འདི་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བ་ཐོག་བཀོད་པའི་ཡུལ་དང་གནས་ཀྱི་ལོ་རྒྱུས།  བླ་མའི་རྣམ་ཐར་དང་དགོན་པའི་ལོ་རྒྱུས།   དཔོན་པོ་དང་གལ་ཆེན་མི་སྣའི་ལོ་རྒྱུས་གང་ཞིག་ཡིན་རུང་ཉམས་ཞིབ་ནན་པོར་བྱས་པའི་སྤུ་ཚད་ལྡན་པ་ཤ་སྟག་འགོད་ས་ཞིག་ཡིན། 

འདི་བཀོད་པའི་ལོ་རྒྱུས་དང་རྣམ་ཐར་སོགས་ཉམས་ཞིབ་བྱས་དུས་ལུང་རིག་དང་འགལ་བའི་གནས་དོན་མང་པོར་ཐེར་འདོན་བྱེད་པ་དང་།  རྫུན་ཁུག་རྟོལ་བ་ཐམས་ཅད་ལེགས་སྤེལ་ཉེས་འགོགས་ཀྱི་དམིགས་ཡུལ་ཁོ་ན་ཡིན་པས་གཞན་གྱི་བཤད་སྲོལ་འཇིགས་པ་འགྱུར་ན་ཉེས་པར་མེད།  དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས གལ་ཏེ་འདི་ནི་རྣམ་པར་བཤད་པ་ན། །གཞན་གཞུང་འཇིགས་པར་གྱུར་ན་ཉེས་པར་མེད། །ཅེས་གསུངས་པ་ལྟར་ཕྱིས་ཀྱང་མུ་མཐུད་སྐབས་དོན་དང་འབྲེལ་བའི་ཐེར་འདོན་བྱེད་པ་ཐམས་ཅད་དག་ཐེར་དང་འབྲེལ་བའི་རིག་གཞུང་སྤུ་ཚད་བཟང་དུ་འགྲོ་བའི་ཐབས་ཤེས་ཁོ་ན་ཡིན་པས་གཟུར་གནས་དཔྱོད་ལྡན་ཀུན་གྱིས་རྒྱབ་སྐྱོར་དང་ཐུགས་འཁུར་བཞེས་རོགས།  ཡར་ཐོན་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རྣམ་ཐར་གང་ཞིག་ཡིན་ཀྱང་དག་ཐེར་ལན་མང་བྱས་ནས་སྤུ་ཚད་ཅན་དུ་བསྒྱུར་བར་ལྟར།  བོད་ཀྱི་ལོ་རྒྱུས་ནང་དུ་ཁ་སྒྲུང་།  རྣ་ཐོས།  ཟེར་སྲོལ།  གཞི་མེད་ཉེས་འཛུགས།  དོན་མེད་རབ་རྟོག  རྒན་པོ་དཔང་བཙུགས། རྒན་མོ་མཛུལ་བཙུགས་སོགས་ལོ་རྒྱུས་ཀྱི་ཟོག་རོ་ཐམས་ཅད་དོར་ནས་ཚིག་དུམ་གཅིག་ལས་མེད་ཀྱང་ཚད་ལྡན་ཡོང་བའི་རེ་བ་ཡིན།  དེ་ནི་ལུང་པ་སོ་སོའི་མཁས་དབང་ཚོས་འགན་འཁུན་ལྡན་པའི་དག་ཐེར་གྱི་ནུས་པ་སྤུངས་ན་ལོ་རྒྱུས་ཚད་ལྡན་ཅན་གྱུར་ངེས་ཡིན།  དེ་ལྟར་མི་བྱེད་པ་ལུང་པའི་ལ་རྒྱལ་དང་ཞེན་ཁོག་འཛིན་ནས་མུ་མཐུད་ལོ་རྒྱུས་ཟོག་རོ་མང་པོ་དེབ་ཐོག་ཏུ་བླུགས་ན་ལོ་རྒྱུས་ཀྱི་རིན་ཐང་བརླག་རྒྱུ་དེ་ཡིན།  དེས་ན།  ཁང་པ་ཕག་ཕུག་ཙམ་ཞིག་ནང་ལ་འཛུལ་ནས་དེབ་ཐེར་རྗེས་འབྲང་གི་ལོ་རྒྱུས་སྨྲ་བ་མི་བྱས་པར་ཡུལ་གྱི་ལོ་རྒྱུས་ས་གནས་དང་སྐྱེས་དངོས།  གནའ་རྫས་དང་བྱུང་རབས་སོགས་རང་གིས་རྣམ་དཔྱོད་ཀྱི་སྒོ་འཕར་ཕྱེས་ནས་དཔྱད་དོན་གཏན་ལ་ཕབ་རོགས་ཞེས་འབོད་བསྐུལ་ཞུས།

འདི་ཐོག་བཀོད་པའི་ཚིག་རེ་རེ་བཞིན་འགན་འཁུར་ལྡན་པའི་ལས་དོན་ཤ་སྟག་ཡིན།།   གལ་ཏེ་སྐུ་ཉིད་ཀྱིས་ཉེས་སྐྱོན་མཐོང་ཚེ་ཐད་ཀར་འབྲེལ་གཏུགས་གནང་ན་དགའ་བསུ་དང་འབྲེལ་ལན་འདེབས་ཕུལ་རྒྱུ་གྲལ་སྒྲིག་ཡོད།

གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྨར་ཚང་བཀའ་བརྒྱུད་ཀྱི་གནས་དོན་ཅི་ཞིག་ཡིན་རུང་དྲ་ལམ་ཐོག་བཀོད་པ་འདི་གཞི་འཛིན་རོགས།  གནས་དོན་རྟོགས་མི་ཐུབ་པ་དང་སྒྲོ་འདོགས་ཆོད་མི་ཐུབ་པ་འདུག་ན་སྨར་ཚང་རྒྱལ་ཡོངས་ལས་ཁུངས་ལ་འབྲེལ་གཏུགས་ངེས་པར་གནང་རོགས།  ཐུགས་རྗེ་ཆེ།  

 

 

 

                             ཚོགས་སྡེ་ཕུང་བའི་རྐྱོན་ལྔ། 

                             དྲང་བདེན་མེད་པ།

                             དུས་ཐོག་མི་བྱེད་པ། 

                             ལྐག་ཟ་བྱེད་པ།

                            སྒེར་དོན་སྒྲུབ་པ།

                           སྐྱོན་སེལ་མི་བྱེད་པ།