མཉམ་མེད་བླ་མ་རིན་པོ་ཆེ། །

ཡོན་ཏན་རང་བཞིན་ནམ་མཁའི་ཐུགས། །

སྣ་ཚོགས་ཐབས་ཀྱིས་གདུལ་བྱ་ལ། །

གཞན་ཕན་འགྲུབ་པའི་བཀྲ་ཤིས་ཤོག །

དག་པ་གཉིས་ལྡན་ཆོས་ཀྱི་དབྱིངས། །

རྩ་བའི་བླ་མ་ཆོས་སྐུ་ལ། །

རྟོགས་པའི་མོས་གུས་ཆུ་བོ་བཞིན། །

རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག །

 

རང་སེམས་འོད་གསལ་ཆེན་པོ་ལ། །

གློ་བུར་ཉེས་པའི་སྤྲིན་ཚོགས་རྣམས། །

གདོད་ནས་དག་པ་གོ་བ་ལ། །

མཉམ་རྗེས་མེད་པའི་བཀྲ་ཤིས་ཤོག །

 

མ་རིག་གཉིད་ཀྱི་འཁྲུལ་བ་ཀུན། །

མར་མེས་མུན་པ་བསལ་བ་བཞིན། །

འོད་གསལ་སྐྱེ་མེད་ཏིང་འཛིན་གྱིས། །

རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག །

 

རྨི་ལམ་རྒྱལ་སྲིད་སྐྱོང་བ་དང་། །

ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས། །

ཁྱད་མེད་ནམ་མཁའ་ལྟ་བུ་ལ། །

རྟོགས་པ་སྐྱེ་བའི་བཀྲ་ཤིས་ཤོག །

 

འཁོར་འདས་གཉིས་སུ་མེད་པ་ལ། །

གཉིས་མེད་ཡེ་ཤེས་རྟོགས་པ་ཡིས། །

ཟུང་འཇུག་བློ་འདས་སྐྱེས་པ་དང་། །

ཞེན་འཛིན་མེད་པའི་བཀྲ་ཤིས་ཤོག །

 

འཁོར་འདས་གཉིས་མེད་ས་མཚམས་སུ། །

གྲངས་མེད་གསུམ་གྱི་ཤུལ་ཐག་དེ། །

ཚིག་རྟོགས་གོམས་པ་ལས་གྲོལ་བའི། །

འབྲས་བུ་ཆོས་སྐུའི་བཀྲ་ཤིས་ཤོག །

 

ཉམས་མྱོང་བཀྲ་ཤིས་མུ་ཏིག་ཕྲེང་། །

འདི་བརྗོད་པ་ཡི་བསོད་ནམས་ཀྱིས། །

བསྒྲུབ་ལ་བརྩོན་པའི་གང་ཟག་རྣམས། །

ཞེན་བྲལ་བསྟེན་པའི་བཀྲ་ཤིས་ཤོག །

 

བླ་མ་སངས་རྒྱས་ཡོན་ཏན་ལ། །

མོས་གུས་རྒྱུན་ཆད་མེད་པ་དང་། །

བར་ཆད་གསུམ་པོ་རབ་ཞི་ནས། །

གཞན་དོན་འགྲུབ་པའི་བཀྲ་ཤིས་ཤོག །

 

ནམ་ཞིག་སྒྱུ་ལུས་འགྲུབ་པའི་ཚེ། །

ལས་འབྲས་རྣམ་པ་དག་པ་དང་། །

སྲིད་དང་ཞི་ལ་མི་གནས་པའི། །

མྱ་འདས་ཐོབ་པའི་བཀྲ་ཤིས་ཤོག །

ཅེས་བཀྲ་ཤིས་འདི་བན་ལྡོམ་ཤེས་རབ་ཡེ་ཤེས་ཀྱིས་སྦྱར་བའོ། །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྨར་པ་རིན་པོ་ཆེ་ཤེས་རབ་ཡེ་ཤེས་དཔལ་བཟང་པོ་མཆོག་གིས་སྟག་ལུགས་བཀའ་བརྒྱུད་ཀྱི་ཆོས་རྗེ་ཐང་པ་བཀྲ་ཤིས་ལ་སྤྲིང་བའི་ཤིས་ཚིག་འདི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པ་ལ་ཡོད་པས་གང་འབྱུང་འདྲ་བཤུ་མི་ཆོག །