འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་གྱི་གནས་ཤུལ་ཉག་བྲེའམ་བྲག་གཡབ་ཀྱི་ཟླ་ཆུ་རྒྱུན་ནས་སྨར་ཁམས་རུ་ཤོད་ཀྱི་བར་ཟླ་ཆུ་དང་ཉེ་བ་ཞིག་ལ་ཡོད་གཏན་ 

དི་ཕྱི་ལོ་༢༠༡༤་ལོ་ཟླ་བ་༤་པ་ཚེས་༨་ལ་སྨར་ཁམས་ཆོས་ལྡན་བྲག་གཡབ་ཕྱོགས་སུ་ཤོ་དགོན་ཟེར་བའི་གནས་རི་དེ་སྨར་ཚང་གི་གདན་ས་ཤོ་དགོན་གྱི་གནས་ཤུལ་ཡིན་མིན་རྟོགས་ཞིབ་ཆེད་དུ་བསྐྱོད།  ཡུལ་དེ་འབུར་དཀར་དགོན་གྱི་རྒན་གྲགས་པ་དང་ང་ཚོས་གློག་འཕྲིན་རྒྱུན་བགྲོ་གླེང་དང་འབྲེལ་བྱམས་འདུས་སོགས་རི་ལུང་གི་གནས་བབ་ཁྱོན་ཡོངས་ལ་རྟོགས་ཞིབ་ནན་ཏན་བྱས།  སྐབས་དེ་ཁོང་གཉིས་ཀྱིས་ཐུགས་འཁུར་རླབས་ཆེན་བཞེས་པར་ཐུགས་རྗེ་ཆེན་ཞུ་བ་དང་ཆབས་ཅིག  སྨར་ཚང་གི་གདན་ས་ཤོ་དགོན་གང་དུ་ཡོད་མེད་དཔྱད་ཞིབ་ཀྱི་གྲུབ་དོན་ཟུར་ཙམ་གླེང་ན། 

ས་འདི་ཤོ་དགོན་གྱི་གནས་ཡིན་མིན་ལ་དཔྱད་ཞིབ་བྱེད་བཞིན་པ་ཡིན།

འདི་རྒྱང་རིང་དུ་མཐོང་བཞིན་པ་ཁ་ཤར་ཕྱོགས་སུ་བསྟན་པའི་རི་བོ་དམར་པོ་དེ་ཡུལ་མི་རྣམས་ཀྱི་ཤོ་དགོན་ཞེས་ཐད་ཀར་དགོན་མིང་འདྲ་བོ་ཞིག་བཏགས་སྲོལ་འདུག་ལ།   སྨར་ཁམས་སྒར་ཐོག་ནས་གནས་འདིར་རྦག་རྦག་གཞོན་བཞིན་ཡོང་དུས་ཉིན་མ་ཕྱེད་གཉིས་འགོག་པའི་ས་ཡིན།  གནས་འདི་སྨར་ཁམས་ནས་ཆབ་མདོ་ལ་འགྲོ་དུས་གཞུང་ལམ་གྱི་གཡོན་ཟུར་ན་ཡོད།  བྱམས་འདུན་ནས་རྦག་རྦག་གཞོན་དེ་གནས་འདིར་ཆུ་ཚོད་གཅིག་ཙམ་ཡོང་དགོས།  བྱམས་འདུས་དང་འདི་གཉིས་བར་རི་བོ་གཞན་གྱི་བར་མཚམས་ཡོད། གནས་འདིའི་མདུན་དུ་ཧ་ཆུ་ཟེར་བའི་ཆུ་བོ་ཆེ་ཆུང་འབྲིང་ཙམ་གཅིག་བཞུད་ཀྱི་ཡོད། གནས་རི་འདིའི་རྒྱབ་ཕྱོགས་སུ་རྒྱང་ཐག་རིང་པོ་ནས་ཟླ་ཆུ་དེ་བྲག་གཡབ་མ་དགོན་རྒྱུད་རིམ་བཞིན་སྨར་ཁམས་སུ་བཞུད་པ་གསལ་པོ་ཡིན། ང་ཚོས་ངལ་བ་ཆེད་སེལ་གྱི་ལས་དོན་འདི་སྒྲུབ་པ་ནི་སྨར་ཚང་གི་གདན་ས་ཤོ་དགོན་གྱི་གནས་ཤུལ་གཏན་ཁེལ་བྱེད་པ་ཙམ་ལས།  བྲག་གཡབ་དང་སྨར་ཁམས་གང་དུ་ཡོད་ཀྱང་ས་དགེ་གང་རུང་གིས་བདག་བཟུང་བྱས་ཡུལ་ཞིག་ཏུ་གྱུར་ཟིན་པས་རེ་འདུན་གང་ཡང་མེད།  སྨར་ཚང་གི་བསྟན་པའི་ཕ་ས་ནི་ལུང་རྟོགས་གཉིས་དང་མན་ངག་གི་བརྒྱུད་པ་ཡིན་པ་ལས་ས་རྡོ་རི་བྲག་དང་དགོན་ཤུལ་བདག་བཟུང་ཐུབ་ཙམ་ཞིག་ངོས་འཛིན་ཞུ་རྒྱུ་མེད།  འོན་ཏེ།  རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་ལོ་ངོ་སྟོང་ཕྲག་ཉེ་བར་ཆོས་ལུགས་གཞན་གྱིས་བདག་བཟུང་བྱས་ཀྱང་དུས་ཀྱི་འགྱུར་འགྲོ་ལ་ལྟོས་ནས་ལོ་རྒྱུས་བདེན་དཔང་བཙུགས་ནས་ཁྲིམས་མཐུན་གྱི་རང་དབང་ཐོབ་ཡོད། དེ་བཞིན་གོ་ལ་འདི་ཆོས་ལུགས་འཐབ་འཛིང་འོག་མེས་པོའི་གནས་ཤུལ་ཤོར་ནས་ལོ་སྟོང་ཕྲག་མཆིས་ཀྱང་དུས་ཀྱི་འཕོ་འགྱུར་ལ་ལྟོས་ནས་གནས་ཤུལ་ཉམས་གསོ་ཐུབ་པ་བརྒྱ་ཕྲག་མང་པོ་བྱུང་བ་ལྟར།  སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་རྗེས་འབྲང་དག་གིས་དུས་སྐབས་ལ་ལྟོས་ནས་གདན་ས་ཤོ་ཙོམ་གཉིས་ཀྱི་གནས་ཤུལ་སྐྱར་གསོ་བྱེད་རྒྱུ་འདུན་པ་སྐྱེ་དུས།  ཤོ་ཙོམ་གཉིས་ཀྱི་གནས་ཤུལ་གང་དུ་ཡོད་མེད་ས་ཁམས་ཚན་རིག་གི་དཔྱད་ཞིབ་དང་མཐུན་པའི་ལོ་རྒྱུས་མཚན་ལྡན་ཞིག་དཔང་པོ་འཇོག་རྒྱུ་ནི། ང་ཚོ་སྐབས་སུ་བབ་པའི་སྨར་ཚང་བཀའ་བརྒྱུད་ལས་ཀྱི་སྣེ་མོ་བ་ཚོས་འགན་ཁྲི་ཆེན་ཤོས་ཡིན་པར་ངོས་འཛིན་བྱས་ཏེ།  བློ་གཟུར་བོ་གནས་པའི་ཐོག་ནས་ལོ་རྒྱུས་གཉུལ་ཞིབ་བྱས་པས་ཙོམ་མདོ་གནས་གསར་གྱི་དགོན་ཤུལ་སྨར་ཁམས་རུ་ཤོད་ལ་ཡོད་པ་གྲུབ་དོན་ཐག་ཆོད་པ་བྱུང་བ་ལྟར།  ཤོ་དགོན་གྱི་གནས་ཤུལ་ཡང་དེ་བཞིན་ཐག་ཆོད་པ་བྱུང་བའི་རེ་བ་དང་ཡིད་ཆེས་ཙམ་མིན་པར་མུ་མཐུད་དཔྱད་ཞིབ་ནན་ཏན་བྱ་རྒྱུ་ཡིན།  དེང་རབས་ལོ་རྒྱུས་ཉམས་ཞིབ་པ་མཁས་དབང་ཚོས་དཔྱད་ཞིབ་ཀྱི་བདེན་དཔང་བཟུང་ས།  ཤོ་དགོན་བཏབ་མཁན་སྨར་པ་ཉིད་ཀྱི་གསུང་།  སྨར་པའི་ཞལ་སློབ་གྲུབ་ཆེན་གཤའ་པའི་གསུང་།  ས་སྐྱ་པཎ་ཆེན་གྱི་སྤྲིང་ཡིག  ཙོམ་མདོའི་གདན་རབས།  འོད་ཟེར་བླ་མའི་རྣར་ཐར་བཅས་སྲེ་ལྷན་མེད་པ་མཚན་ལྡན་གྱི་ལོ་རྒྱུས་ལྔ་བདེན་དཔང་བཟུང་ནས་དཔྱད་ཞིབ་བྱེད་དུས།  ཤོ་དགོན་གྱི་གནས་དེ་ཁྱད་ཆོས་ཆེན་པོ་བཅུ་གཅིག་ཚང་དགོས་པ་ཐག་བཅད་ཡོད།  ཁྱད་ཆོས་བཅུ་གཅིག་ནི། ༡ ཤོ་དགོན་ཆགས་པའི་ཡུལ་མིང་ལ་སྨར་ཁམས་རུ་ཤོད་ཟེར་བ།  ༢ དགོན་པའི་ས་མིང་ལ་འདམ་སྟེང་ཟེར་བ། ༣ དགེ་འདུན་གཉིས་སྟོང་ནས་གཅིག་ཁྲི་བར་གནས་ཐུབ་པའི་ས་ཁྱོན་དང་དགོན་ཤུལ་ཡོད་པ། ༤  གནས་རི་དེ་སྒྲོལ་མ་བཞུགས་པ་འདྲ་བོ་ཡིན་པ།  ༥ རྒྱབ་རི་བྲག་གིས་བསྐོར་ཡོད་པ། ༦ གཡོན་རིའི་མིང་ལ་ཆོས་སྐྱོང་རི་ཟེར་བ།  ༧ ཆུ་བོ་གསུམ་གྱི་མདུན་མདོར་ཡིན་པ།  ༨ ཟླ་ཆུའི་ངོགས་སུ་ཡོད་པ།  ༩  འབྲུ་སྣ་ཚོགས་ཀྱི་འབྱུང་ཁུངས་ཡིན་པ། ༡༠ འཇམ་པའི་སྤང་དང་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པ། ༡༡ ཟོང་འདོད་དགུ་འབྱུང་བའི་ཚོང་ར་དང་གྲོང་འཁྱེར་ཡོད་པ།  དེ་ལྟ་བུ་ཁྱད་ཆོས་བཅུ་དང་ལྡན་པ་ཞིག་ཡོད་དགོས།  དང་པོ་ཡུལ་དེའི་མིང་ལ་སྨར་ཁམས་རུ་ཤོད་ཟེར་སྲོལ་ཡོད་མེད་གཉུལ་ཞིབ་ནན་ཏབ་བྱས་ཀྱང་ད་ལྟ་རྙེད་མེད།  དོན་མཚན་གཉིས་པ་དགོན་པ་བཏབ་པའི་ས་མིང་ལ་འདམ་སྟེང་ཟེར་སྲོལ་ཡོད་མེད་གཉུལ་ཞིབ་ནན་ཏན་བྱས་ཀྱང་མིང་དེ་རྙེད་མེད། 

འདི་དགོན་ཤུལ་གྱི་པར་ཡིན།

དོན་མཚན་གསུམ་པ་གནས་རི་དེ་ཕྱོགས་གང་ནས་ཞིབ་ཀྱང་དགེ་འདུན་གཉིས་སྟོང་ནས་གཅིག་ཁྲི་བར་གནས་སྡོད་བྱེད་ཡུལ་ས་ཁྱོན་ཁག་པོ་ཞིག་ཏུ་གྱུར་ཡོད།

དོན་མཚན་བཞི་པ་དང་ལྔ་པའི་ཁྱད་ཆོས་ཡོངས་སུ་ཚང་བར་འགྲེལ་མི་དགོས་པ་མིག་གིས་བལྟས་པ་ཙམ་ནས་ཐག་ཆོད་པ་བྱུང་ཡོད།  དོན་མཚན་དྲུག་པ་གནས་རི་དེའི་ཉེ་འཁོར་གྱི་རི་བོ་ཐམས་ཅད་ལ་ཆོས་སྐྱོང་རི་ཟེར་བ་ཞིག་ཡོད་མེད་གཉུལ་ཞིབ་ནན་ཏན་བྱས་ཀྱང་ད་ལྟ་རྙེད་མེད། 

འདི་ཧ་ཆུ་དང་བྲུ་ཆུ་གཉིས་འདྲེས་ས་དེ་ཡིན།

དོན་མཚན་བདུན་པ་གནས་རི་འདི་ཆུ་བོ་གསུམ་གྱི་མདུན་མདོར་ཡིན་མིན་གཉུལ་ཞིབ་ནན་ཏན་བྱས་ཀྱ་ད་ལྟ་རྙེད་མེད།  འདི་ལ་རྒན་གྲགས་པས་གསུངས་པ་ལྟར་བྱས་ན་གནས་རི་འདིའི་མདུན་གྱི་ཧ་ཆུ་ཟེར་བ་དེ་ཐག་རིང་ཙམ་བཞུད་དུས་ལུང་པ་གཞན་ནས་ཡོང་བའི་བྲུ་ཆུ་ཟེར་བ་གཉིས་འདྲེས་དེ་རིབ་བཞིན་འགྲོ་དུས་རྨེར་ཆུ་ནང་འདྲེས།  རྨེར་ཆུ་དེ་རིམ་བཞིན་མ་དགོན་ཕྱོགས་སུ་ཡོང་བའི་ཟླ་ཆུ་ནང་ལ་འདྲེས་ནས་སྨར་ཁམས་སུ་བཞུད་ཚུལ་གསུངས་ཀྱང་། གནས་རི་ཞིག་གི་ཁྱད་ཆོས་བརྗོད་དུས་གནས་རིའི་ཉེ་འགྲམ་དང་ཡང་ན་གནས་དེ་ནས་བལྟས་དུས་མིག་གིས་མཐོང་ཡུལ་གྱུར་པའི་རི་ཆུའི་ཁྱད་ཆོས་དང་ཡོན་ཏན་རྣམས་དྲངས་སྲིད་པའི་དབང་དུ་བཏང་ཡང་ཆུ་བོ་གསུམ་གྱི་མདུན་མདོར་བཟོ་ཐབས་ཁག་པོ་ཞིག་གྱུར་ཡོད། གནས་དེ་ནས་འདྲེན་བྱེད་ཡུལ་ལས་བྲལ་བའི་རྒྱང་རིང་གི་ཆུ་བོ་དང་བྲག་རི་སོགས་སྐབས་དོན་གྱི་གནས་རིའི་ཁྱད་ཆོས་དྲངས་སྲོལ་ཡོད་ཀྱང་། གནས་རིའི་རྒྱབ་ཀྱི་ཁྱད་ཆོས་རྣམས་མདུན་གྱི་ཁྱད་ཆོས་དྲངས་སྲོལ་མེད།  དོན་མཚན་བརྒྱད་པ་ངོགས་སུ་ཟེར་བ་ཆུ་བོ་དང་རི་བོ་དང་དམག་ལ་སོགས་པ་སྐབས་བབ་ཀྱི་མདུན་དང་འགྲམ་གང་རུང་ཞིག་ལ་བརྗོད་པ་ལྟར།  གནས་རི་འདིའི་ངོགས་སམ། མདུན་ནམ། འགྲམ་གང་དུ་ཡང་ཟླ་ཆུ་མེད་པ་གསལ་པོ་རེད།  གལ་ཏེ།  གནས་རི་དེ་དང་ལ་ལུང་མང་པོ་བར་གྱི་ཆོད་པའི་རྒྱང་རིང་གི་མདུན་ངོགས་སུ་ཟླ་ཆུ་བཞུད་བ་ལ་གོ་བའི་དབང་དུ་བྱེད་ན་ཡང་།   ཟླ་ཆུ་ནི་གནས་རི་འདིའི་ལ་ལུང་གི་བར་ཐག་ཡོད་པའི་རྒྱབ་ཕྱོགས་ནས་སྨར་ཁམས་སུ་བཞུད་པ་དང་། གནས་འདི་ཁ་ཤར་ཕྱོགས་སུ་བསྟན་ཡོད་པས་ཟླ་ཆུའི་ངོགས་སམ་མདུན་ནམ། འགྲམ་ལ་སོགས་པ་སྦྱར་ཐབས་དཀའ་བ་ཞིག་ཏུ་གྱུར་ཡོད། 

འདི་ཤོ་དགོན་གནས་ཤུལ་ཡིན་ཟེར་བའི་གནས་ཀྱི་མདུན་རིའི་བཀོད་པ་ཡིན།

དོན་མཚན་དགུ་པ་དང་བཅུ་པ།  ཤོ་དགོན་ཆགས་ཡུལ་དེ་འབྲུ་སྣ་ཚོགས་ཀྱི་འབྱུང་ཁོངས་ཡིན་དགོས་པས་གནས་འདིར་བྲོ་ནས་མ་གཏོགས་འབྲུ་རིགས་གཞན་སྐྱེས་རྒྱུ་མེད་པ་དང་།  གནས་འདི་འཇམ་པའི་སྤང་དང་མཛེས་པའི་མེ་ཏོག་སྣ་ཚོགས་སྐྱེ་སའི་ཡུལ་ཞིག་ཡིན་མིན་བལྟས་ཙམ་ནས་རྟོགས་སླ་བའི་འགྲེལ་མི་དགོས། དོན་མཚན་བཅུ་གཅིག་པ་གནས་རི་འདི་ཟོང་འདོད་དགུ་འབྱུང་བའི་ཚོང་ར་དང་གྲོང་འཁྱེར་ཆགས་མྱོངས་ཡོད་མེད།  རི་ལུང་འདི་ཁྱོན་ཡོངས་ཀྱི་གནས་བབ་ལ་བལྟས་དུས་གྲོང་འཁྱེར་ཆགས་ཁག་པོ་གྱུར་ཡོད།   འོན་ཀྱང་།  ང་ཚོས་སྨར་ཁམས་རུ་ཤོད་ནས་བྱམས་འདུས་བར་ཟླ་ཆུའི་རྒྱུད་གཉུལ་ཞིབ་བྱས་དུས་ད་ལྟ་བར་འདི་ལས་ལྷག་པའི་གནས་ཤུལ་ཞིག་རྙེད་མེད།  

འདི་ནི་ང་ཚོས་དཔྱད་ཞིབ་བྱེད་བཞིན་པའི་གྲུབ་དོན་འགའ་ཞིག་གླེང་སློང་དང་དོགས་གཅོད་བྱེད་པ་ཙམ་ལས་གནས་རི་འདི་ཤོ་དགོན་གྱི་གནས་ཤུལ་ཡིན་མིན་ཚིག་ཐག་བཅད་མེད།  ད་དུང་གནས་འདི་ནས་གནའ་ཤུལ་རིགས་འགའ་ཞིག་ལ་ཉམས་ཞིབ་བྱེད་མུ་ཡིན།  གལ་ཏེ།  གནས་འདི་ལས་ལྷག་པ་ཞིག་རྙེད་རྒྱུ་མེད་ཚེ་བསམ་བློ་ཕྱི་ནུད་བྱས་ནས་དོན་མཚན་འགའ་ཞིག་སྙན་ངག་གི་རབ་རྟོག་གྲས་སུ་འཇོག་ན་ཡང་དོན་མཚན་དང་པོ་དང་གཉིས་པ་དེ་ཆོས་རྗེ་སྨར་པ་དང་ཁོང་གི་ཞལ་སློབ་གྲུབ་ཆེན་གཤའ་པ་གཉིས་ཀྱིས་ཡུལ་མིང་དང་ས་མིང་མ་ཡིན་པ་ཞིག་ཡིན་གསུངས་མི་སྲིད། ས་མིང་དང་ཡུལ་མིང་མ་ཡིན་པ་ཞིག་ཡིན་ཟེར་བ་རབ་རྟོག་སྦྱར་རྒྱུ་མེད་པར་སྙན་ངག་སྨྲ་བ་དག་གིས་མཁྱེན་གསལ་རེད།  དོན་མཚན་བདུན་པ་ཆོས་རྗེ་རང་ཉིད་གནས་དེ་བཞུགས་ནས་ཆུ་བོ་གསུམ་གྱི་མདུན་མདོར་མིན་པ་ཞིག་ཡིན་གསུང་དགོས་པའི་རྒྱུ་མཚན་ཅི་ཡང་མེད། མེད་པ་ཞིག་ཡོད་ཟེར་ན་ལོག་བཤད་གྲས་སུ་འཇོག་དགོས་པ་ལས་རབ་རྟོག་ཟེར་ཐབས་མེད།   དོན་མཚན་བརྒྱད་པ་སྙན་ངག་སྨྲ་བ་ས་སྐྱ་པཎ་ཆེན་གྱིས་རབ་རྟོག་སྦྱར་ངེས་ཀྱང་རྒྱབ་དུ་བཞུད་པའི་ཟླ་ཆུ་དེ་མདུན་ངོགས་ལ་ཡོད་ཚུལ་དང་ནུབ་རྒྱུན་དུ་བཞུད་པའི་ཟླ་ཆུ་དེ་ཤར་རྒྱུན་ནས་བཞུད་ཚུལ་རབ་རྟོག་སྦྱར་མི་སྲིད་པ་ཞིག་རེད།   འདི་དག་དཔྱད་གཞི་ཡིག་ཆ་མཚན་ལྡན་མང་པོ་ཞིག་ཡོད་ཀྱང་དཀའ་སྤྱད་འབད་འབུངས་མི་དགོས་པ་ཁང་མིག་གྲུ་བཞི་གཅིག་གི་ནང་དུ་འཛུལ་ནས་ལོ་རྒྱུས་སྨྲ་བ་འདོད་མཁན་ཚོས་ལུས་སེམས་འགུལ་བའི་ཆེད་དུ་བཀོད་མེད། འདི་བཀོད་པའི་པར་དང་ཡིག་འབྲུ་དྲངས་པའི་ལོ་རྒྱུས་དཔྱད་ཞིབ་རྣམས་ཁྲིམས་མཐུན་གྱི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་གང་འབྱུང་ཕབ་བཤུས་མི་ཆོག །