས་དབང་སྟོང་ཕྲག་དུ་མའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་གྲྭ་བསྐོར་དམ་བཅའ་འཇོག་པའི་ཉིན་དེར་རྩོད་པའི་ཕས་རྒོལ་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཚིག་དོན་གྱི་བགྲོ་གླེང་ཐམས་ཅད་ཚུལ་གསུམ་ཡང་དག་གི་ལམ་ནས་ཕ་རོལ་པོ་སྒྲོ་འདོགས་དང་ཐེ་ཚོམ་གྱི་མུན་པ་བསལ་བར་མཛད་པས་ལྷོ་ཕྱོགས་དཔལ་གྱི་རིའི་ཉེར་འདབས་སུ་ཆགས་པའི་གདན་ས་གསུམ་གྱི་མཁས་མང་ཚང་ཚིང་གི་དཀྱིལ་ནས་སྙན་གྲགས་མ་ལ་ཡ་ཡི་ཙན་དན་གྱི་དྲི་བསུང་ཞིག་ཕྱོགས་ཀུན་ཏུ་ཁྱབ།  དགེ་བཤེས་ལྷ་རམས་པ་གྲགས་པ་ངག་དབང་མཆོག་ལྡན་ནི་དུས་འགྱུར་གྱི་རྗེས་སུ་བོད་ནས་གདན་ས་འབྲས་སྤུངས་སུ་ཕེབས་པའི་གྲྭ་རྒྱུད་ནང་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་མཁན་དང་པོ་དེ་ཡིན། ༧རྒྱལ་མཆོག་བཅུ་བཞི་པའི་ཞལ་སྔ་ནས་དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་དྲོན་མོ་རྣམས་དང་གསང་བདེ་འཇིགས་གསུམ། བྱང་ཆུབ་ལམ་རིམ་ཆེ་ཆུང་གཉིས།  སྔགས་རིག་ཆེན་མོ་སོགས་རི་བོ་དགེ་ལྡན་པའི་མདོ་སྔགས་ཀྱི་ཟབ་ཆོས་ཐམས་ཆད་ལྷག་ལུས་མེད་པ་གསན་བསམ་སྒོམ་གསུམ་མཛད།  ཁྱད་པར་དུ་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་ཐུགས་དམ་འཛིན་པའི་སྙན་བརྒྱུད་རྟ་མགྲིན་ཡང་གསང་གི་དབང་བཞི་ཡོངས་སུ་རྫོགས་པ་གནང་བ་ལྟར་ཉམས་སུ་བླངས། ༧རྒྱལ་དབང་མཆོག་གི་ཞལ་སྔ་ནས་མཉམ་མེད་བཀའ་བརྒྱུད་པའི་དྭགས་པོ་མཐར་ཕྱིན་དང་། སྔར་འགྱུར་རྙིང་མའི་སེམས་ཉིད་ངལ་གསོ། ཀུན་བཟང་བླ་མའི་ཞལ་ལུང་སོགས་ཆོས་བརྒྱུད་ཆེན་པོ་བཞིའི་ཆོས་ཚུལ་དུ་མ་གསན།  སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་ལས་རིན་འབྱུང་བརྒྱ་རྩའི་རྗེས་གནང་དང་རྡོ་རྗེ་ཕྲེང་བའི་དབང་ཆེན་རྣམས་གསན། གྲུབ་དབང་ཀིརྟིའི་མཚན་ཞབས་རིན་པོ་ཆེ་ལས་མེེ་ཏྲི་བརྒྱ་རྩའི་རྗེས་གནང་དང་གྲུབ་ཆེན་སྤང་ནང་རིན་པོ་ཆེའི་དྲུང་ནས་བསྟན་བཅོས་ཆེན་མོའི་ལྗགས་ལུང་གསན་བཞེས་མཛད། 

དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་དམ་བཅའ་འཇོག་བཞིན་པའི་བརྙན་པར།

དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་རྒྱུད་གྲས་སུ་བཞུགས་པའི་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམས་རྒྱུད་པའི་བཞེད་སྲོལ་ལྟར་རྒྱུད་ཀྱི་ཊིཀྐ་ངག་རྒྱུག་དང་རྒྱུད་སྡེ་བཞི་སོགས་སྔགས་ཀྱི་དམ་བཅའ་སྐབས་སུ་རྒྱུད་གཞུང་དག་གི་དགོངས་པ་བླངས་ཚུལ་སོགས་ལ་ཆ་ཐོགས་མེད་པ་ལན་འདེབས་མཛད་པས་རི་བོ་ཧེ་མ་ལའི་ཉེར་འདམས་སུ་ཆགས་པའི་གསང་ཆེན་སྟོད་རྒྱུད་གྲྭ་ཚང་ནས་སྔགས་ལ་མཁས་པའི་སྙན་གྲགས་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་ཕྱོགས་མཐའ་ཀུན་ཏུ་ཡང་ཡང་རྡུང་། དེ་ཡང་ས་པཎྜི་ཏས།

མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །
རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །

ཅེས་དབྱུག་གུས་བསྣུན་ན་རྔའི་སྐད་བཟང་ངན་ཤེས་ནུས་པ་བཞིན་མཁན་པ་ཡིན་མིན་རིགས་པས་རྩད་ཅིང་དྲིས་ན་ཤེས་གསུངས་པ་ལྟར།  མདོ་སྔགས་རམས་འབྱམས་སྨྲ་བ་གྲགས་པ་ངག་དབང་མཆོག་ལྡན་ནི་ཟབ་པ་དང་རྒྱ་ཆེ་བའི་གཞུང་གི་དཀའ་གནད་ལ་དྲི་བ་ཇི་སྲིད་བླང་ན་དེ་སྲིད་དུ་འགྲེལ་བཤད་གཏིང་ཟབ་དུ་འགྲོ་བ་དང་གདུལ་བྱའི་དབང་པོ་རབ་འབྲིང་ཐ་གསུམ་ལ་བསྟུན་ནས་ཆོས་འཆད་པ་སོགས་མཐུན་མོང་མ་ཡིན་པའི་ཁྱད་ཆོས་དུ་མ་ཞིག་ཡོད། དགེ་བཤེས་ལྷ་རམས་པ་གྲགས་པ་ངག་དབང་མཆོག་ལྡན་ནི་སྨར་ཁམས་ཀྱི་ཡུལ་དུ་འཇམ་མགོན་ཙོང་པའི་རིང་ལུགས་གསེར་ཞུན་སྙིང་པོ་འདི་དར་ནས་བཟུང་རྒྱུད་ཀྱི་ཊིཀྐ་ངག་རྒྱུག་དང་དགེ་བཤེས་སྔགས་རམས་པའི་མཚན་སྙན་བཞེས་མཁན་དང་པོ་དེ་ཡིན། 

དཔལ་ལྡན་ཀླུང་ར་དགོན་པ།

ལྷ་རམས་པ་གྲགས་པ་ངག་དབང་མཆོག་ལྡན་ནི་སྨར་སྟོད་ཁྱུང་འབུམ་གྱི་ཡུལ་དུ་དབུ་རྣམ་བཟང་པས་དཔལ་ལྡན་ཀླུ་ར་དགོན་པ་ཕྱག་བཏབ་པ་ནས་བཟུང་མདོ་སྔགས་གཉིས་ལ་ངེས་དོན་གྱི་མཁས་པའི་དབང་པོ་དགེ་བཤེས་ལྷ་རམས་པ་དང་དགེ་བཤེས་སྔགས་རམས་པའི་མཚན་སྙན་བཞེས་མཁན་དང་པོ་དེ་ཡིན།  གཞིས་དགོན་འདི་དབུ་རྣམ་བཟང་པས་ཕྱག་བཏབ་པའི་རྗེས་སུ་དེ་མོ་སྤྲུལ་སྐུས་ཁ་འཛིན་བྱས་ནས་དར་རྒྱས་སུ་གྱུར་ཚུལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བེེ་སེར་ནང་དུ་ཁ་གསལ་ཁུངས་ལྡན་ཞིག་བྲིས་ཡོད་ཀྱང་།  ཕྱིས་སུ་ཆབ་མདོ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོས་ཀླུ་ར་དགོན་པ་ཕྱག་བཏབ་མཁན་ཡིན་ཚུལ་རྣ་སྒྲུང་ཞིག་ལོ་རྒྱུས་སུ་གྱུར་ཏེ་འཕགས་པ་ལྷར་བཀོར་སྐལ་ཕུལ་པའི་ལམ་སྲོལ་དར་འདུག་པར་ཁོ་བོ་ཕྱི་ལོ་༡༩༩༥་ལོ་ཆབ་མདོ་ལ་ཟླ་བ་གཅིག་སྡོད་རིང་འཕགས་པ་ལྷའི་སྐུ་སྐྱེས་རིམ་བྱོན་གྱི་ལོ་རྒྱུས་དང་ཆབ་མདོའི་དགོན་པའི་ལོ་རྒྱུས་གསར་རྙིང་ཚང་མར་ཉུལ་ཞིབ་བྱས་དུས་བཤད་སྲོལ་དེ་ནི་རྟ་ཤར་ལ་བཏགས་ནས་གཟན་པ་ནུབ་ཏུ་བླུག་ཟེར་བའི་དཔེ་ལྟར་གྱུར་འདུག་སྙམ་པ་བྱུང་།  ཕྱིས་སུ་རྒྱ་གར་དུ་ཤེས་རབ་ལགས་ཀྱིས་ཆབ་མདོའི་ལོ་རྒྱུས་སྒྲིག་པའི་ཁྲོད་དུ་ཀླུ་ར་དགོན་པ་ཆབ་མདོ་དགོན་པའི་ཡན་ལག་གྲས་སུ་བརྩིས་པའི་ཕྱག་དེབ་དེ་མཐོང་འཕྲལ་དཔྱད་གཞི་ཡིག་རྙིང་འདྲ་རྙེད་སྲིད་སྙམ་ནས་ཁོང་ལ་བསྐྱར་འདྲི་ཞུས་དུས་བཙན་བྱོལ་དུ་ཡོད་པའི་ཆབ་མདོ་བ་མི་རྒན་འགའ་ཞིག་གིས་ངག་རྒྱུད་དུ་གྲགས་པའི་ཚིག་ཐོ་ཟིན་བྲིས་ནང་དུ་འཁོད་པ་ལྟར་བཀོད་པ་ཙམ་ལས་ཁོང་གིས་ཀྱང་དཔྱད་གཞི་ཡིག་རྙིང་ཞིག་རྙེད་མིན་འདུག  དཔལ་ལྡན་ཀླུ་ར་དགོན་པ་ནི་སྨར་ཁམས་ཀྱི་ཡུལ་དུ་རི་བོ་དགེ་ལུགས་པའི་བསྟན་པའི་རྗེས་སུ་འཇུག་པའི་དགོན་སྡེ་ཐམས་ཅད་ནང་ནས་ཆགས་སྔ་ཤོས་དང་ཆེན་ཤོས་དེ་རེད་ཅེས་སྨྲོས་ན་ལོ་རྒྱུས་དོན་སྙིང་ལྡན་པ་ཞིག་ཏུ་གྱུར།  དགོན་པ་དེ་དུས་འགྱུར་སྔོན་དུ་དགེ་འདུན་གཉིས་བརྒྱ་དྲུག་བཅུ་ལྷག་བྱུང་ཡང་གྲྭ་རྒྱུད་ཕལ་ཆེར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕེབས་སྲོལ་དར།

  

༧གོང་ས་མཆོག་དང་དགེ་བཤེས་ལགས་ཀྱི་སློབ་མའི་ལྷན་དུ་བརྙན་པར།

ལྷ་རམས་པ་གྲགས་པ་ངག་དབང་མཆོག་ལྡན་ཕྱི་ལོ་༢༠༠༣་ནས་བཟུང་ཐེ་ཝན་དང་མ་ལ་ཤེན་ཡ་ཕེབས་ཏེ་གཞི་ལམ་འབྲས་གསུམ་གཏན་ལ་ཕབ་པའི་ལམ་རིམ་ཆེོན་མོའི་བཀའ་ཆོས་ཡང་ཡང་གནང་ནས་སྣོད་ལྡན་སློབ་མ་བརྒྱ་ཕྲག་མང་པོ་འཁྲུལ་མེད་ཐར་པའི་ལམ་དུ་བཀོད་པ་སོགས་འགྲོ་དོན་འཕྲིན་ལས་རྒྱ་ཆེར་མཛད།  དགེ་བཤེས་འདི་ནི་མདོ་རྒྱུད་རིག་གནས་ཀུན་ལ་ངེས་དོན་གྱི་མཁས་དབང་ཞིག་ཡིན་པ་ལས་རྡ་དག་སྙན་སུམ་ཕྱོགས་རེ་བར་བྱང་ཆུབ་པ་དང་གཞུང་ཕྱོགས་རེ་ཙམ་བྱང་ཆུབ་པ་ལ་མཁས་དབང་ཞུ་བ་ལྟ་བུ་ཞིག་གཏན་ནས་མིན། དགེ་བཤེས་འདི་སྐུ་བྱིས་པའི་དུས་ནས་ཐུགས་ཀྱི་དགོངས་པ་བཞེས་ཚུལ་ལ་མཁས་པའི་བལྟས་ན་ཡིད་དབང་འཕྲོག་པ་དང་བླུན་པོས་བལྟས་ན་སྙིང་རྩ་འདར་དགོས་པའི་ཁྱད་ཆོས་ཤིག་ཡོད།  དེ་ནི་ལས་རྒྱུ་འབྲས་གོ་ལྡོག་བྱས་པའི་སྐྱེ་བོ། འབངས་ལ་མནར་གནོད་བྱས་པའི་དཔོན་པོ། སྤྲུལ་འཛིན་རྟོག་པ་སྐྱེས་པའི་བླ་མ་སོགས་ཀྱིས་མགོན་མེད་སེམས་ཅན་རྣམས་ལ་བསླུ་བྲིད་བྱེད་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་ཚེ།  རང་གི་མཚན་སྙན་ཉམས་པ་དང་གཞན་གྱི་དཔུང་ཤུགས་ཆེ་ཚུལ་སོགས་ལ་འཛིན་བཟོད་མེད་པར་ལུང་རིག་གཉིས་ཀྱིས་འཐེད་འདོན་ཡང་ཡང་བྱས་ནས་སྐྱེ་བོ་མང་པོ་མི་ཤེས་པའི་གཉིད་ལས་སངས་ཐུབ་པ་བྱུང་ཡོད།  དེ་ཡང་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གིས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གྱི་ཆོས་ཞུ་བ་འབུམ་ཕྲག་གཉིས་འཛོམས་པའི་དབུས་སུ་བོད་ཀྱི་ས་ནི་བོད་མི་ས་ཡ་དྲུག་ལ་དབང་ཡོད།  ཡུལ་ལུང་དེ་ནི་ཡུལ་ལུང་དེའི་མི་མང་ལ་དབང་བ་ལས་ཡུལ་ལུང་དེའི་དཔོན་པོ་དང་བླ་མ་ལ་དབང་བ་མིན་ཞེས་གསུང་པའི་དགོངས་པ་དང་ཡོངས་སུ་མཐུན་པ་ཞིག་ལུས་ཡིན་སྙམ། དགེ་བཤེས་ལྷ་རམས་པ་མཆོག་གིས་ཤེས་ཡོན་མེད་པའི་དཔོན་པོ་དང་ཆོས་འབག་གྱོན་པའི་བླ་མ་དག་གིས་ཡུལ་ལུང་སོ་སོར་རྗེས་ལུས་ཀྱི་གྲས་སུ་བསྒྱུར་བའི་ལམ་ལུགས་ངན་པ་རྣམས་ཤུལ་མེད་དུ་མ་གྱུར་བར་ཡུལ་ལུང་དེར་ཡར་རྒྱས་ལྡན་པའི་དུས་རབས་གསར་པ་ཞིག་ཏུ་གྱུར་དཀའ་ཚུལ་སླབ་བྱ་དང་ལམ་སྟོན་ཡང་ཡང་མཛད་པ་ལ།  སྐྱེ་བོ་ཚུལ་མཐོང་ལ་རེས་སྐུ་འདེབས་དང་སྒྲོ་འདོགས་བྱས་ཀྱང་མགོན་མེད་སྐྱེ་བོ་རྣམས་ཀྱི་ཆེད་དུ་བ་སྤུ་རྩེ་མོ་ཙམ་ཡང་གཡོ་བ་མེད་པར་དྲང་བདེན་གྱི་ཕྱོགས་སུ་བསྐྱོད་པའི་རླབས་ཆེན་གྱི་དགོངས་པ་བཞེས་ཚུལ་རེ་རེ་ལ་དཔྱོད་ལྡན་དག་གིས་བལྟས་ན་དད་པའི་ཡིད་སེམས་འཁུམས་དགོས་པ་ཞིག་ཡོད། དེ་ཡང་ས་པཎྜི་ཏའི་ལེགས་བཤད་ལས།
ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །

དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །

དམན་པ་ལོངས་སྤྱོད་ཆེ་ན་ཡང༌། །རིགས་ལྡན་རྒུད་པས་ཟིལ་གྱིས་གནོན། །

བཀྲེས་པ་སྟག་གི་ངར་སྒྲ་ཡིས། །སྤྲེའུ་ཤིང་གི་རྩེ་ལས་ལྷུང༌། །

ཞེས་གསུངས་པ་ལྟར་རོ། །དགེ་བཤེས་འདི་ལྟ་བུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པའི་འགན་འཁུར་རྒྱ་ཆེར་བཞེས་ནས་འགྲོ་བ་མང་པོ་ལ་ཕན་བདེ་བསྐྲུན་པའི་ཆེད་དུ་བླ་འཛིན་རྟོག་པ་སྐྱེས་པའི་སྐྱེ་བོ་ཕལ་བ་དག་གིས་ཆོས་སྲིད་འདྲིས་མས་ཡུལ་ཕྲན་དང་ལུང་ཕྲན་དབང་བསྒྱུར་བྱས་པའི་རྗེས་ཤུལ་རྣམས་ཚར་བཅད་ནས་དེང་རབས་གསར་པའི་ལམ་སྲོལ་དང་མཐུན་པའི་ངེས་དོན་གྱི་བསྟན་འགྲོ་དོན་ཆེར་སྤེལ་བའི་རེ་བསྐུལ་ཞུས། ངེས་དོན་གྱི་མཁས་པའི་དབང་པོ་ལྷ་རམས་པ་གྲགས་པ་ངག་མཆོག་ལྡན་ད་ལྟ་ཁེ་ན་ཌ་དང་། ཐེ་ཝན། མ་ལ་ཤེན་ཡ་སོགས་དད་ལྡན་སློབ་མ་རྣམས་ཀྱི་མགོན་དཔུང་དམ་པར་འཚོ་ཞིང་ཞུགས་པ་ལགས།  ཆུང་བྱིས་པའི་དུས་ནས་མགོ་སྐྲ་ལོ་དཀར་པོ་གྱུར་གྱི་བར་ལྷན་དུ་འགྲོགས་པའི་ཉམས་མྱོང་དང་འདྲེན་བྱེད་དབང་པོས་མངོན་སུམ་མཐོང་བའི་མཛད་འཕྲིན་གྱི་ཆ་ཤད་འདི་ནི་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་བྲིས་སོ། །