འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ཁབ་དུ་ཆོས་ལུགས་སྣ་ཆོགས་ཀྱི་ཆོས་ཚོགས་༤༩༨༨༡་ཡོད་པའི་ནང་ནས་འདི་ལོ་གཟེངས་རྟགས་ཐེངས་བདུན་པ་དེ་ཆོས་ཚོགས་༣༢་འདེམ་སྒྲུག་ནང་ནས་ནང་པའི་ཆོས་ལུགས་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ནས་གཟེངས་རྟགས་ཕུལ་ཡོད་པ་རེད།
མཛད་སྒོའི་དངོས་གཞི།
སྐུ་མགྲོན་རྣམས་ཡར་བཞེངས་ནས་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་དགའ་བསུ་ཞུས་ནས་ཕྱག་རྡེབ་བཞིན་པ།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བཞིན་པ།
སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
དབྱིན་ཇིའི་རྒྱལ་ཁབ་དུ་ཡེ་ཤུ། ཧེ་ཏུང་། ཁ་ཆེ། ཇུན་ཤུ། ནང་པ་སོགས་ཀྱིས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡་དང་རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠་ཡོད་པའི་ནང་ནས་ཆོས་ཚོགས་༣༢་འདེམ་སྒྲུག་བྱས་པའི་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ཡོད་པ་རེད། ནང་པའི་ཆོས་ཚོགས་སྨར་ཚང་བཀའ་བརྒྱུད་གཅིག་པུ་་འདེམ་ཡོད་པ་རེད།
དབྱིན་ཇིའི་རྒྱལ་ཁབ་དུ་སྨར་ཚང་བསྟན་པའི་བདག་པོ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
ཕྱི་ལོ་༢༠༢༣་ཟླ་བ་༡༡་ཚེས་༢༡་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་སྐུ་མགྲོན་རྣམསམ་ཀྱི་པར།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེའི་བཀའ་སློབ།
འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༠༨་དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་བཀའ་སློབ་གནང་བཞིན་པ།

འབྲེལ་གཏུགས།

སྐུ་ཉིད་སྨཪ་ཚང་བཀའ་བརྒྱུད་ལས་ཁུངས་ལ་འབྲེལ་གཏུགས་གནང་བར་ཐུགས་རྗེ་ཆེ། ང་ཚོའི་ཁྱོད་རང་གི་རེད་འདོད་དང་དམིགས་ཡུལ་གང་ཡིན་པ་དེ་དུས་ཐོག་ཕུལ་ཐུབ་པ་ཞུ་རྒྱུ་ཡིན། གནོན།

སྨར་ཚང་བཀའ་བརྒྱུད་ཀྱིས་དབྱིན་ཇི་དང་ཐེ་ཝན་ལ་ལོ་རྟག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཏན་ཁེལ་བའི་རིགས་རྣམས་བཤམ་དུ་ངོ་སྤྲོད་མདོར་བསྡུས་ཞུ་ཡོད་པས་གཟིགས་རོགས། གལ་ཏེ་དོག་འདྲི་དགོས་ངེས་མཐོང་ཚེ་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས། །

Read more ...
  • ཐེ་པེ་ཆོས་ཚོགས།
    ཐེ་པེ་ཆོས་ཚོགས།

     

     

    ༧འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༡་ལ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་གསར་དུ་བསྐྲུན་པའི་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས། 

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ།

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་བཞེངས་པའི་བཤད་གྲྭའི་ཐོག་ཏུ་གཟིམ་ཤག་ནང་རྩོམ་བྲིས་བཞིན་པ། 

  • ཐེ་ཝན་ལ།
    ཐེ་ཝན་ལ།

     

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་མཛད་སྒོར་ཐོག་ཕེབས་བཞིན་པ། 

  • སྨར་ཁམས་གྱི་སློབ་གྲ༎
    སྨར་ཁམས་གྱི་སློབ་གྲ༎

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༡༩༩༣་ལོར་ལེགས་གྲུབ་བྱུང་བའི་ཀུན་ཕན་གསོ་སྐྱོང་སློབ་གྲྭ་ཡིན། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་བཞེངས་པའི་ཆོས་ཚོགས་མཛད་སྒོ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས་གསར་པ།
    ཐེ་ཀྲོང་ཆོས་ཚོགས་གསར་པ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་གསར་དུ་བཞེངས་པའི་ཆོས་ཚོགས་ལ་བཀའ་སློབ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ཆོས་ཚོགས་ལ་ཞེ་པ་བཞི་བྲལ་གསུངས་བཞིན་པ།

  • ཞི་བདེ་དེད་དཔོན།
    ཞི་བདེ་དེད་དཔོན།

     

     

    ཕྱི་ལོ་༡༩༩༧་ལོ་འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་སླར་བྲོས་འབྱོར་སླེབས་དུ་༧རྒྱལ་དབང་བཅུ་བཞི་པ་དང་མཇལ་འཕྲད་གནང་བ།

 

ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་པའི་དབྱིན་ཇིའི་རྒྱལ་ཁབ་འདི་ལ། ཡེ་ཤུ་དང་། ཧེ་ཏུང་། ཁ་ཆེ། ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡ ཡོད་ཅིང་། རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠ ཡོད་པ་རེད། དབྱིན་ཇིའི་རྒྱལ་་པོ་ King Charles ཕྱྭ་ལི་སི་ཡིས་བཙུགས་པའི་the Faith &Belief Forum ཞེས་པའི་ལུགས་ཀྱི་གཟེངས་རྟགས་ཚོགས་པ་འདིས། ཕྱི་ལོ་༢༠༢༣ ལོ་ཟླ་བ་༡༡ ཚེས་༢༡ ལ་གཟེངས་རྟགས་ཐེངས་བདུན་པ་འདི་ཆོས་ཚོགས་༣༢ འདེམ་སྒྲུག་བྱས་པ་ནང་ལ། སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཡང་འདེམ་སྒྲུག་བྱས་ཡོད་གསུངས་སོང། གཟེངས་རྟགས་འདི་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་། རིགས་གཞུང་། གོམས་སྲོལ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་འདི་མི་རྣམས་ལ་ཕན་པའི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་། སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བ་འདི་མདོར་བསྡུས་ན་གཉིས་སུ་ངེས་ཡོད། དང་པོ་ནི། ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་བརྒྱུད་རྙིང་མའི་ཐབས་ལམ་ལ་བརྟེན་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། སྡེ་ཚན་རེ་ལ་ལོ་གསུམ་དང་ཕྱེད་ཀའི་སློབ་ཚན་མཐར་ཕྱིན་པ་ཁྲིད་ནས་གྲུབ་དོན་ལག་འཁྱེར་སྤྲོད་ཅིང། ཉམས་ལེན་གྱི་རིམ་པ་ཡང་སྲོལ་བརྒྱུད་ལྟར་ཁྲིད་པ་འདི་གཞན་ལས་ཁྱད་པར་འཕགས་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་གསུངས། གཉིས་པ་ནི། གཏོག་དབྱིབས་ནད་དུག་གི་སྐབས་སུ་སློབ་རྒན་ཚོས་ཆོས་ལུགས་རིས་མེད་ཀྱི་མི་རྣམས་སེམས་ཁམས་ཞི་བ་ལ་གནས་པའི་ཕྱིར་ཏུ། དྲན་པ་དབྱུག་ལ་གཏད་པ། དྲན་པ་ལུས་ལ་གཏད་པ། དྲན་པ་ཚོར་བ་ལ་གཏད་པའི་ཐབས་ལམ་ལ་བརྟེན་ནས་ལོ་གཉིས་ཀྱི་རིང་སྒོམ་ཁྲིད་རྒྱུན་སྐྱོང་བས་མི་མང་པོ་ཞིག་གི་སེམས་ཁམས་ལྷོད་དུ་འབབ་པ། སྐྱོ་སྣང་བསང་བ། འཇིགས་སྣང་ཞི་བ་སོགས་གྲུབ་འབྲས་ཆེན་པོ་ཐོན་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང། དེ་རིང་གཟེངས་རྟགས་ཐོབ་པའི་ཆོས་ཚོགས་༣༢ ནང་ནས་སྐྱར་དུ་ཆོས་ཚོགས་༨ འདེམ་སྒྲུག་བྱས་ནས་ཚེས་༢༢ ལ་དམིགས་གསར་གྱི་བཅར་འདྲི་ཞུ་རྒྱུ་ཡིན་ཞེས་བརྡ་འཕྲིན་འབྱོར་སོང་བས། ང་ཚོའི་སློབ་མ་ཞིག་གིས་བཅར་དྲི་ལེན་འདེབས་བྱས་པ་རྣམས་ཚོགས་པ་དེའི་དྲ་ལམ་དུ་རིམ་བཞིན་འགོད་རྒྱུ་ཡིན་གསུངས། འདི་ནི་སྨར་ཚང་བསྟན་པའི་བདག་པོ་༧ འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༢༠༠༨ ལོ་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དབྱེར་མེད་འབད་བརྩོན་བྱས་པ་དང་། སྲི་ཞུ་ལས་བྱེད་ཚོས་ཀྱང་ལྷག་བསམ་བཟང་པོ་ཀུན་ནས་སླངས་ནས་འགྲོ་སོང་ཆེ་ཆུང་ཐམས་ཅད་སོ་སོའི་བཏང་ནས་འབད་བརྩོན་བྱས་པའིི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་གནང་བ་ལ་བརྟེན་ནས། སྲི་ཞུ་བ་རྣམས་སླར་ཡང་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་པ་ལ་ཕན་ཐོག་ཆེན་པོ་བྱུང་སོང་བས། སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་གི་ལས་ཁུངས་ནས་དྲང་བདེན་གྱི་ལས་ལ་བརྩོན་པའི་the Faith &Belief Forum ཚོགས་པ་འདིའི་དབུ་ཁྲིད་དང་། ཉམས་ཞིབ་པ། ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།

 

 

 

                                                   རྩོམ་ཡིག་འདི་འཕར་མནན་བྱས་ཡོད་ལ་མ་འོང་པ་ཡང་དུས་ལ་བསྟུན་ནས་འཕར་མནན་བྱ་ངེས་ཡིན།                       

 ལྷའི་བུ་ཏོག་དཀར་དུས་ཀྱི་གདུལ་བྱའི་དོན། །འཛིན་མའི་ཞིང་འདིར་སྒྱུ་མའི་སྲས་སུ་བྱོན། །སྤྲོས་བྲལ་རྔ་བོ་རྡུང་བས་རྐང་གཉིས་ཀུན། །མ་རིག་གཉིད་ལས་དཀྲོལ་མཛད་དེ་ལ་འདུད། །བླང་དོར་ཇི་བཞིན་དཔྱད་པ་མི་ཤེས་པའི། །བདག་ཡིད་སོམ་ཉི་དྲྭ་བ་རབ་བཅད་ནས། ཡང་དག་ལམ་སྟོན་ཀུན་ལས་ཆེས་ལྷག་པ། །མཉམ་མེད་དྲིན་ཆེན་བླ་མ་རྟག་ཏུ་བཀུར། ། སྨར་ཚང་ལོ་རྒྱུས་ལོག་པ་འགྲེལ་བ་ཀུན། །སྨར་ཚང་པ་ཡིས་དོགས་པ་སེལ་ཕྱིར་ཏུ། །སྨར་ཚང་ཤོ་ཙོམ་དཔྱད་པའི་ཚངས་ཐིག་འདི། །སྨར་ཚང་ཕྱི་རབས་པ་ལ་ཕན་ཕྱིར་བྲིས། །ཞེས་ཤོ་ཙོམ་དཔྱད་པའི་ཚངས་ཐིག་འདི་ཤོ་དགོན་ལ་དཔྱད་པ་དང་། ཙོམ་མདོ་ལ་དཔྱད་པ། ཇོ་དགོན་ཡོད་མེད་ལ་དཔྱད་པ། སྨར་ཚང་གི་ཡིག་རྙིང་དང་གནའ་རྫས་ཉུལ་བ། སླར་ཡང་སྨར་ཚང་བསྟན་པའི་འོད་སྣང་འཕྲོ་བ། སྨར་ཚང་བཀའ་བརྒྱུད་ཀྱི་ཐར་པའི་ལམ་སྲོལ། ད་ལྟ་སྨར་ཁམས་སུ་སྨར་ཚང་གི་རྗེས་ཤུལ།  ཞར་བཤད་དང་བརྒྱད་ལས།

དང་པོ་དཔལ་བཀྲ་ཤིས་ཡིད་འོང་དགོན་པ་ལ་དཔྱད་པར་བྱ་སྟེ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གྲུབ་ཆེན་ཉག་རེ་སེ་བའི་ལོ་རྒྱུས་དང་མགུར་འབུམ་དཔར་བསྐྲུན་བྱས་པའི་དེབ་དང་། པདྨ་དང་བློ་བཟང་གཉིས་ཀྱིས་བླ་དགོན་ལོ་རྒྱུས་བྲིས་པ་གཉིས་ལ་སྨར་བྲག་གཉིས་ཀྱི་ལོ་རྒྱུས་ཕྱོགས་མང་པོ་ཞིག་དྲང་བདེན་ལས་བརྒལ་བ་གསུངས་འདུག་ཀྱང་། སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་འབྱུང་འབྲི་དུས་ཡོ་བསྲང་ཆོག་སྙམ་ནས་མི་སྨྲ་བའི་རྟུལ་ཞུགས་བཟུང་ནས་བསྡད་ཀྱང། ད་ལན་དགའ་ལྡན་ཕོ་བྲང་གིས་རྒྱུ་གྲོན་སྦྱར་ནས་མདོ་བསྟོད་ལོ་རྒྱུས་བསྡུར་རུབ་སྐབས་སུ་སྨར་བྲག་གཉིས་ཀྱི་ལོ་རྒྱུས་མི་མཐུན་པ་རྣམས་སོ་སོའི་ཁུངས་སུ་དྲུད་ཐབས་བྱས་པ་ལྟར། བྲག་གཡབ་བ་ཞིག་གིས་ལོ་རྒྱུས་སྨྲ་བ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལ་བཅར་དྲིས་ཞུས་དུས། ཁོང་གིས་ཆོས་རྗེ་སྨར་པའི་འཁྲུངས་ཡུལ་བྲག་གཡབ་རང་འགྲུབ་དཔོན་ཚང་གི་བུ་རེད། ཅེས་ཚིག་ཐག་བཅད་ནས་བརྗོད་སོང་ཞེས་དཔང་རྟགས་དྲངས་པ་སོགས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས། སྨར་ཁམས་པ་འགའ་ཤས་ཀྱིས་བརྡ་ལན་ཞིག་འབྲི་དགོས་ཚུལ་བསྐུལ་མ་ཡང་ཡང་བྱུང་བས། ཁོ་བོས་ལས་བྲེལ་ཧ་ཅང་ཆེ་ཡང་མིག་གིས་མཐོང་བཞིན་ཡོ་བསྲང་མ་བྱས་ན། སྨར་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ལ་འགན་འཁུར་མེད་པའི་ཉེས་ཅན་པ་ཞིག་འགྱུར་ཉེན་མཐོང་སྟེ། དུས་ལ་བབ་པའི་ཆར། ཐོ་ལ་ཕོག་པའི་མདའ། གནད་ལ་འཐད་པའི་གཏམ་ཞེས་པའི་དཔེར་ལྟར། ལོ་རྒྱུས་འདི་དྲང་པོ་ཞིག་ཡོང་རེ་ལ་དམིགས་ནས་ཆེ་ཆུང་མཐོ་དམན་གྱི་ངོ་ལ་མ་བསྟུན་པར་དྲང་པོ་ལམ་ནས་དཔྱད་ན་ཉེས་པར་མེད་པར་མཐོང་ནས་བྲིས་པ་ཞིག་ཡིན། དེ་ཡང་ཇི་སྐད་དུ་ཡབ་སྲས་མཇལ་བའི་མདོ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་གསུངས་པ་དང་། ཟླ་བ་གྲགས་པའི་འཇུག་པ་ལས། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།། གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་གསུངས་པ་ལྟར་རང་གིས་རྣམ་པར་དཔྱད་ནས་བཤད་པར་བྱ། ད་ལྟ་བོད་པའི་ཉམས་ཞིབ་པ་དང་ཕྱི་རྒྱལ་ཉམས་ཞིབ་པ་ཚད་ཐུབ་མང་པོའི་ལྷན་དུ་བགྲོ་གླེང་བྱས་པའི་ཉམས་མྱོང་ལ་དཔག་ན། ལོ་རྒྱུས་དང་། རྣམ་ཐར། ས་མཚམས་སོགས་དཔྱད་གཞིར་གྱུར་པའི་ལོ་རྒྱུས་དངོས་སུམ་མཐོང་ནས་རྩོམ་པའི་བརྗོད་བྱ་ལ་བདེན་དཔང་ཆེན་ཤོས་སུ་འཇོག་དགོས་པ་དང་། དེ་ནས་མར་ཟླ་དུས་ལོ་གྲངས་ཀྱི་ཐག་ཇེ་སྲིད་རིང་ན། དེ་སྲིད་དུ་བདེན་དཔང་ཡང་ཐག་ཇེ་རིང་དང་ནུས་པ་ཇེ་ཞན་དུ་འགྱུར་བར་ཉམས་ཞིབ་མཁས་པ་ཀུན་གྱིས་ཁ་མཐུན་ཞིང། བོད་པའི་ལོ་རྒྱུས་རྙིང་མར་དཔྱད་དུས་སྲོང་བཙན་སྐབས་ཀྱི་ཏུན་ཧོང་ཡིག་རྙིང་དང་། ཐང་ཡིག་གསར་རྙིང་། ཁྲི་སྲོང་སྐབས་ཀྱི་སྦ་ཡེ་ཤེས་དབང་པོས་བྲིས་པའི་སྦ་བཞེད་ཞབས་བཏགས་མ་སོགས་དུས་སྐབས་དེར། རྩོམ་པ་པོའི་བརྗོད་བྱ་དང་མིང་ཚིག་རྣམས་བདེན་དཔང་བཟུང་ན་ལོ་རྒྱུས་ཚད་ལྡན་ཞིག་ངོས་འཛིན་པ་ལྟ་བུ་རེད། དེ་ཡང་ལས་ལྡོག་ནས་ཨ་མའི་ཁ་སྒྲུང་ དང་། ཨ་ཕའི་ལྷ་སྒྲུང་འདྲེས་མ་རྣམས་ལོ་རྒྱུས་ཤིག་ངོས་འཛིན་ན། དོན་དངོས་ཀྱི་ལོ་རྒྱུས་ལ་བསྲུབ་ཐབས་བྲལ་བའི་རྨ་ཁ་ཆེན་པོ་ཞིག་གྱུར་བར་མཁྱེན་དགོས།                                                  

སྔར་བྲག་གཡབ་ལ་སྨར་ཤོད་ཅེས་པའི་མིང་ཚིག་ལ་དཔྱད་པ། ཆོས་རྗེ་སྨར་པ་རིན་པོ་ཆེ་སྐུ་ཉིད་ཀྱིས་གསུངས་པའི་མགུར་འབུམ་ལས། སྨར་ཁམས་དང་། ནང་ཆེན། ཉག་རེ་བ་སོགས་མཆོད་ཡོན་དཔོན་སྡེ་ཁག་ལ་འཕྲིན་ཡིག་བསྐུར་བ་དང་། སྦྱིན་བདག་ཁག་ལ་འཕྲིན་ཡིག་བསྐུར་བ། ཕྱོགས་མཐའ་བྱོན་པའི་ཞལ་སློབ་རྣམས་ཀྱིས་དོག་དྲིས་ཕུལ་བའི་ལན་དུ་གདམས་འཕྲིན་བསྐུར་བ་དག་ལ་དཔྱད་ནས་བལྟས་ན། དེ་དག་ལ་སྨར་ཤོད་ཅེས་པའི་མིང་ཚིག་ཞིག་མཐོང་རྒྱུ་མེད་ལ། ཆོས་རྗེ་སྨར་པའི་གྲོགས་པོ་ཉག་རེ་སེ་བའི་མགུར་འབུམ་ལས། ཉག་རེ་བའི་རི་ལུང་དང་ས་ཆུ་མང་པོའི་མིང་ཚིག་མངོན་ཡོད་ཀྱང་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་གཏན་ནས་མེད། ཆོས་རྗེ་སྨར་པའི་ཞལ་སློབ་དགེ་སློང་བྱང་ཆུབ་ཡེ་ཤེས་ཀྱིས་བྲིས་པའི་ཆོས་རྗེའི་རྣམ་ཐར་ལས། སྨར་ཤོད་ཅེས་པའི་མིང་ཚིག་གཅིག་དངོས་ཤུགས་བརྒྱུད་གསུམ་གང་དུ་ཡང་མེད་པས་བདེན་དོན་རྩོད་འོས་པའི་དཔང་བརྟགས་དང་པོ་དེ་ཡིན། ཆོས་རྗེ་སྨར་པའི་ཐུགས་སྲས་འགྲོ་མགོན་རིན་ཆེན་དང་། རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་གཤའ་བ་ཤེས་རབ་གྲགས་པ་སོགས་སྨར་ཚང་གི་བླ་རབས་གཉིས་པའི་དུས་སྐབས་ལ། ཉག་རེ་ཡུལ་དུ་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་ཟུར་ཙམ་ཡང་མེད་པས་བདེན་དོན་རྩོད་འོས་པའི་དཔང་བརྟགས་གཉིས་པ་དེ་ཡིན།  ཤོ་དགོན་གྱི་གདན་རབས་གསུམ་པ་རྗེ་བཙུན་དབུ་རྩེ་བ་བསོད་ནམས་ཡེ་ཤེས་ཀྱི་རྣམ་ཐར་སོགས་ལ་ཉག་རེ་ཡུལ་དུ་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་མེད་པས་བདེན་དོན་རྩོད་འོས་པའི་དཔང་བརྟགས་གསུམ་པ་དེ་ཡིན། ཤོ་དགོན་གྱི་གདན་རབས་བཞི་པ་སྤྱན་སྔ་བ་བྱང་ཆུབ་གྲགས་པའི་རྣམ་ཐར་ལ་ཉག་རེ་ཡུལ་དུ་སྨར་ཤོད་ཅེས་མིང་ཚིག་ཅིག་མེད་པས་བདེན་དོན་རྩོད་འོས་པའི་དཔང་བརྟགས་བཞི་པ་དེ་ཡིན། ཤོ་དགོན་གྱི་གདན་རབས་ལྔ་པ་སངས་རྒྱས་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར་སོགས་ལ་ཉག་རེ་ཡུལ་དུ་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་མེད་པས་བདེན་དོན་རྩོད་འོས་པའི་དཔང་བརྟགས་ལྔ་པ་དེ་ཡིན། ཤོ་དགོན་གྱི་གདན་རབས་དྲུག་པའི་སྐབས་སུ་ཆེས་མཛད་འཕྲིན་རྒྱས་པའི་སྤོང་མཁན་ཆེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་ད་ལྟ་ལག་ཏུ་སོན་པའི་རྒྱས་བསྡུས་གཉིས་ཀའི་ནང་དུ། སྨར་ཁམས་དང་། ཉག་རེ་བ་སོགས་ཀྱི་ཡུལ་མིང་དང་། རི་ལུང་མང་པོའི་མིང་ཚིག་མངོན་ཡོད་ཀྱང་ཉག་རེ་ཡུལ་དུ་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་ཟུར་ཙམ་མངོན་མེད་པས་བདེན་དོན་རྩོད་འོས་པའི་དཔང་བརྟགས་དྲུག་པ་དེ་ཡིན། མི་རབས་དྲུག་གི་ཡར་སྔོན་ན་མེད་པའི་ཡུལ་གྱི་མིང་ཚིག་གསར་པ་བཟོས་ནས་ཡུལ་དེར་གོ་དགོས་ཞེས་བཙན་བཤེར་བྱས་ན། ལོ་རྒྱུས་དངོས་ལ་རྨ་ཁ་སྟོན་པ་དང་རང་ལྟ་ཕྱོགས་ལྷུང་ཅན་དུ་གྱུར་བ་ལས་ཉམས་ཞིབ་པ་ཞིག་གི་ཁྱད་ཆོས་དང་ཀླད་ཚད་མེད་པར་མཐོང་ཐུབ་པས་རྩོད་རའི་ཕྱི་རོལ་ཏུ་ཕུད་པར་བྱའོ། །

རྩོད་པ་འདི་ཉག་རེ་བ་ཀུན་གྱིས་ཁས་བླངས་པའི་ཉག་རེ་སེ་བའི་མགུར་འབུམ་གྱི་ལུང་དྲངས་ནས་ར་སྤྲོད་གཏིང་ཟབ་དུ་གཏོང་བར་བྱ་སྟེ། དེ་ཡང་ཨ་མྱེས་རྨ་ཆེན་དང་འགྲོ་ཕན་གཙུག་ལག་གཉིས་ཀྱིས་དཔར་བསྐྲུན་བྱས་པའི་ཉག་རེ་སེ་བའི་མགུར་འབུམ་ཤོག་གྲངས་བརྒྱད་ཅུ་གྱ་གཉིས་ཡོད་པར་བསྟུན་ནས་བརྗོད་པར་བྱ། སྨར་ཁམས་ཞེས་པའི་མིང་ཚིག་འདི་བཅུ་དྲུག་དྲངས་ཡོད་ཀྱང་སྨར་ཤོད་ཅེས་པ་ཞིག་མེད་དེ། ཉག་རེ་སེ་བའི་མགུར་འབུམ་ལས། ༡“སྨར་ཁམས་ཉག་བྲེ་ཡུལ་དུ”། ༢“སྨར་ཁམས་རྟོག་རྗེས་བསབ་དུས་འོང་”། ༣“སྨར་ཁམས་ལ་ཏོག”། ༤“སྨར་ཁམས་ཉག་བྲེའི་ཡུལ་ཕྱོགས་སུ”། ༥“སྨར་ཁམས་ཉག་བྲེའི་ཡུལ་དུ་སྔ་སྐྱིད་ཀྱི་བུ”། ༦“ཐང་ཅིག་སྨར་ཁམས་རྟོག་རྗེས”། ༧“སྨར་ཁམས་བདུད་ཀྱི་གཅོང་རོང་དུ”། ༨“སྨར་ཁམས་སྡུག་རྩོད་བྱེད་དུས་སུ”།  ༩“སྨར་ཁམས་གོ་འཇོ་ལ་ཁྲེལ་མེད་པ་འོང་”། ༡༠“སྨར་ཁམས་ཉག་བྲེའི་དྲིན་ལན་དང་”། ༡༡“སྨར་ཁམས་ཀྱི་མི་ལ་ལོང་བ་མང་”།  ༡༢“སྨར་ཁམས་རྟོ་རྗེས”། ༡༣“སྨར་ཁམས་ཉག་བྲེའི་ས”། ༡༤“སྨར་ཁམས་མི་དཔོན་བླ་དཔོན”། ༡༥“སྨར་ཁམས་ན་ལྡོག་”། ༡༦“སྨར་ཁམས་དར་ཞེས་པ་ལྟར”། ཞེས་སྨར་ཤོད་ཅེས་པ་ཞིག་མེད།  སྨར་པ་ཞེས་པའི་མིང་ཚིག་འདི་ཐེངས་བདུན་དྲངས་ཡོད་ཀྱང་སྨར་ཤོད་ཅེས་པ་ཞིག་མེད་དེ།  མགུར་འབུམ་དེ་ཉིད་ལས། ༡“སྨར་པ་”། ༢“སྨར་པ་རིན་ཆེན་བློ་གྲོས་”། ༣“སྨར་པའི་ཕྱག་ནས་ཕག་ཤ་ཕྲོག་”། ༤“ཆོས་རྗེ་སྨར་པའི་དབུ་ལོ་ཡོད་”། ༥“སྨར་པའི་སྐུ་འདྲ་གཏིང་ནས་ཆོས་”། ༦“སྨར་པ་ངེད་གཉིས་བུ་སྤུན་ཚུལ་”། ༧“གྲོགས་པོ་སྨར་པ་སྐྱེ་བ་ལ་”། ཞེས་དང་།  སྨར་ཚང་ཞེས་པའི་མིང་ཚིག་འདི་ཐེངས་ལྔ་དྲངས་ཡོད་ཀྱང་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་ཀྱང་མེད་དེ། ཉག་རེ་སེ་བའི་མགུར་འབུམ་ལས། ༡ “སྨར་ཚང་ཕྱག་ཏུ་རྟོགས་”། ༢“ཡང་སྒོས་སྨར་ཚང་གི་བུ་རྒྱུད་རྣམས་”། ༣“སྨར་ཚང་བསྟན་པ་གསོ་བ་ལ་”། ༤“སྨར་ཚང་བསྟན་པ་སྲུང་དུས་འོང་”། ༥“འགྲོ་དོན་གྱི་ལྷག་མ་བསྐྱང་དུས་འོང་”། ཞེས་སྨར་ཤོད་ཅེས་པ་ཞིག་གཏན་ནས་མེད། ཤོ་དགོན་ཞེས་པའི་མིང་ཚིག་འདི་ཐེངས་ལྔ་དྲངས་ཡོད་ཀྱང་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་མེད་དེ། ཉག་རེ་སེ་བའི་མགུར་ལས། ༡“ཤོ་དགོན་ལ་སྐྱ་ཉོག་འདྲེས་དུས་འོང་”། ༢“ཤོ་དགོན་གདན་ས་སྡུག་གིས་བཟུང་”། ༣“གདན་ས་ཆེན་མོ་ཤོ་དགོན་ཡིན་”། ༤“ཤོ་དགོན་གདན་ས་ཆེན་པོ་རུ་”། ༥“ཤོ་དགོན་པ་བསྟན་ཇི་དམའ་འགྲོ”། ཞེས་པ་ལས་སྨར་ཤོད་ཅེས་པ་ཞིག་གཅིག་ཀྱང་མེད། ཤོད་ཅེས་པའི་མིང་ཚིག་འདི་ཐེངས་བཞི་དྲངས་ཡོད་ཀྱང་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་མེད་དེ། ཉག་རེ་སེ་བའི་མགུར་འབུམ་ལས།  ༡“རོང་ཚ་བ་ཤོད་ཀྱི་ས་གཏོལ་ཡོད་”། ༢“ཡུང་ཤོད་བདུད་ཀྱི་བླ་རྡོ་ཡོད་”། ༣“སྲུང་ཤོད་ལུང་པར་ཤུད་ཀེ་”།  ༤“ཚ་བ་ཤོད་སྟོད་འབར་རབ་སྒང”། ཞེས་པ་ལས་སྨར་ཤོད་ཅེས་པ་ཞིག་གཏན་ནས་མེད། སྨེར་གཤིས་ཞེས་པའི་མིང་ཚིག་འདི་ཐེངས་གསུམ་དྲངས་ཡོད་ཀྱང་སྨར་ཤོད་ཅེས་པའི་མིང་ཚིག་ཅིག་མེད་དེ། ཉག་རེ་སེ་བའི་མགུར་འབུམ་ལས།  ༡“སྨེར་གཤིས་ཕུ་མདའ་ཉིན་སྲིད་ན་ཞལ་མལ་ཅིག་མ་རྙེད་”། ༢“ནུབ་སྒང་གཅིག་འོག་གཤམ་དུ་མཆན་ལ་ཞེས་སྨེར་གཤིས་”། ༣“སྨེར་འདོང་”། ཞེས་གོང་དུ་དྲངས་མ་ཐག་པའི་མིང་ཚིག་འདིི་དག་གི་ནང་དུ་ཉག་རེ་སྨར་ཤོད་ཅེས་བྱ་བ་དང་། ཡང་ན་སྨར་ཤོད་ཉག་རེ་ཟེར་བ་གཅིག་ཀྱང་མེད་པའི་ལོ་རྒྱུས་འདིས་བདེན་དཔང་གཏིང་ཟབ་ཤོས་དང་ཁུངས་བཙན་ཤོས་སུ་གྱུར་པར་མཁྱེན་པར་མཛོད། རབ་བྱུང་གཉིས་པ་ནང་དུ་བཤད་པའི་ཉག་སེ་བའི་མགུར་འབུམ་གྱི་གོང་འོག་ལ་ཞིབ་དཔྱད་བྱས་དུས།  ཉག་བྲེ་བའི་ཁྱབ་ཁོངས་ཀྱི་ས་ཆུ་རི་གསུམ་གྱི་མིང་དང་། དགོན་པའི་མིང་། བླ་མའི་མཚན་མང་པོ་ཞིག་བཀོད་ཡོད་ཀྱང་། ཉག་རེ་སེ་བ་དང་ཆོས་རྗེ་སྨར་པ་གཉིས་ཕ་ཡུལ་ཉག་བྲེ་བ་ཡིན་པ་དང་། སྨར་ཤོད་ནས་ཡིན་པ། རང་འགྲུབ་ནས་ཡིན་པ་ཟུར་ཙམ་ཡང་གླེང་མེད་པ་འདི་ཁོ་ནས་གསལ་པོ་རྟོགས་ཐུབ་པ་རེད། གལ་ཏེ་ཉག་རེ་བ་ཟེེར་བའི་མིང་དེ་ཉག་རེ་སེ་བ་ལ་ཐོག་པར་འདོད་ན། ཉག་རེ་བ་ཞེས་པའི་མིང་ཚིག་འདི་ཡུལ་དེའི་ལོ་རྒྱུས་ལ་མང་པོ་གསལ་བ་ལྟར། སྨར་ཤོད་ཅེས་པའི་མིང་ཚིག་འདི་སྨར་པ་ལ་ཐོག་པ་དེས་ཀྱང་ཡུལ་གྱི་ལོ་རྒྱུས་ནང་མང་པོ་གསལ་དགོས་པ་ཞིག་ཡིན་པ་ལས་མ་གསལ་པའི་རྒྱུ་མཚན་ཅི་ཡིན་ནམ། དབུས་ལ་ཕེབས་དུས་སོ་སོའི་ལུང་པའི་མིང་གང་ཡིན་བླ་མ་དེར་བཏགས་སྲོལ་ཡོད་པས། རིན་ཆེན་རྒྱལ་མཚན་ནི་ཉག་རེ་བ་ཡིན་པས་ཉག་རེ་སེ་བ་ཞེས་བཏགས་པ་ལྟར། ཤེས་རབ་ཡེ་ཤེས་རང་འགྲུབ་ནས་ཡིན་ན་རང་འགྲུབ་པ་ཞེས་མིང་མི་བཏགས་པར་སྨར་པ་ཅིའི་ཕྱིར་བཏགས་པ་ཡིན་ནམ། སྐབས་དེ་སྨེར་གཤིས་ཞེས་པའི་མིང་ཚིག་ཡོད་པས་སྨེར་གཤིས་པ་ཞེས་མིང་མི་བཏགས་པ་སྨར་པ་ཅིའི་ཕྱིར་བཏགས་པ་ཡིན་ནམ། ཉག་རེ་སེ་བས་སྨེར་གཤིས་བྱམས་གླིང་དགོན་ཞེས་བཏགས་ཤེས་པ་ལ། བུ་སྤུན་ལྟ་བུའི་གྲོགས་པོ་ལ་སྨེར་གཤིས་པ་ཞེས་མིང་མི་བཏགས་པའི་རྒྱུ་མཚན་ཅི་ཡིན་ནམ། གཟུར་གནས་ཤིག་གིས་རྣམ་པར་དཔྱད་ནས་བལྟས་དུས། སྨར་ཤོད་ཟེར་བའི་མིང་ཚིག་འདི་དུས་རབས་དེར་ཡོངས་གྲགས་ཤིག་ཡིན་པའི་དབང་དུ་བཏང་ན། ཉག་སེ་བས་གླེང་སློང་ཁྲོད་དུ་མ་མཐའ་ཡང་ཟུར་ཙམ་ཐོན་དགོས་ངེས་ཡིན་པས་གནད་ཀྱིས་ཡུལ་དེར་མིན་པར་མངོན་ཡོད། རབ་བྱུང་གསུམ་པ་ཕྱི་ལོ་༡༢༩༥་ལོ་སྐུ་འཁྲུངས་པའི་སྨར་ཚང་བསྟན་པའི་སྲོག་ཤིང་སྤང་མཁན་ཆེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་འགྲོ་བློའི་མུན་སེལ་ལས། སྨར་ཁམས་ཞེས་པའི་མིང་ཚིག་འདི་ཉེ་དགུ་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། ཤོ་དགོན་ཞེས་པའི་མིང་ཚིག་འདི་ཉེར་གཅིག་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད།  སྨར་ཚང་ཞེས་པའི་མིང་ཚིག་འདི་བཅུ་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། རུ་ཤོད་ཅེས་པའི་མིང་ཚིག་འདི་དགུ་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། རི་བོ་ཤོད་ཅེས་པའི་མིང་ཚིག་འདི་དྲུག་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། འོར་རྡུལ་བྱམས་མདུན་ཞེས་པའི་མིང་ཚིག་འདི་གཉིས་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། ཉག་བྲེ་ཞེས་པའི་མིང་ཚིག་འདི་གཉིས་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། སྨར་ཁམས་རུ་ཤོད་ཅེས་པའི་མིང་ཚིག་འདི་གཅིག་དྲངས་ཡོད་ཀྱང་སྨར་ཤོད་ཟེེར་བ་ཞིག་མེད། དགེ་འདུན་ཆོས་འཕེལ་གྱི་སློབ་མ་གོ་འཇོ་བླ་ཆུང་ཐུབ་བསྟན་ཤེས་རབ་རྒྱ་མཚོས་བྲིས་པའི་འབྲུག་པ་གཉེན་རྒོད་མའི་བྱུང་བ་ཞེས་པ་ལས། “ཁོ་རང་བློན་གཅིག་ལྕོགས་རུ་ཤོད་རྒྱས་ཚོགས་དཔོན་རྩར་བྲོས་”། ཞེས་རུ་ཤོད་དཔོན་དང་རྒྱས་ཚོགས་དཔོན་གཉིས་འབྲེལ་ཆེན་བས། རུ་ཤོད་རྒྱས་ཚོགས་དཔོན་ཞེས་མཉམ་སྦྲེལ་བྱས་པ་ཙམ་ལས་སྨར་ཁམས་རུ་ཤོད་འདི་ཡིན་པར་ངོས་འཛིན་ཡོད། རི་ཤོད་ཅེས་པའི་མིང་ཚིག་འདི་དྲངས་ཡོད་ཀྱང་སྨར་ཤོད་ཟེར་བ་ཞིག་མེད། མདོར་བསྡུར་ན། སྨར་ཚང་ཡབ་སྲས་ཀྱི་རྣམ་ཐར་དང་ལོ་རྒྱུས་ཁུངས་ཐུབ་རྙིང་མ་རྣམས་ལ་སྨར་ཤོད་ཅེས་པ་ཞིག་གཏན་ནས་མེད་པའི་མིང་ཚིག་འགའ་ཞིག་དཔེ་མཚོན་ཙམ་དྲངས་ན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་ཤིང་ཕོ་སྟག་ལོའི་ནང༌ལ་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་རྒྱ་ནག་ལ་མར་བྱོན་པའི་དུས་སུ། རུ་ཤོད་ན་ཀརྨ་པ་ཆེན་པོ་རོལ་པའི་རྡོ་རྗེ་དང་མཇལ་འཕྲད་མཛད་པ་ལ། དངུལ་བྲེ་ལ་སོགས་པའི་བརྒྱ་འབུལ”། ཞེས་སོགས་དང་། “དེ་ནས་ཆུ་ཕོ་བྱི་བའི་ལོ་ཟླ་བ་བདུན་པའི་ནང་ནས་སྨར་ཁམས་པའི་རི་བོ་ཤོད་དང༌ཉིན་མདོ་ལ་སོགས་བྱོན་པའི་དུས་སུ། སྨར་ཁམས་སྒང་གི་བླ་དཔོན་མི་དཔོན་རྣམས་ཀྱིས་དྲངས་པའི་ཁྱུང་སྟོད་སྨད་ཀྱིས་མི་སྡེ་ལྷ་འགྲོ་ཉིན་རེ་ཡང་སྟོང་ཕྲག་མང་པོ་ཚོགས་ནས”། ཞེས་ཉིན་མདོ་ནི་རུ་ཤོད་བ་དང་། ཁྱུང་འབུམ་སྟོད་པ། རྒྱས་ཚོགས་འབྲོག་པ་གསུམ་གྱི་ས་མཚམས་འབྲེལ་བའི་རྩ་ཐང་ཆེན་པོ་ཞིག་ཡོད་པ་དེར་བྱོན་པའི་སྐབས་ཀྱི་མཛད་འཕྲིན་མངོན་ཡོད། ཁྱུང་སྟོད་ཅེས་པ་ཁོ་བོ་སྐྱེ་སའི་ཁྱུང་འབུམ་སྟོད་པའི་མིང་དང་ཁྱུང་སྨད་ནི་ཁྱུང་འབུམ་སྨད་པ་ཡིན། སྔ་མོ་ཁྱུང་སྟོད་སྨད་གཉིས་དཔོན་ཁག་གཉིས་ཀྱི་མངའ་ཁུངས་ཡིན་ཡང་ད་ལྟ་རྒྱ་སྐད་དུ་ཤམ་གཉིས་ཡོད། ཁྱུང་འབུམ་ཀྱི་མངའ་ཁོངས་སུ་སྨར་ཚང་བཀའ་བརྒྱུད་པའི་དགོན་ལག་ཡིན་པར། ཡང་རི་དགོན་པ་དང་། བུམ་ར་དགོན་པ། རྫོང་མགོ་དགོན་པ་སོགས་ཀྱི་མིང་དང་དགོན་ཤུལ་ད་ལྟའམ་གསལ་ལེ་མངོན་ཡོད། ས་ཆ་དེ་དག་གི་གནས་འབབ་དང་འགྲོས་ལམ་ཁོ་ནས་ཤོ་དགོན་རུ་ཤོད་ཀྱི་ཁྱབ་ཁོངས་སུ་ཡོད་པར་བཙན་བཀར་མི་དགོས་པར་ལོ་རྒྱུས་རང་གིས་ཁ་གྲག་པ་ཡིན་ཏེ། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་ཕར་སྨར་ཁམས་རུ་ཤོད་དུ་བྱོན་ནས་འོལ་བ་རི་ལ་དགོན་པ་བཏབ། མ་ཎི་རིལ་ལུ་བུམ་ཚོགས་སྒྲུབ་ཆེན་མོ་བཙུགས”། ཞེས་འོལ་བ་རི་ནི་སྨར་ཁམས་རུ་ཤོད་ལ་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “ཁབ་སོ་ན་བཞུགས་པ་ཞིག་མི་འོང༌། ཡང་རུ་ཤོད་པས་ཁ་ལུང་གཅིག་ཏུ་དཔོན་ཆེན་པས་ཞུ་དོན་ཕུལ་མུད་ལ་བཞུགས་པ་འཐད། ཞུ་བས་ཁྱེད་ཀྱིས་ཐུགས་ཁྲལ་མི་དགོས། ང་ལ་རྟེན་འབྲེལ་ཡོད་པ་ཡིན། གླ་རོང་མངོན་དགའི་རི་ཁྲོད་ལ་སོགས་པ་སྒྲུབ་སྡེ་བརྒྱ་རྩ་བརྒྱད་བཙུགས”་། ཞེས་ཚ་བ་ཁབ་སོ་ནས་ཡར་ཕེབས་རྒྱུ་ཡིན་པར་རུ་ཤོད་དཔོན་ལ་ཞུ་ཞེས་པ་འདི་རུ་ཤོད་བ་སྔ་མོ་དཔོན་སྡེ་གཅིག་ཡིན། ད་ལྟ་རུ་ཤོད་བ་རྒྱ་སྐད་དུ་ཤམ་གཅིག་ཡིན།  གླ་རོང་བ་ནི་རུ་ཤོད་ཀྱི་ནུབ་ཕྱོགས་ཟླ་ཆུའི་རྒྱུན་གླ་རོང་སྡེ་བ་ཡང་སྔ་མོ་དཔོན་གཅིག་གི་མངའ་ཁོངས་ཡིན། མངོན་དགའི་རི་ནི་གླ་རོང་ལ་ཡོད།  སྤང་མཁན་ཆེན་གྱི་རྣམ་ཐར་ལས། “ཡང་ཤོ་ན་བཞུགས་པའི་དུས་སུ་འབོམ་པ་མང་པོ་མཇལ་ཕྱིན་པས”། ཞེས་པ་ནས། “རབ་མདའ་མ་ལ་བྱས་ཀྱང་མ་ལོན་ཕྱི་ནང་རི་བོ་ཤོད་པ་ཡིན་”། ཞེས་འབོམ་པ་ནི་མཁན་ཆེན་དྲི་མེད་འོད་ཟེར་གྱི་རྩ་བའི་བླ་མ་འབོམ་པ་དཔོན་གྱི་སྲས་སངས་རྒྱས་རིན་ཆེན་གླིང་པ་དང་ས་སྐྱ་པ་ཀུན་མཁྱེན་གོ་རམས་པ་གཉིས་ཀྱི་ཕ་ཡུལ་ཡིན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “སྨར་ཁམས་སྟོད་སྨད་ཀྱི་དགེ་འདུན་པ་གང་བྱུང་བ་ཆོས་གནང༌། སྨར་ཁམས་པའི་དགེ་འདུན་རྣམས་ལ་ཁྲིད་སྐྱོང་ཤིང་བཞུགས་པ”། ཞེས་རྣམ་ཐར་འདི་ནང་དུ་ཉག་རེ་བ་ལ་སྨར་ཁམས་སྟོད་སྨད་ཅེས་པའི་ཐ་སྙད་ཅིག་ཀྱང་མེད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “སྨར་ཁམས་པའི་བན་སྡེ་ཕྱག་ཕྱི་བ་རྣམས་ལ་ཡང་ཕྱག་ཕྱིས་ལ་ཤོག་གསུངས་པས། བན་སྡེ་ཀུན་གྱི་ཡང་བླ་མ་ཁབ་སོ་བྱོན་པ་ཐག་བཅད་པས། དེ་བོས་ལ་ཡང་རུ་ཤོད་ལ་བྱོན་ནས། དོམ་ནག་ཆུ་ཚུར་ཁ་ནས་ཞག་པོར་བཞུགས”། ཞེས་དོམ་ནག་ཆུ་ནི་རུ་ཤོད་དང་གླ་རོང་ཕྱོགས་སུ་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “ཡང་བླ་མ་སྟག་ལུང་ན་བྱོན་པའི་དུས་སུ། རུ་ཤོད་ནས་འོང་བའི་མཁའ་འགྲོ་མ་ཡིན་ཟེར་བའི་རྣལ་འབྱོར་མ་གཅིག་གིས་དང་པོ་མཇལ་ཉིན་མོར་བླ་མའི་སྐུ་དེ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་མཐོང་”། ཞེས་སྟག་ལུང་ནི་སྒར་ཐོག་པདྨ་རིའི་རྒྱབ་དུ་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “སྟག་གི་ལོ་ཟླ་བ་གསུམ་པའི་སྐོར་ལ་རུ་ཤོད་ན་བྱོན་ནས། བར་ཐག་ཡུལ་ནས་ཡར་བྱོན་ནས་ཞག་གཉིས་བཞུགས། དེ་ནས་སྟོང་དཔོན་བསོད་ནམས་འབུམ་གྱིས་གདན་འདྲེན་མཛད་འབོམ་ནས་བྱོན”། ཞེས་སྟོང་དཔོན་བསོད་ནམས་འབུམ་གྱིས་གདན་འདྲེན་མཛད་དུས་འབོམ་ནས་ཡར་བྱོན་སའི་སྟོང་དཔོན་དེ་དངུལ་ཁར་འགག་ལ་སྟོང་དཔོན་ཚང་ཞེས་པ་ཞིག་ཡོད་པས་དེ་ཡིན་མིན་དཔྱད་པར་བྱ།

སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་སྟག་ལུང་མདོར་བྱོན་ནས། ཉག་བྲེ་སྟོད་པ་ལྷ་སྡེ་མི་སྡེ་ཀུན་ལ་སོ་སོར་གང་འདོད་པ་ཐེག་པ་ཆེན་པོ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་མཛད”། ཅེས་སྟག་ལུང་མདོར་ནི་སྤོང་མཁན་ཆེན་གྱི་མཆོད་རྟེན་ཞིག་རོ་དང་ཁོང་གི་སྒྲུབ་ཕུག་འདྲ་བོ་ཞིག་སྔ་མོ་ཡོད་ཚུལ་ཁ་སྒྲུང་འདུག་ཀྱང་། ད་ལྟ་དོན་དངོས་ལ་དཔྱད་དུས་ཡིད་ཆེས་རྙེད་པ་རང་མ་མཐོང་ངོ་། །སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེ་སེར་ལས། སྟག་ལུང་བླ་བྲང་ཞེས་པ་དང་དེ་གཉིས་གཅིག་ཡིན་མིན་ལ་དཔྱད་པར་བྱ་སྟེ། སྨར་ཚང་གི་ལོ་རྒྱུས་ལ་བླ་བྲང་ཞེས་པའི་ཐ་སྙད་འདི་མཐོང་རྒྱུ་མེད་ཅིང་། ལྷག་དོན་སྤང་མཁན་ཆེན་གྱི་རྣམ་ཐར་རྒྱས་བསྡུས་གཉིས་ཀའི་ནང་ལ་བླ་བྲང་ཡོད་པ་ཚིག་འབྲུ་གཅིག་ཀྱང་གསལ་མེད་ལ། འཇིག་རྟེན་གྱི་བྱ་བཏང་ཆེན་པོ་ཁོང་གིས་མཛད་སྤྱོད་ལ་རྗེས་དཔག་བྱས་དུས་རྒྱུ་ནོར་གསོག་འཇོག་བྱས་པའི་བླ་བྲང་ཟེར་བ་ཞིག་ཁོང་ལ་ཡོད་མི་སྲིད་པ་རྟོགས་ཐུབ་པས་ཡིན། སྐབས་རེ་བླ་མ་བཞུགས་སའི་དགོན་ཆུང་ངུ་ལའང་བླ་བྲང་ཞུས་སྲོལ་ཡོད་པ་ལྟར། དགོན་ཆུང་ཞིག་ཡིན་པའི་དབང་དུ་བྱས་ཀྱང་སྤང་མཁན་ཆེན་གྱིས་བཞེངས་པའི་དགོན་པའི་མིང་ཐོ་ནང་དུའང་མིང་ཚིག་འདི་མེད་པས། བེ་སེར་ནང་གི་སྟག་ལུང་བླ་བྲང་ནི་སྤང་མཁན་ཆེན་དང་འབྲེལ་མེད་དོན་གཞན་དུ་གྱུར་བར་ཤེས་པར་གྱིས། ཉག་བྲེ་སྟོད་པ་ནི་ས་ངན་ཉག་གེ་ལ་སྔ་མོ་ཉག་བྲེ་སྟོད་སྨད་བོས་སྲོལ་ཡོད་པས། ས་ཆའི་བབས་ལ་བསྟུན་དུས་འདི་ནས་བཤད་པའི་ཉག་བྲེ་བ་ནི་ས་ངན་ཉག་བྲེ་བ་ཡིན་པར་བདེན་དཔང་ཆེ་བར་མངོན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་རི་བོ་ཤོད་ནས་བྱོན། སོམ་པ་གྲུ་ཁ་ནས་ཕར་བྱོན་པའི་རྩི་ཡིན་པས་དབོན་པོ་གཉིས་སྔོན་དུ་ཐལ”། ཞེས་སོམ་པ་གྲུ་ཁ་ནི་ཟླ་ཆུའི་རྒྱུན་ལ་འོག་མར་ནང་དཔོན་གྱི་མངའ་ཁུངས་ཡོད། རུ་ཤོད་ནས་སོམ་པ་གྲུ་ཁ་བར་ཚོད་དཔག་བྱས་ན་རྟ་ལམ་ཉིན་མ་གཅིག་འཇོག་འོས་པར་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས།  “ཁབ་སོ་ན་བཞུགས་པ་ཞིག་མི་འོང༌། ཡང་རུ་ཤོད་པས་ཁ་ལུང་གཅིག་ཏུ་དཔོན་ཆེན་པས་ཞུ་དོན་ཕུལ་མུད་ལ་བཞུགས་པ་འཐད”། ཅེས་དང་།  སྤང་མཁན་ཆེན་གྱི་རྣམ་ཐར་ལས། “གདན་ས་ཆེན་པོ་འོག་མཁར་གཙོས་པའི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། རུང་ཤོད་ལྷུན་འགྲུབ་ལ་སོགས་པའི་བཀའ་འགྱུར་བརྒྱ་དང་རྩ་བརྒྱད་བཞེངས”། ཞེས་གདན་ས་ཆེན་པོ་འོག་མཁར་ནི་ཚ་བ་ཁབ་སོ་ལ་ཡོད་ཀྱང་ད་ལྟ་དགེ་ལུགས་འགྱུར་ཡོད། རུ་ཤོད་ལྷུན་འགྲུབ་ཅེས་པ་འདིས་ཤོ་དགོན་བཏབ་སའི་རུ་ཤོད་ནི་ད་ལྟ་རུ་ཤོད་འདི་ཡིན་ཞེས་ཚིག་གྲོགས་ཀྱིས་ཁ་གྲག་ཡོད་པས་ཧམ་བཤད་སོར་གང་འགྲོ་ས་མེད་དོ།། རུ་ཤོད་ལྷུན་འགྲུབ་དགོན་པ་ནི་ད་ལྟ་དགེ་ལུགས་གྱུར་ཡོད། སྤང་མཁན་གྱི་རྣམ་ཐར་ལས། “སྤོ་བོ་ཚུན་ཆད། སྨར་ཁམས་ཚུན་ཆད་ལ་ཞེས་དང་། ཡང་བྱང་བཟང་བས་དཔོན་སློབ་འབོམ་ཕྱོགས་སུ་འཕྲིན་ལས་བཏང་བས”། ཞེས་དང་། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་རི་བོ་ཤོད་དུ་ལུང་ལག་གཅིག་ཏུ་བཞུགས་ནས་དཔོན་ཆེན་པོས་སྟོན་མོ་དང་འབུལ་བ་མཛད”། ཅེས་རི་བོ་ཤོད་ནི་རུ་ཤོད་ཀྱི་ཚིག་བྲིས་ནོར་ཙམ་ལས་ས་ཆ་གཅིག་ཡིན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “འབོམ་ཆེ་ཆུང་”། ཞེས་པ་ནི་སྔ་མོ་སྤོམ་མདའ་བའི་ཐད་དུ་ཝ་ལ་རིའི་ཕར་རྒྱབ་ནས་རྒྱ་ཉིན་སྟེང་པ་ཡན་ཆོད་ལ་འབོམ་ཆེན་དང་། ད་ལྟ་འབོམ་ལུང་མདའ་ཞེས་པ་ནི་འབོམ་ཆུང་ཡིན་པར་སྣང་ཡང་དཔྱད་པར་བྱ། མདོར་ན་འབོམ་ཆེ་འབོམ་ཆུང་གཉིས་ནི་གོང་ཞུས་ཀྱི་ས་ཆ་དེའི་མངའ་ཁུངས་ཡིན་པར་གསལ་པོར་མངོན།

སྤང་མཁན་ཆེན་གྱི་རྣམ་ཐར་ལས། “རི་བོ་ཤོད་ཀྱི་མི་སྡེ་བརྒྱ་སྐོར་དང་བཅས་པས་ཕུལ”། ཞེས་རི་བོ་ཤོད་ནི་རུ་ཤོད་ཀྱི་མིང་ཡིན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། ‘ཡང་ཉག་བྲེ་སྟོད་པའི་གྲྭ་པ་དང༌ཡོན་བདག་རྣམས་ཀྱིས་ཉིན་གཅིག་གི་འབུལ་བ་ལ”། ཞེས་ཉག་བྲེ་སྟོད་པ་དང་སྨད་པ་ཞེས་ཉག་རེ་སེ་བའི་མགུར་འབུམ་ལས་མཐོང་རྒྱུ་མེད་པས་འདི་ནས་བཤད་པའི་ཉག་བྲེ་སྟོད་པ་ནི་ས་ངན་ཉག་བྲེ་བ་ཡིན་པར་ངེས། གོང་ཞུས་ཀྱི་ལོ་རྒྱུས་དག་གིས་སྨར་ཁམས་རུ་ཤོད་ཅེས་པ་གང་དུ་ཡོད་མེད་ར་སྤྲོད་གསལ་པོར་བྱས་ཡོད། རུ་ཤོད་ཅེས་པ་གང་དུ་ཡོད་མེད་ར་འཕྲོད་སོང་བ་ཡིན་ན། ཆོས་རྗེ་སྨར་པ་རིན་པོ་ཆེ་འཁྲུངས་ཡུལ་ད་ལྟ་སྨར་ཁམས་ཡིན་མིན་གྱི་ལོག་རྟོག་ཡོངས་སུ་ཞིག་པར་ངེས་པས་ལུང་རྣམས་དྲངས་པ་ཡིན། སྨར་ཚང་གི་ལོ་རྒྱུས་ཁྱོན་ཡོངས་ལ་བལྟས་དུས་སྨར་ཁམས་རུ་ཤོད་དང་། རི་ཤོད། རི་བོ་ཤོད་ཅེས་བྲིས་པ་གསུམ་ཀ་གནས་གཅིག་གི་མིང་ཡིན་པར་རྟོགས་ཐུབ་ཡོད།  སྤང་མཁན་ཆེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་འདི་སློབ་མ་ཞིག་གིས་གཞི་མེད་སྒྲོ་བཏགས་དང་། སྙན་ངག་པ་ཞིག་གིས་རབ་རྟོགས་བརྗོད་པ་ལྟ་བུ་མ་ཡིན་པར། མཁན་ཆེན་དྲི་མེད་འོད་ཟེར་གྱི་སློབ་མ་བསོད་ནམས་དབང་ཕྱུག་གིས་དངོས་མཐོང་ལག་ཟིན་དང་། རྗེའི་ཞལ་སློབ་འགྲོ་མགོན་དཀོན་མཆོག་རྒྱལ་མཚན་དང་། རྟོགས་ལྡན་ཤིང་འགོ་རིན་པོ་ཆེ། རས་པ་ཡེ་ཤེས་དཔལ། ཉེ་གནས་ཆོས་དབང་སོགས་སྲས་ཀྱི་ཐུ་བོ་རྣམས་ལ་དྲིས་ཤིག་བརྗོད་བྱ་རྣམས་ཟིན་བྲིས་བྱས་ནས།  སྤང་མཁན་ཆེན་དྲི་མེད་འོད་ཟེར་སྐུ་དངོས་ལ་སྤྱན་འབུལ་ཞུས་དུས། མཁན་ཆེན་གྱིས་ལེགས་པར་གཟིགས་ནས་ཐུགས་དགྱེས་དགྱེས་མཛད་ཚུལ་རྣམ་ཐར་གྱི་མཇུག་ཏུ་གསལ་པོ་བཀོད་འདུག་པས། རྣམ་ཐར་འདི་སྨར་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཉམས་ཞིབ་ཁང་གིས་བདེན་དཔང་ཆེན་ཤོས་གྲས་ཤིག་ངོས་འཛིན་ཡུལ་ཞིག་ཏུ་གྱུར་པའོ། །

 ཆོས་རྗེ་སྨར་པ་དང་ཤོ་དགོན་བྲག་གཡབ་བ་ཡིན་ཚུལ་སྨྲ་བ་ལ་དཔྱད་པ། ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས། “མཇུག་བསྡུའི་མཚམས་སྦྱོར་གྱི་གཏམ་གླེང་ལྷག་བསམ་རང་མདངས་དཀར་པོའི་མེ་ཏོག་སིལ་མ་”། ཞེས་ཤོག་གྲངས་བརྒྱ་དང་གཉིས་བྲིས་པ་དེ་ཉིད་ལས། སྨར་པ་རིན་པོ་ཆེའི་འཁྲུངས་ཡུལ་བྲག་གཡབ་རང་འགྲུབ་ཡིན་པ་དང་ཤོ་དགོན་མདོ་ལྷུ་རི་ལ་ཡིན་པའི་བདེན་དཔང་གི་ལུང་འདྲེན་གཙོ་གནད་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཔྱད་བར་བྱ་སྟེ། ཕྱི་ལོ་༡༤༡༦་ལོ་འཁྲུངས་པའི་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱི་རྣམ་ཐར་ལས། “དེའི་དཔྱིད་དང་པོ་ནས་ལམ་སྨར་ཁམས་སུ་མཛད་ནས་འོར་རྔུར་བྱམས་པའི་སྐུ་དང་མཇལ”། ཞེས་ལམ་སྨར་ཁམས་སུ་མཛད་ནས་ཞེས་པའི་ནས་སྒྲ་འདིས་འོར་རྡུར་བྱམས་མདུན་ནི་དུས་སྐབས་དེར་སྨར་ཁམས་པའི་ཁྱབ་ཁོངས་ལ་མེད་པའི་དཔང་བརྟགས་བསྟན་པ་ལས། ཆོས་རྗེ་སྨར་པ་དང་ཤོ་དགོན་བྲག་གཡབ་བ་ཡིན་པའི་སྒྲུབ་བྱེད་ཟུར་ཙམ་ཡང་བསྟན་པ་མ་མཐོང་ངོ་། རྟ་ཚག་དཔོན་ཚེ་དབང་རྒྱལ་གྱིས་ཕྱི་ལོ་༡༤༤༦་ལོར་རྩོམ་འགོ་ཚུགས་པའི་ལྷོ་རོང་ཆོས་འབྱུང་ལས། “ཐུགས་སྲས་བཞི་ནི། སྨར་པ། ཡེལ་པ། པར་ཕུ་བ། མཆན་བུ་རྒྱ་རིས་བ”། ཞེས་པའི་ཚིག་དོན་འདིས་ཆོས་རྗེ་སྨར་པ་ནི་ཕག་གྲུའི་ཐུགས་སྲས་བཞིའི་ཐོག་མ་ཡིན་པའི་སྒྲུབ་བྱེད་ཙམ་ལས།  ཆོས་རྗེ་སྨར་པ་རང་འགྲུབ་ཚང་ཡིན་པ་དང་ཤོ་དགོན་གྱི་གནས་ཤུལ་མདོ་ལྷུ་རི་ལ་ཡིན་པའི་ཚིག་དོན་གཉིས་ཀས་བསྟན་མེད། ཀརྨ་པ་སྐུ་ཕྲེང་དྲུག་པ་དང་རྟ་ཚག་འདི་གཉིས་དུས་རབས་བཅོ་ལྔ་པར་ཕེབས་པ་ཞིག་རེད། འགོས་ལོ་ཙ་བ་གཞོན་ནུ་དཔལ་གྱིས་ཕྱི་ལོ་༡༤༧༦་ལོ་འགོ་ནས་རྩོམ་པའི་དེབ་ཐེ་སྔོན་པོ་ལས། “དཔལ་ཕག་མོ་གྲུབ་པའི་སློབ་མ་དང་བཅས་པའི་སྐབས་ཞེས་པར། ཁམས་སུའང་ཆོས་རྗེ་དམར་བས་ཤོ་དགོན་བཏབ་པ་ལས་ཚོགས་པ་གཉིས་སྟོང་ཙམ་འདུས་ཤིང་”། ཞེས་ཁམས་སུ་ཤོ་དགོན་བཏབ་ཅེས་པ་འདིས་ཁམས་ནི་བྲག་གཡབ་བ་ཡིན་པར་བསྟན་མེད་ཅིང་དམར་ཞེས་ཚིག་ནོར་བྲིས་པ་ཙམ་ལས་རང་འགྲུབ་ཚང་ཟེར་བ་ཞིག་ཚིག་དོན་གཉིས་ཀས་བསྟན་མེད་པའི་ཕྱིར་རོ། ། ཕྱི་ལོ་༡༨༠༨་ལ་གུ་བཀྲ་ཤིས་ཀྱིས་རྩོམ་འགོ་ཚུགས་པའི་རྙིང་མའི་ཆོས་འབྱུང་ལས། “ཆོས་རྗེ་སྨར་པ་ནི་ཁམས་ཀྱི་སྨར་ཤོད་དུ་འཁྲུངས”། ཞེས་པ་འདིས་ཆོས་རྗེ་སྨར་པ་ཕྱི་ལོ་༡༡༦༧་ལོ་གདན་ས་ཤོ་དགོན་བཏབ་ནས་མི་ལོ་དྲུག་བརྒྱ་ཞེ་གཉིས་སོང་བའི་རྗེས་ལ། གུ་བཀྲ་ཤིས་ཀྱི་ཆོས་འབྱུང་ནང་དུ་སྨར་ཤོད་ཅེས་པའི་ཚིག་འདི་དང་པོ་ཐོན་པ་ལྟ་བུ་སྣང་ཡང་ད་དུང་དཔྱད་དགོས། ཆོས་རྗེ་སྨར་པའི་རྣམ་ཐར་ལས། “མདོ་ཁམས་ཀྱི་ཤར་ཕྱོགས་འབྲི་ཀླུང་གི་ཆ་ལག་ཏུ་གཏོགས་པ། མ་མཐའ་ཡང་འདུ་སྟོང་རྩ་བརྒྱད་ཚང་བའི་སྨར་ཁམས་རུ་ཤོད་དགེ་རྒྱས་བྱེ་མའི་ཀློང་”། ཞེས་པ་འདི་གུ་བཀྲ་ཤིས་ཀྱིས་ཚིག་བསྡུར་ནས་སྨར་ཤོད་ཅེས་བྲིས་པ་ལྟ་བུ་མངོན་པ་ཙམ་ལས། ཆོས་རྗེ་སྨར་པ་ཉག་བྲེ་རང་འགྲུབ་དཔོན་ཚང་ལ་འཁྲུངས་པ་དངོས་ཤུགས་བརྒྱུད་གསུམ་གང་ལ་ཡང་བསྟན་མེད་པའི་ཕྱིར་རོ། ། དུས་རབས་བཅོ་བརྒྱད་ནང་དུ་ཕེབས་པའི་སྟག་དགེ་མཁན་ཆེན་གུ་རུ་བཀྲ་ཤིས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁྱེན་བརྩེ་དབང་པོ་སོགས་ས་དགེ་བཀའ་རྙིང་གི་མཁས་བླུན་མང་པོ་ཞིག་ཕེབས་ནས། ཆོས་ལུགས་ཀྱི་ཡིག་ཆ་དང་ལོ་རྒྱུས་དངོས་ཀྱི་བྱུང་རིམ་ལ་བཟོ་བཅོས་ཀྱི་ལས་འགུལ་མང་དག་ཅིག་སྤེལ་ཞོར་དུ། ཡུལ་དུས་དབང་གིས་དཔྱད་གཞི་མ་རྙེད་པ་དང། རྙེད་ཀྱང་རང་ཕྱོགས་སུ་ལྷུང་བ། ཁ་སྒྲུང་། འཆར་སྣང་། རྨི་ལམ། མངོན་ཤེས་སོགས་ལ་གཞི་འཛིན་ནས་ཚིག་ཐག་བཅད་པ་ཆེས་མང་བ་ཞིག་སྣང་བས་ཡིད་གཏད་རུང་བར་དཀའ་བོ། །དུས་རབས་ཉེར་གཅིག་པ་འདིར་བློ་གཟུར་བོར་གནས་པའི་མཁས་དབང་རྣམས་ནི་མི་སྨྲ་བའི་རྟུལ་ཞུགས་བཟུང་ནས་བཞུགས། བླུན་པོ་རྣམས་ཀྱིས་མགྲེན་པ་བཏེགས་ནས་ལོ་རྒྱུས་ཀྱི་གད་རྙིག་ཇེ་མང་དུ་བསྐྲུན་བར་མཐོང་སྟེ། ས་སྐྱ་པཎྡྲི་ཏས། “བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་ན་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་”། །ཞེས་པ་ལྟར་རོ། །ཕྱི་ལོ་༡༨༤༢་ལ་སྐྱེས་པའི་ཨ་འཛོམ་འབྲུག་པ་དཔའ་བོ་རྡོ་རྗེས་སྒྲུབ་སྡེ་དཀར་ཆག་ལས། “ཕྱི་མའི་ནང་ཚན་འབྲི་གླ་སྨར་ཁམས་སྒང་ལས་སྨར་ཚང་བྲག་གཡབ”། ཅེས་ཚིག་དུམ་འདིས་འབྲི་ཆུ་དང་ཟླ་ཆུའི་བར་སྨར་ཁམས་སྒང་ལས་ཞེས་པའི་ལས་སྒྲ་འདིས་སྨར་ཚང་བཀའ་བརྒྱུད་དང་བྲག་གཡབ་བ་གཉིས་ཀ་སྨར་ཁམས་སྒང་གི་ནང་ལ་ཡོད་པར་གསལ་པོར་བསྟན་པ་ཙམ་ལས། སྨར་ཚང་བཀའ་བརྒྱུད་བྲག་གཡབ་རང་འགྲུབ་ལ་ཡོད་པའི་ཁུངས་ཅི་ཡང་བསྟན་མི་འདུག་པས་ཚིག་དོན་གྱི་གོ་བ་མ་ནོར་བར་མཛོད། ཟླ་ཆུ་འདི་སྨར་ཁམས་གླ་རོང་ལ་སླེབས་དུས་ཡུལ་མིང་དང་སྦྱར་ནས་གླ་ཆུ་ཞེས་བྲིས་སྲོལ་ཡང་ཡོད། ཕྱི་ལོ་༡༩༢༣་ལོར་སྐྱེས་པའི་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ལམ་ཡིག་ལས། “བྲག་གཡབ་བསྡུས་རུ་ཕྱོགས་དེར། སྲས་ནོར་བུ་འཛིན་པའི་གནས་ཀྱང་ཡོད་དོ། །མཚམས་གཞུང་རྒྱ་མཚོ་ལྟེ་བ་ས་དཔྱད་ལེགས།། སྨར་ཁམས་ས་ཡི་ལྟེ་བ། ཀླུ་མི་མགོན་དཀར་པོ་དང་”། ཞེས་པ་འདིས་བྲག་གཡབ་བསྡུས་རུ་ཕྱོགས་ལ་སྲས་ནོར་བུ་འཛིན་པའི་གནས་ཀྱང་ཡོད་དོ་ཞེས་ཀྱང་སྒྲ་དང་དོ་ཞེས་པ་གཉིས་ཀྱིས་བརྗོད་གཞི་འདི་མཇུག་རྫོགས་ཚུལ་བསྟན་ཟིན་པ་རེད། སྨར་ཁམས་ས་ཡི་ལྟེ་བ་ལ་ཀླུ་མི་མགོན་དཀར་པོའི་གནས་ཡོད་པར་བསྟན་པ་འདིས་རྗེ་སྨར་པ་རང་འགྲུབ་དཔོན་ཚང་ཡིན་པ་དང་། ཤོ་དགོན་བྲག་གཡབ་ལ་ཡོད་པའི་སྒྲུབ་བྱེད་གང་ཡང་བསྟན་མེད་པས་བོད་ཡིག་གི་གོ་དོན་ལ་སྦྱོང་བར་མང་ཙམ་མཛོད། ཕྱི་ལོ་༡༨༧༩་ལོར་སྐྱེས་པའི་རག་མགོ་སྤྲུལ་སྐུའི་སྨར་ཚང་གདན་རབས་ལས། “མདོ་ཁམས་ཤར་ཕྱོགས་འབྲི་ཀློང་གི་ཆ་གཏོགས་པ། སྨར་ཤོད་དགེ་རྒྱས་བྱེ་མའི་ཀློང་”། ཞེས་པ་འདིས་སྨར་ཤོད་ཅེས་ཚིག་འདི་ཐེངས་བཞི་དྲངས་ཡོད། སྨར་ཁམས་རུ་ཤོད་ཀྱི་མིང་ཚིག་བསྡུས་ནས་སྨར་ཤོད་བྲིས་པ་ལྟ་བུ་སྣང་། སྐུ་ཞབས་ཇོ་སྲས་ལགས་ཀྱིས། “ཡང་ཉག་རེ་ཞེས་འབྲི་ཀློག་བྱེད་དུས་ཤུགས་མ་ཐུབ་ཀྱིས་སྨར་ཁམས་སྒང་གི་ཆར་གཏོགས་ཉག་བྲེ་བྲག་གཡབ་ཅེས་པ་དང་། ད་དུང་འོར་རྡུའི་བྱམས་པ། ར་ལ་རྣམ་སྣང་གནས་ཁྲོ་མ། མཚམས་ཀྱི་མ་ཎི་འབྲུ་དྲུག་བཅས་ཀྱང་ལྷང་ངེར་སེམས་ལ་འགོག་མེད་དུ་འཆར”། ཞེས་པ་འདི་ཁོང་ས་གནས་དེ་དག་ལ་ཕེབས་མྱོང་མེད་ཀྱང་ཡིག་འབྲུ་ཀློག་ཙམ་གྱིས་སའི་བཀོད་པ་དང་མ་ཎི་འབྲུ་དྲུག་བཅས་ཀྱང་ལྷང་ངེར་སེམས་ལ་འགོག་མེད་དུ་འཆར་བ་འདི། འཇིག་རྟེན་ཚུལ་མཐོང་གི་ལོ་རྒྱུས་ཉམས་ཞིབ་པའི་ཀླད་ཚད་ལས་འདས་ནས་རྟོགས་ལྡན་དང་གཏེར་སྟོན་རྣམས་ཀྱིས་གསུངས་སྟངས་འདྲ་བ་ལ་སྙམ་ནས་གད་མོ་ཤོར། །

                     Description: Machintosh HD:Users:cg:Desktop:IMG_1237.JPGDescription: Machintosh HD:Users:cg:Desktop:IMG_1236.JPG

                   སྨར་ཚང་བཀའ་བརྒྱུད་པའི་སྡེ་འབངས་འོར་རྡུལ་བྱམས་མདུན་དང་ལྷ་ཁང་གི་པར།

སྨར་ཁམས་པའི་ཡུལ་གྱི་བཀོད་པ་མིག་གིས་གཏན་ནས་རིག་མྱོང་མེད་པའི་ཇོ་སྲས་ལགས་ཀྱིས་དེབ་ཀྱི་བརྗོད་ཚིག་ དང་།  ཡུལ་མིའི་ངག་སྒྲུང་། རང་གི་འཆར་སྣང་གསུམ་གཅིག་ཏུ་སྦྲེལ་ནས་ཉག་བྲེ་སྟོད་སྨད་དང་གླང་རོང་ཞེས་མིང་ཚིག་རྣམས་བྲག་གཡབ་ཕྱོགས་སུ་ཡིན་པར་ངོས་འཛིན་གནང་བར་ནོར་བ་ཡིན་ཏེ། དཔེར་ན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “འབོམ་མཚོ་ཉ་རྒྱ་བཅད་པ”། ཞེས་དང་། “འབོམ་མཚོའི་ཉ་ལ་ནས་ཁལ་སྟོང་ཕྲག་མང་པོ་དང་རིལ་ལུ་དང་སྦྱར་ནས་ཉ་གནས་ཅིང༌”། ཞེས་འབོམ་མཚོ་ནི་སྨར་ཁམས་རྒྱ་བཀག་རྗེས་འབྲོག་གི་མངའ་ཁུངས་སུ་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་གླེ་འོག་ནས་རྒོད་ཤོད་ལ་བྱོན། དེ་ནས་སྟག་ཤོད་ལ་བྱོན”། ཞེས་སྟག་ཤོད་ནི་སྨར་ཁམས་འབྲི་ཆུ་འགྲམ་དུ་ཀལ་ནག་སྟག་ཤོད་ཟེར་བ་དེ་ཡིན། ཡང་རྣམ་ཐར་དེ་ཉིད་ལས། “ཁུང་ལུང་མཁན་པོའི་ཞབས་ཏོག་བྱས། དེ་ནས་འབོམ་ཆུང་ཁ་ལུང་ར་ཏེ་མ་ནས་བྱོན་ནས། དཔོན་ཆེན་པོ་ཡི་རྡོར་ལ་ནས་སྤྲོད་གསུངས་པས། ཡི་རྡོར་ཡིས་སྤྲད་ཅིང་ཆོས་ཟང་ཟིང་གིས་སྦྱིན་པ་ཀུན་ཚིམས་པར་མཛད”། ཅེས་དང་། རྣམ་ཐར་དེ་ཉིད་ལས། “རོང་པ་སྟོད་སྨད་ཀུན་གྱིས་ཁོ་རང་ལ་འབུལ་བ་ཞབས་བཏོག་བཟང་པོ་བྱས། ཀལ་ནག་ལ་སོགས་རོང་མི་མ་ཟད་ནས་འབུལ་བ་མང་པོ་བྱུང༌”། ཞེས་བརྗོད་གཞི་གོང་འོག་ལ་བལྟས་ན། ཀལ་ནག་ཅེས་པ་སྨར་ཁམས་རོང་པ་ཀལ་ནག་སྟག་ཧོར་ཡིན་པར་མངོན་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “འབོམ་ནས་ཚུལ་བྱོན་དུས་སྟག་ལུང་མདོར་བཞུགས”་། ཞེས་འབོམ་ནས་ཡར་ཡོང་དུས་སྟག་ལུང་མདོ་ལ་ས་ཚུགས་རང་ཁེལ་བས་སྤང་མཁན་ཆེན་དྲི་མེད་འོད་ཟེར་སྟག་ལུང་མདོ་ལ་བཞུགས་དུས། “ཉག་བྲེ་སྟོད་པ་ལྷ་སྡེ་མི་སྡེ་ཀུན་ལ་སོ་སོར་གང་འདོད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་མཛད་དོ”། ཞེས་པའི་ཉག་བྲེ་འདི་ས་ངན་ཉག་བྲེ་བ་ཡིན་པར་ས་བབས་ཀྱིས་ངོས་ནས་གསལ་བར་མངོན་ཡོད། གལ་ཏེ། བྲག་གཡབ་ཉག་བྲེ་བ་ལྷ་སྡེ་མི་སྡེ་ཐམས་ཅད་སྒར་ཐོག་སྟག་ལུང་མདོ་ལ་ཡོང་དགོས་ན། འགྲོས་རིང་བས་ཡུལ་དུས་གང་ལ་བལྟས་ཀྱང་མཐུན་ཐབས་མེད། བརྗོད་གཞི་འདིར་རྣམ་པར་དཔྱད་ནས་ལྟོས་དང་ཤོ་དགོན་རང་འགྲུབ་ལ་ཡོད་ན། སྤང་མཁན་ཆེན་ཤོ་དགོན་ལ་ཕེབས་དུས་ཆོས་ཞུ་ཆོག་པ་ལས་སྨར་ཁམས་སྒར་ཐོག་སྟག་ལུང་མདོ་ལ་བྲག་གཡབ་བ་ལྷ་སྡེ་མི་སྡེ་ཐམས་ཅད་ཡོང་དགོས་པའི་རྒྱུ་མཚན་དོན་མཐུན་ཞིག་མེད་པའི་ཕྱི་རོ། །

     Description: Machintosh HD:Users:cg:Desktop:IMG_1228.JPGDescription: Machintosh HD:Users:cg:Desktop:19.JPGDescription: Machintosh HD:Users:cg:Desktop:IMG_1223.JPG

              གྱང་རོ་འདི་འཇམ་སྤྲུལ་གྱིས་བཞེངས་པའི་ལྷ་ཁང་ཐག་ཉེ་དང་ཐག་རིང་གི་པར།

མདོ་ལྷུའི་རི་ལ་ཤོ་དགོན་གྱི་གནས་ངོས་བཟུང་བར་དཔྱད་པ། བྲག་གཡབ་བ་པདྨ་དང་བློ་བཟང་གཉིས་ཀྱིས་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་གྱི་བསྐོར་ཞེས་པ་ལས། “གྲུབ་ཐོབ་ཉག་རེ་སེ་བའི་ལོ་རྒྱུས་ནས་གསལ་བ་ལྟར་བྱམས་མདུན་ཆུས་དང་། རང་འགྲུབ་ཆུས་ཀྱི་ས་ཆ་རྨེར་ཆུ་འབབ་བརྒྱུད་དུ་དགོན་གནས་ས་ཁྱབ་རྡོ་ཁྱབ་ཏུ་དར་རྒྱས་བྱུང་བར་བརྟེན་བཤད་སྲོལ་ལའང་རྨེར་གཤིས་དགོན་ཚོ་བཅོ་བརྒྱད། ཕྱ་ཀོང་དུང་གཉིས་དང་ཉི་ཤུ་ཡོད་ཟེར། གདན་ས་ལྟེ་བ་ཤོ་དགོན་ནི་ད་ལྟ་རང་འགྲུབ་ཆུས་ཛོ་ཐང་ཤང་། མདོ་ལྷུ་ཚུན་དུ་ཤོ་དགོན་གྲོང་ཚོ་ཡོད་པ་དེ་ཡིན”། ཞེས་པདྨ་དང་བློ་བཟང་གཉིས་ཀྱིས་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་གྱི་གནས་ཤུལ་བྲག་གཡབ་རང་འགྲུབ་ཀྱི་མདོ་ལྷུའི་རི་ལ་ངོས་བཟུང་བར་ཚད་མ་ཅི་ཙམ་ཡོད་མེད་རིགས་པས་དཔྱད་པར་བྱ་སྟེ། རག་མགོ་པའི་སྨར་ཚང་གདན་རབས་ལས། “གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་གངས་ཅན་གྱི་མངའ་བདག་མཛད་སྐབས་བྲག་གཡབ་བླ་མ་གྲགས་པ་རྒྱལ་མཚན་གྱི་ཡང་སྲིད་ངག་དབང་བསོད་ནམས་ལྷུན་འགྲུབ་ལ་སྨར་ཚང་གི་ཉག་རེའི་སྡེ་འབངས་ཐམས་ཅད་ཆོས་ཞིང་དུ་རྩལ”། ཞེས་པའི་ཚིག་དུམ་འདི་ལུང་དྲངས་མཁན་མང་པོ་ཡོད་ཀྱང་བློ་གཟུར་བོར་གནས་ནས་ཚིག་གོང་འོག་ཚང་མར་ཞིབ་ཕྲ་བལྟས་ན། བརྗོད་གཞི་གཙོ་བོ་ནི་སྨར་ཚང་གི་སྡེ་འབངས་སུ་གཏོགས་པ་ཉག་རེ་བ་ཐམས་ཅད། ངག་དབང་བསོད་ནམ་ལྷུན་འགྲུབ་ལ་མཆོད་ཞིང་དུ་རྩལ་སོང་ཞེས་པ་འདི་ཁོ་ན་བསྟན་ཡོད། ཚིག་དོན་འདིས་ཆོས་རྗེ་སྨར་པ་དང་ཤོ་དགོན་གཉིས་ཉག་རེ་བ་ཡིན་པ་དང་རང་འགྲུབ་ནས་ཡིན་པར་གཅིག་ཀྱང་བསྟན་མེད་པར་བླུན་པོ་ཡིན་ཡང་རྟོགས་སླ་བ་ཞིག་རེད་སྙམ་མོ། །རག་མགོའི་སྨར་ཚང་གདན་རབས་ལས། “འདམ་སྟེང་གི་རྟེན་གསུང་ཆོས་རྗེ་ཕག་གྲུའི་སྐུ་དང་ཚོགས་ཟངས་རིལ་བུམ་སོགས་སྐུ་གསུང་ཐུགས་རྟེན་རྣམས་མ་བུ་དགོན་གཉིས་སུ་གདན་དྲངས་ནས་དགོན་ཤུལ་མིང་མེད་གྱུར་ནས་རིང་དུ་སོང་བས”། ཞེས་འདམ་སྟེང་ཤོ་དགོན་གྱི་གནས་ཤུལ་ནི་དགོན་སྟེང་ཡིན་པར་ངོས་འཛིན་ནས་ལྷ་ཁང་དང་མཆོད་རྟེན་ཆུང་བ་ལྔ་བཞེངས་པའི་རྒྱུ་མཚན་ལ་བལྟས་ན། འཇམ་དབྱངས་སྤྲུལ་སྐུས་མདོ་ལྷུ་རི་ལ་ལྷ་ཁང་བཞེངས་པ་དེ་འདམ་སྟེང་ཤོ་དགོན་གྱི་གནས་ཤུལ་ངོས་འཛིན་ནས་ལྷ་ཁང་བཞེངས་པ་ཞིག་མིན་པར་བསྟན་ཡོད།  སྤང་མཁན་ཆེན་གྱི་མ་ཎི་རིལ་སྒྲུབ་སྐབས་སུ་རྩམ་པ་དོ་པོ་གཉིས་གསུམ་བཤོང་བའི་ཁྲོ་ཟངས་ཀྱི་བུམ་པ་བསྐྲུན་ནས། ཟངས་བུམ་གྱི་ནང་དུ་མ་ཎི་རིལ་བུས་བཀང་ནས་རིལ་སྒྲུབ་གྲུབ་པ་དང་། ཟངས་བུམ་རྣམས་རིལ་སྒྲུབ་བྱ་ཡུལ་གྱི་དགོན་སྡེ་གང་ཡིན་ལ་བཞག་ནས་ཕེབས་པའི་སྲོལ་ལྟར། སྤོང་མཁན་ཆེན་རྒྱ་ནག་པེ་ཅིན་ནས་ཡར་ཕེབས་དུས་ཉག་བྲེ་བྱམས་མདུན་ལ་ཕེབས་ནས་མ་ཎི་རིལ་བུ་སྒྲུབ་པ་རྣམ་ཐར་ལས་གསལ་བས། སྐབས་དེར་བྱམས་མདུན་དང་སྨེར་གཤིས་བྱམས་གླིང་དགོན་པ་སོགས་ལ་རིལ་སྒྲུབ་མཛད་པའི་ཟངས་བུམ་རྣམས་བཞག་པ་དང་། རྗེ་ཕག་གྲུ་པའི་སྐུ་འདྲ་བཞེངས་པ་རྣམས་མ་བུ་དགོན་གང་རུང་ཞིག་གིས་འཁུར་སོང་བས། ཡུལ་མིའི་ཁ་སྒྲུང་ལ་སྨར་ཚང་དགོན་པའི་ཟངས་བུམ་དང་ཕག་གྲུ་པའི་སྐུ་འདྲ་ནི་མ་བུ་དགོན་གྱིས་འཁུར་ཚུལ་གྲགས་པ་དང་། ཟངས་བུམ་ནི་ཚོགས་ཁྲོ་ལྟ་བུ་ཆེན་པོ་ཡོད་པས་ཚོགས་ཟངས་རིལ་བུམ་ཞེས་བོས་སྲོལ་གྱུར་ཡོད་སྲིད། བྱམས་མདུན་དང་སྨེར་གཤིས་དགོན་པའི་ཟངས་བུམ་ཡིན་ན། བྱམས་མདུན་གྱི་ཉེ་འགྲམ་ཡོད་པའི་བུ་དགོན་གྱི་འཁུར་སོང་བས་ཁ་སྒྲུང་ལ་མ་བུ་དགོན་ཞེས་བཤད་སྲིད། ཁ་སྒྲུང་ནི་གད་རྙིག་དང་འདྲ་བས་གཅིག་ལ་མང་པོ་འབྱར་ནས་ཤོ་དགོན་གྱི་ཚོགས་ཟངས་རིལ་བུམ་འཁུར་སོང་ཞེས་སྒྲུང་ཞིག་སྨར་ཚང་གི་གདན་རབས་ནང་དུ། བྲིས་དུས་ལོ་རྒྱུས་ལྟ་བུ་སྣང་ཡང་ལོ་རྒྱུས་དངོས་དང་མི་མཐུན་པའི་གད་རྙིག་ཅིག་འབྱར་བ་འདྲ་སྙམ། རག་མགོ་པས་སྨར་ཚང་གདན་རབས་ལས། “དེ་ནས་འོ་ཆུ་བྱམས་མདུན་ནས་ཉིན་ལམ་ཙམ་ཡོད་པའི་འདམ་སྟེང་དུ་བྱོན་ནས་དགོན་པ་མཛད་ནས་བཞུགས”། ཞེས་ཁོང་གིས་འདམ་སྟེང་གི་མིང་ཚིག་ལན་གཉིས་དྲངས་ཡོད་ཀྱང་མདོ་ལྷུའི་རི་ལ་ཡིན་པ་དང་རང་འགྲུབ་ལ་ཡིན་པ་ཁ་གསལ་མངོན་མེད་པས། བྱམས་མདུན་ནས་མདོ་ལྷུན་རི་དང་དགོན་སྟེང་གཉིས་ཀར་ཉིན་ལམ་གཅིག་བརྩིས་འོས་ཤིང་། ཁོང་གིས་བརྗོད་ཚིག་གོང་འོག་ཀུན་ལ་བལྟས་དུས་ཤོ་དགོན་གྱི་གནས་ཤུལ་ནི་དགོན་སྟེང་ལ་ཡིན་པར་ངོས་འཛིན་ཆེས་གསལ་བོ་བསྟན་ཡོད།

Description: Machintosh HD:Users:cg:Desktop:IMG_7740.JPGDescription: Machintosh HD:Users:cg:Desktop:IMG_7738.JPGDescription: Machintosh HD:Users:cg:Desktop:29.JPGDescription: Machintosh HD:Users:cg:Desktop:30.JPG

གྲོག་མས་གསེར་ཁྲལ་འཇལ་བའི་པར། ཤོ་དགོན་ལ་བསྐྱོད་ཟེར་བའི་པར།          ཙོམ་མདོའི་རྡོ་རྐོས་ཀྱི་པར།

ཨ་མདོ་བཀའ་འབུམ་རྒྱལ་གྱིས་མདོ་ལྷུའི་རི་ལ་ཤོ་དགོན་གྱི་གནས་ཤུལ་ཞིབ་འཇུག་བྱས་པའི་དཔང་བརྟགས་འགའ་ཤས་དགོད་བྲོ་བ་ཡོད། དཔེར་ན། ཁོང་གིས་སུར་པན་རྡུང་སའི་རྡོ་ཀོང་དང་ཤོ་དགོན་ལ་བསྐྱོད་ཅེས་པའི་རྡོ་རྐོས་རིས་མོ་གཉིས་དཔང་པོར་བཙུགས་ནས། འབུ་གྲོག་མས་རྡོ་ཀོང་དོང་གི་ནང་དུ་གསེར་བླུགས་ནས་ཤོ་དགོན་ལ་ཁྲལ་འོལ་འཇལ་དགོས་པ་རེད། ཅེས་བརྗོད། འབུམ་རམས་པའི་ལག་འཁྱེར་ཆེད་དུ་ལོ་རྒྱུས་དཔྱད་རྩོམ་ཞིབ་འཇུག་པ་ཞིག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་དངོས་བྱུང་ཚོགས་པ་ཞིག་གིས་གནས་ཤུལ་གྱི་དཔང་བརྟགས་ལ། དངོས་ཡོད་མིའི་ལོ་རྒྱུས་ལ་མི་སྲིད་པའི་རྨོངས་སྒྲུང་ཞིག་དངོས་དཔང་ལུང་དྲངས་པས་ཡ་མཚན་ནས་གད་མོ་ཤོར། ངས་ཀྱང་བཀའ་འབུམ་གྱིས་བཤད་པ་ལྟར། གྲོག་མ་རྣམས་ལ་གསེར་གྱིས་ཁྲལ་འོལ་འདེད་འདོད་ལ་བྲེལ་འཚུབ་ལང་ཞིང་། པདྨས་བཤད་པ་ལྟར་ཤོ་དགོན་གྱི་གྲོང་ཚོ་ལ་ལྟ་བ་འདོད་པ་དང་། དགོན་ཁང་གི་ཤུལ་གང་དུ་ཡོད་མེད་འཇལ་འདོད་ལ་བྲེལ་ནས། ཕྱི་ལོ་༢༠༡༥་ཟླ་བ་བཞི་པར་སླར་ཡང་ཉམས་ཞིབ་ལས་རིམ་ཞིབ་ཕྲ་བྱས་སྐབས་ཁོ་བོ་ཡང་གཟུགས་མཐོང་བརྙན་འཕྲིན་རྒྱུན་ནས་མཉམ་ཞུགས་བྱས་ཏེ། རྡོ་ཀོང་དོང་དང་། གྱང་རོ། ཞིང་ཀ། རིའི་ཁྱད་ཆོས། གཡས་གཡོན་གྱི་རི་མིང་། ས་མིང་སོགས་ངག་དབང་ཆོས་ལྡན་དང་ཁོང་གི་ལས་རོགས། བྲག་གཡབ་རྒན་གྲགས་པ། ང་ཚོས་ཉིན་མ་གཉིས་རིང་ཞིབ་བཤེར་ནན་པོར་བྱས་པའི་གྲུབ་དོན་སྙིང་བསྡུས་རེ་འགོད་པར་བྱ་སྟེ། རྡོ་ཀོང་དོང་རྣམས་རི་བོ་དེར་དུད་ཚང་གསར་ཆགས་ཀྱི་གྲོ་ཆན་རྡུང་ས་དང་སུར་པན་རྡུང་ས་ཡིན་པ་དང་། དུད་ཚང་སྟོང་ནས་འགྲོ་དུས་གྲོ་ཆན་དང་སུར་པན་རྡུང་ས་རྣམས་ལྷས་ཤུལ་དུ་འཕངས་པར་ར་སྤྲོད་གསལ་པོར་བྱུང་བས། ངས་ཀྱང་གྲོག་མ་མིག་མེད་ལ་ཁྲལ་འོལ་འདེད་འདོད་ཀྱིས་བྲེལ་འཚུབ་ལང་པ་ནི་སྟོང་བྲེལ་དུ་གྱུར་སོང་། ཡང་བཀའ་འབུམ་གྱིས་གནས་དེར་དུད་ཚང་གཅིག་གི་སྒོ་འགྲམ་གྱི་རྡོ་ལ་ཤོ་དགོན་དུ་བསྐྱོད་ཅེས་རྐོས་པ་ཞིག་དཔང་པོར་དྲངས་པས། ང་ཚོས་པར་བླངས་ནས་རྡོ་ཆས་དཔྱད་ཞིབ་པར་བསྟན་པས་རྡོ་རྐོས་གསར་པ་ཡིན་པ་ཚིག་ཐག་བཅད་པ་ལྟར། ཙོམ་མདོ་དགོན་དུ་ལོ་བརྒྱད་བརྒྱ་ལྷག་སོང་བའི་རྡོ་རྐོས་ཀྱི་རིས་མོ་གཉིས་བསྒྲིགས་ནས་བསྡུར་དུས་རྡོ་རྐོས་གསར་རྙིང་གི་དབྱེར་བར་གསལ་ལེ་མངོན་པས་རྡོ་རྐོས་རྫུན་བཟོས་བྱས་དགོས་པའི་དོན་གང་ཡིན་དཔྱད་པར་བྱའོ། །

ང་ཚོས་པདྨས་བཤད་པ་ལྟར་ཤོ་དགོན་གྲོང་ཚོ་ལ་ལྟ་བར་བྲེལ་ནས། བྲག་གཡབ་རྫོང་དང། བྱམས་མདུན། རང་འགྲུབ། མདོ་ལྷུ། དགོན་སྟེང། མ་མགོན་སོགས་བྲག་གཡབ་བ་ས་གནས་མང་པོར་ཉམས་ཞིབ་ཐེངས་གཉིས་བྱས་སྐབས་སུ། ས་གནས་སོ་སོར་ལོ་ལྔ་བཅུ་སོན་པ་ཡན་ཆོད་ཀྱི་བགྲེས་སོང་མང་པོ་ལ། འདམ་སྟེང་། དགེ་རྒྱས། དགེ་ཚང་། བྱེ་མའི་ཀློང། ཤོ་དགོན་ཞེས་ཐ་སྙད་བོས་སྲོལ་གང་ཡོད་ནན་དྲིས་ཞུས་པའི་རྒྱུན་རིང་ལ། མིང་ཚིག་དངོས་དང་མཐུན་པ་མེད་པས་ཕྱོགས་འདྲ་ཙམ་ལའང་ཞིབ་འཇུག་ནན་པོར་བྱས་ཀྱང་རྙེད་མེད། མདོ་ལྷུ་རི་ལ་འཇམ་སྤྲུལ་གྱིས་བཞེངས་པའི་ལྷ་ཁང་གི་གཡས་གཡོན་ཞིང་ཁ་ལའང་འདམ་སྟེང་ཟེར་སྲོལ་ཡོད་མེད་དང་། རི་བོ་དེའི་ཕྱོགས་བཞིའི་རི་བོ་རྣམས་ཀྱི་མིང་ལ་འདྲ་མཚུངས་ཡོད་མེད་སོགས་དེའི་མངའ་ཁུངས་འབུར་དཀར་དགོན་གྱི་རྒན་གྲགས་པ་དང་ངག་དབང་ཆོས་ལྡན་གཉིས་ཀྱིས་བཅར་དྲིས་ནན་པོར་བྱས་ཀྱང་རྙེད་མེད། པདྨས་བཤད་པའི་ཤོ་དགོན་གྲོང་ཚོ་དང་དགོན་ཁང་གི་རྗེས་ཤུལ་ཙམ་འཇིག་རྟེན་མི་ཡིས་མིག་གི་མཐོང་ཐོས་ཡུལ་ལས་འདས་ཟིན་འདུག་པས་མཐོང་འདོད་ཀྱིས་བྲེལ་འཚུབ་ནི་འཇའ་ཡལ་བ་ལྟ་བུར་གྱུར་ནས། ལྷའི་མཐོང་བྱེད་ཀྱི་གནས་གཞན་ཞིག་ཡོད་པ་ཡིན་ནམ། ཡང་ན་རྨོངས་སྒྲུང་གི་ར་བ་ནང་དུ་ཡོད་པ་ཡིན་ནམ་སྙམ་ནས་བསྡད་རྒྱུ་ལས་ཐབས་གཞན་མ་རྙེད། ང་ཚོས་བཀའ་འབུམ་གྱིས་དུས་རབས་ཉེར་གཅིག་པའི་འགྲོས་དང་མཐུན་པ་ཞིབ་འཇུག་གནང་བའི་རེ་བསྐུལ་དང་། བློ་སྟོན། རྒྱབ་སྐྱོར་གང་ཡོང་བྱས་ཀྱང་ཁོང་གིས་བཙན་བཀར་གྱིས་ཤོ་དགོན་གནས་ཤུལ་མདོ་ལྷུ་རི་ལ་ཡིན་དགོས་པ། སུར་པན་རྡུང་སའི་རྡོ་ཀོང་དོང་འབུ་གྲོག་མས་ཤོ་དགོན་ལ་ཁྲལ་འུལ་འཇལ་ས་ཡིན་དགོས་པ། ཙོམ་མདོ་དགོན་པ་དཔལ་ཡོན་ལ་ཡོད་དགོས་པ། སྨར་ཚང་གི་བརྒྱུད་པ་དཔལ་ཡོན་ལ་འདྲེས་དགོས་པ། ཀཿ་ཐོག་ལ་ཆད་དགོས་པ། སྨར་ཚང་གཏོར་བཤིག་བྱས་མཁན་བེ་རི་རྒྱལ་པོ་དང་དགའ་ལྡན་ཕོ་བྲང་ཡིན་དགོས་པ། ཉག་རེ་སེ་བ་སྨར་ཚང་གི་བླ་མ་ཡིན་དགོས་པ་སོགས་ལུང་རིག་དང་འགལ་བའི་འདོད་ཚུལ་ཡ་མཚན་ཅན་འགའ་འདུག་པས། ཁོ་བོས་ལུང་དང་གཏན་ཚིགས་རིག་པ་འཕངས་དུས་དོན་མཐུན་གྱི་ལན་མེད་ཀྱང་ཟླ་བ་གསུམ་རིང་ཨུ་ཚུགས་བྱས་སོང་བས་མཐར་མཇུག་བསྡུར་བ་ཡིན། ཁོང་གིས་ཕྱིས་སུ་དཔྱད་རྩོམ་བྲིས་པ་ནང་དུ་དགོད་བྲོ་བའི་དཔང་བརྟགས་རྣམས་བཀོད་མི་འདུག་པས་ངས་སྐྱོན་བརྗོད་བྱས་པ་རྣམས་ཁོང་ལ་ཕན་ཡོད་སྲིད་པ་རེད་སྙམ།

     Description: Machintosh HD:Users:cg:Desktop:IMG_7753.JPGDescription: Machintosh HD:Users:cg:Desktop:IMG_7740.JPGDescription: Machintosh HD:Users:cg:Desktop:IMG_1213.JPG

གནས་འདིར་ཁྱིམ་སྟོང་ནས་འགྲོ་མཁན་གྱི་གྲོ་ཆན་རྡུང་ས་དང་། སུར་པན་རྡུང་སའི་རྡོ་ཀོང་དོང་གི་པར།

མདོ་ལྷུ་རི་ལ་ལྷ་ཁང་འདིའི་ལོ་རྒྱུས་ལ་དཔྱད་དུས། འཇམ་སྤྲུལ་གྱིས་གནས་འདིར་དགོན་པ་བཏབ་གྲབས་བྱས་ཀྱང་ འབུར་དཀར་དགོན་གྱི་མངའ་ཁུངས་ཡིན་པས་ཆོག་མཆན་མ་གནང་བས། ཇོ་མོ་དགོན་པ་ཞིག་བཏབ་ཆོག་པར་ཞུས་ཀྱང་ཆོག་མཆན་མ་གནང་བས་མཐར་ལྷ་ཁང་ཞིག་བཞེངས་རྒྱུ་ཆོག་མཆན་གནང་ཡང་། མ་འོང་པ་འཇམ་དབྱངས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནས་ས་བཟུང་མི་ཆོག་ཚུལ་གླེང་སློང་བྱུང་བའི་ལོ་རྒྱུས་ཤིག་འཇམ་སྤྲུལ་གྱི་གཉེན་ཉེ་ཡིན་པ་འབུར་དཀར་དགོན་པའི་རྒན་གྲགས་པས་འགྲེལ་བརྗོད་གནང་། གནས་དོན་ཇི་ལྟར་ཡིན་ཡང་འཇམ་སྤྲུལ་ཉིད་ཀྱིས་ས་འདིར་ཤོ་དགོན་གྱི་གནས་ཤུལ་ངོས་འཛིན་ཡོད་པའི་ལོ་རྒྱུས་ཚིག་འབྲུ་གཅིག་ཀྱང་མི་འདུག་ཅེས་ཁོ་བོ་གངས་རི་ཀརྨ་པས་འདི་ནས་ཐག་བཅད་པ་ཡིན།

       Description: Machintosh HD:Users:cg:Desktop:15.JPGDescription: Machintosh HD:Users:cg:Desktop:IMG_1229.JPGDescription: Machintosh HD:Users:cg:Desktop:17.JPG

             རི་བོ་དམར་པོ་འདི་རང་འགྲུབ་མདོ་ལྷུའི་རི་ལ་ཤོ་དགོན་གྱི་གནས་ཟེར་བ་དང་ཆུ་མིག་གི་པར།

མདོད་ལྷུ་རི་བོ་ལ་ཆོས་རྗེ་སྨར་པས་བཏབ་པའི་དགོན་སའི་མཚན་ཉིད་ཀྱི་འགྲེལ་བཤད་རྣམས་ཚང་མེད་པའི་ལུང་འགའ་ཤས་དྲངས་པར་བྱ་སྟེ། ཆོས་རྗེ་སྨར་པའི་བཀྲ་ཤིས་དགོན་པའི་གནས་བཤད་ལས། “འདམ་སྟེང་བཀྲ་ཤིས་ཡིད་འོང་དགོན། །ལྷུན་ནི་བྱ་རྒོད་ཕུང་རི་འདྲ། །དབྱིབས་ནི་སྒྲོལ་མ་བཞུགས་ཚུལ་འདྲ། །བདེ་ཆེན་རིའི་རྩེ་མོ་ནི། །རིགས་ཀྱི་བདག་པོའི་དབུ་རྒྱན་འདྲ། །སྤང་ལྗོངས་ནག་མཐོང་རྩེགས་པ་ནི། །རྩི་ཤིང་མང་པོས་རབ་བརྒྱན་པ། །བྱང་སེམས་ཀླུ་ཆེན་རྒྱབ་རི་ཡིས། །ཉམས་དགའ་བཞིའི་འཐུང་ཆུ་སྟེར”། །ཞེས་དང་། “དལ་གྱི་ཆུ་བོས་མདུན་ནས་བསུ། །རྡོ་རྗེ་བྲག་གིས་རྒྱབ་ནས་བསྐོར། །ཆུ་བོ་གསུམ་འདུས་ཆབ་ཀྱིས་བསྐོར། །ཕྱོགས་བཞི་ནམ་མཁའི་མཐའ་དང་བྲལ། །རང་བཞིན་དབེན་ཞིང་ཉམས་དགའ་བ། །ཕག་གྲུ་མཐར་རྩེ་དགོན་པ་འདྲ”། །ཞེས་གསུངས་པ་ལྟར། དང་པོ་མདོ་ལྷུའི་རི་བོ་འདི་བྱ་རྒོད་ཕུང་པོ་རི་འདྲ་པོ་ཞིག་མེད། གཉིས་པ་རི་བོ་འདི་དབྱིབས་སྒྲོན་མ་བཞུགས་པ་འདྲ་པོ་ཡང་མེད། གསུམ་པ་རི་བོ་འདི་རྒྱབ་རིའི་རྩེ་མོར་རྒྱལ་བ་རིགས་ལྔ་འདྲ་པོ་ཡང་མེད། བཞི་པ་རི་བོ་འདི་སྤང་ལྗོངས་མཛེས་མོའི་ཚབ་ལ་ས་དམར་པོ་དང་ནགས་ཚལ་ཀྱི་ཚབ་ལ་བྲག་རྡོ་མང་པོ་ཡོད། ལྔ་པ་རི་བོ་འདི་རྒྱབ་རི་ལས་འཐུང་ཆུ་འབབས་པ་ཞིག་མེད། འཇམ་སྤྲུལ་གྱིས་བཞེངས་པའི་ལྷ་ཁང་གི་གཡས་ཕྱོགས་སུ་མར་ཏོག་ཙམ་སོང་ན་མཛོ་མོ་དཀར་ལུའི་ཆུ་མགོ་ཟེར་བ་ཞིག་ཡོད་ཀྱང། ཆུ་དེས་དགེ་འདུན་སྟོང་ཕྲག་བརྒྱད་དང་ཁྲི་འཛོམས་དུས་འཐུང་ཆུ་འདང་པ་ཞིག་མེད། དྲུག་པ་རི་བོ་འདིའི་མཐའ་ལ་ཆུ་བོ་བཞུད་པ་ཡོད། བདུན་པ་བྲག་རི་ཡོད་ཀྱང་བྲག་གིས་བསྐོར་པ་མེད། བརྒྱད་པ་རི་བོ་འདི་ཆུ་བོ་གསུམ་འདུས་ཀྱིས་བསྐོར་པ་མེད། ཟླ་ཆུ་ནི་རི་བོ་འདིའི་རྒྱབ་དུ་རི་བོ་མཐོན་པོ་ཞིག་གི་རྒྱབ་ནས་བྲག་གཡབ་མ་དགོན་ཕྱོགས་སུ་ཤར་རྒྱུག་བྱས་པ་ལས་བསྐོར་པ་མེད། དགུ་པ་ཕྱོགས་བཞི་ལ་གོ་དོག་མོ་ཡིན་པས་གོ་ཡངས་པོར་ནམ་མཁའི་མཐའ་འདྲ་བ་ཞིག་མེད། བཅུ་པ་རི་བོ་འདི་དབེན་ས་ཞིག་ཡིན་ཡང་ཉམས་དགའ་བ་ཕག་གྲུའི་དགོན་པ་དང་འདྲ་བོ་ཞིག་མེད། ཆོས་རྗེ་སྨར་པས་དགོན་པ་བཏབ་པའི་གནས་ཀྱི་ཁྱད་ཆོས་དྲངས་དུས་གཡས་གཡོན་གྱི་རི་བོ་འགའ་ཤས་མིང་དྲངས་ཡོད་པས། རི་བོ་དེའི་ཉེ་འཁོར་ལའང་མིང་འདྲ་མཚུངས་ཡོད་མེད་ཞིབ་བཤེར་ནན་ཏན་བྱས་ཀྱང་རྙེད་མེད། སྨར་ཚང་གི་གྲུབ་ཆེན་གཤའ་པས། ཟོང་འདོད་དགུ་འབྱུང་བའི་ཚོང་དུས་ཡོད། །དཔལ་ཡོན་ཏན་འཛོམས་པའི་གྲོང་ཁྱེར་དེ། །ཞེས་ཤོ་དགོན་གྱི་ཉེ་འཁོར་ཚོང་པ་འཛོམས་སའི་གྲོང་ཁྱེར་ཡོད་ཚུལ་བརྗོད་པ་ལྟར། རང་འགྲུབ་དུ་གྲོང་ཁྱེར་དར་བའི་ས་ཁྱོན་ཡོད་མེད་ཕྱོགས་ཡོངས་ལ་ཞིབ་དཔྱད་བྱས་པས། རི་བོ་གཉིས་ཀྱི་བར་ན་ཆགས་པའི་ལུང་གཞུང་འདིར་ཞིང་ལས་ཀྱི་གྲོང་ཁྱེར་དང་ཚོང་ལས་ཀྱི་ཁྲོམ་ར་ཆེན་པོ་ཆགས་ཐབས་མེད་པ་ཞིག་རེད། བྱམས་མདུན་ལ་གྲོང་ཁྱེར་དང་ཁྲོམ་ར་ཡོད་ཟེར་ན་འོས་ཆོས་ཡོངས་སུ་ཚང་ཡོད།  ཆོས་རྗེ་སྨར་པའི་རྣམ་ཐར་ལས། མ་མཐའ་ཡང་འདུན་སྟོང་རྩ་བརྒྱད་ཚང་བས་སྨར་ཁམས་རུ་ཤོད་དགེ་རྒྱས་བྱེ་མའི་ཀློང་། ཞེས་པ་ལྟར། ཤོ་དགོན་བཏབ་པའི་ས་ཁྱོན་ནི་མ་མཐའ་ཡང་དགེ་འདུན་སྟོང་ཕྲག་བརྒྱད་ཀྱི་གྲྭ་ཤག་བཤངས་ཐུབ་པ་ཞིག་ཡོད་དགོས་ན། མདོ་ལྷུའི་རི་བོ་ནི་མདུན་དུ་གཡང་རོང་དང་། གྱེན་དུ་བྲག་རི། འཕྲེད་དུ་གད་གཟར་ཡིན་པས་གོ་ཡངས་རྒྱ་ཆེན་ཞིང་མེད། འོན་ཏེ། རི་བོ་འདིར་རྒྱུད་ལྡན་ཐོས་བསམ་ལ་བརྩོན་པའི་དགེ་འདུན་སྟོང་ཕྲག་བཞི་ནས་ལྔའི་བར་དབྱར་དུས་ཆུ་མི་འཛིར་པ་དང་། དགུན་དུས་དྲོན་ཁུག་ཅན་གྱི་བྲག་ཕུག་དང་ནགས་ཚལ་སྟུག་པོ་ཞིག་ཡོད་དགོས་པས་མེད། བྱེ་མའི་ཀློང་ཡོད་དགོས་པས་མེད།  གནས་འདི་གཉིས་གང་རུང་ལ་གདན་ས་ཆེན་པོ་ཤོ་ཙོམ་ཉི་ཟླ་ཟུང་གཅིག་གི་ཡ་གྱལ་དུ་གྱུར་པ། དཔལ་བཀྲ་ཤིས་དགོན་པའི་གནས་ཤུལ་ངོས་འཛིན་མཁན་དག་གིས་སྨར་ཚང་བཀའ་བརྒྱུད་ལ་རྒྱུས་མངའ་གཏན་ནས་མེད་པ་དང་། གདན་ས་ཆེན་མོ་བཀྲ་ཤིས་དགོན་ལ་དགེ་འདུན་སྟོང་ཕྲག་བརྒྱད་ནས་ཁྲི་གཅིག་བཤོངས་པའི་སྟོབས་ཤུགས་ལ་དཔག་ནས་ཞིབ་བཤེར་མ་གནང་བའི་བརྟགས་སུ་མངོན་ཡོད། འདི་དག་གིས་སྨར་ཚང་བཀའ་བརྒྱུད་ལ་ཚོད་འཛིན་དམའ་དྲག་པས་རེད། ས་ལ་ཀླུ་མི་དགོན་དཀར་པོའི་ཕ་བྲང་དུ་གྲགས་པ། སྡེ་ལ་རུ་ཤོད་ཉ་མོ་སྟོང་སྡེ་ཞེས་གྲགས་པའི་ཁྱིམ་ཚང་སྟོང་ཕྲག་ཡོད་པའི་གྲོང་ཁྱེར་དེར། ཕྱི་ལོ་༡༦༣༩་ལོ་སོག་པོ་གུ་ཤྲི་ཁང་གི་དམག་དཔུང་སྨར་ཁམས་ལ་སླེབས་ནས་ཤོ་དགོན་དུ་ལོ་ངོར་ཉི་ཤུའི་རིང་དམག་སྒར་བྱས་པའི་རིང་། དམག་གིས་ཟ་འབྲུ་དང་། ཤ་མར། དཔགས་སྤུ་སོགས་ཁྲལ་འོལ་ཤུགས་ཆེན་འདེད་པས་རུ་ཤོད་བ་གྲོང་ཚོ་མང་པོ་སྤྲང་སློང་འགྲོ་དགོས་པར་གྱུར། མཐར་སོག་དམག་རྣམས་ཕྱིར་སོག་ཡུལ་དུ་ལོག་ཀྱང་རུ་ཤོད་བའི་ཞིང་ཁ་རྣམས་སྤང་ལ་གྱུར་ནས་སྐྱར་གསོ་མི་ཐུབ་པའི་ལོ་རྒྱུས་ཀྱི་རྨ་ཁ་ད་ལྟའང་ལྷག་ཡོད་པ་རེད། རང་འགྲུབ་བ་དུད་ཚང་འགའ་ཤས་ཀྱིས་སོག་དམག་ལ་ལོ་ཉི་ཤུའི་རིང་ཟས་གོས་སོགས་ཁྲལ་འོལ་སྤྲོད་ཐུབ་མིན་གྲོང་སྡེ་ལ་དཔྱད་ན་ཤེས། གནས་འདི་དམག་དཔོན་ཞིག་གིས་ལོ་ཉི་ཤུ་ལྷག་དགྲ་རྫོང་བཟུང་དགོས་པའི་གལ་ཆེན་ཞིག་གཏན་ནས་མེད། འཇིག་རྟེན་ཚུལ་མཐོང་གི་ལོ་རྒྱུས་ལ་རྣམ་པར་དཔྱད་ནས་དངོས་ཡོད་གང་ཡིན་ལ་འབུངས་དགོས་པས། ཤོ་དགོན་བཏབ་པའི་གནས་ཀྱི་ཁྱད་ཆོས་དང་སྒྲུབ་པ་པོའི་ཉམས་རྟོགས་ཇི་ལྟར་ཡོད་མེད་ལུང་འདིས་མངོན་པར་བྱས་ཏེ། འཇམ་མགོན་ས་པཎ་གྱི་སྤྲིང་ཡིག་ལས། “དཔལ་ལྡན་ས་སྐྱ་པཎྜི་ཏས། ཞིང་ཁམས་རྣམ་པར་དག་པ་ཤར་ཕྱོགས་ཀྱི་རྒྱུད་ས་གཞི་དགོས་འདོད་འབྱུང་བ་སྨར་ཁམས་ཀྱི་ཆ། ཆུ་ཀླུང་དལ་གྱིས་འབབ་པ་ཟླ་ཆབ་དཀར་མོའི་ངོགས། ཕྱོགས་ཀུན་ནས་རིན་པོ་ཆེའི་གཏེར་ཁར་དུ་མ་དང་ལྡན་ཞིང་། འབྲུ་སྣ་ཚོགས་ཀྱི་འབྱུང་ཁུངས། ཁོར་ཡུག་གི་རི་བོ་རབ་ཏུ་མཐོ་ཞིང་།  ས་གཞི་ཡིད་དུ་འོང་བ་ལྷུན་པོའི་ངོས་ལ་འཇམ་པའི་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་སྣང་བ་ཙནྡ་གྱི་ནགས་ཚལ། ཡལ་ག་དང་ལོ་འདབ། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་མཛེས་པའི་བྱ་རྣམས་སྙན་པའི་སྒྲ་དབྱངས་སྒྲོག་པ་དང་བཅས་པའི་དགའ་བའི་ཚལ་ཀུན་ཏུ་བརྒྱན་པ་ལྟར། ལྷའི་བུ་དང་བུ་མོ་རྣསམ་ཀྱང་ཡིད་འཛིན་པར་བྱེད་པའི་གནས། ཉམས་མྱོང་དང་རྟོགས་པ་འཕེལ་བར་བྱེད་པའི་དབེན་གནས་དམ་པ། དཔལ་གྱི་ཤོ་དགོན་ན་བཞུགས་པ། ཚུལ་ཁྲིམས་དང་སྒྲུབ་པ་ཕུན་སུམ་ཚོགས་ཤིང་། རྟོགས་པ་དང་མཁྱེན་བརྩེའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སྐྱེས་བུ་དམ་པ་རིན་པོ་ཆེ་གདན་ས་བའི་ཕྱག་ཏུ་འབུལ་བ”། ཞེས་གསུངས་པ་དང་། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་རྗེ་འགྲོ་མགོན་རིན་ཆེན་བདེ་བར་གཤེགས་པ་དང་ཤོ་དགོན་གྱིས་འཇམ་མགོན་ས་པཎ་ལ་འཕྲིན་ཡིག་ཕུལ་བའི་ལན་དུ། རྗེ་ས་པཎ་གྱིས་ཧོར་ཡུལ་ནས་ཤོ་དགོན་ལ་ཕུལ་བའི་སྤྲིང་ཡིག་ལས། “ཤར་ཕྱོགས་ཀྱི་སའི་ཆ་གནམ་འཕང་མཐོ་ཞིང་རྒྱར་ཡངས་ལ་ཡིད་དུ་འོང་བ། རི་བོ་ཆེན་པོ་རིན་པོ་ཆེ་འབར་བ་ལྟ་བུའི་ངོགས། རྩི་ཤིང་དང་ནགས་ཚལ་ཕུན་སུམ་ཚོགས་པ། མཛེས་པའི་མེ་ཏོག་སྣ་ཚོགས་དང་། སྒྲ་སྙན་པའི་བྱ་དུ་མས་གང་བ། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་བསྟེན་པའི་གནས། དཔལ་གྱི་ཤོ་དགོན་ན་བཞུགས་པའི་རིན་ཆེན་གདན་ས་པས་དབུ་མཛད་དགེ་འདུན་རྣམས་ཀྱི་ཕྱག་ཏུ་སྤྲིང་བ། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ངང་ཚུལ་ཅན་བླ་མ་དམ་པ་དེ་ལ་འདས་གྲོངས་མི་མངའ་ཡང་། སྐྱེ་བོ་རྟག་འཛིན་ཅན་རྣམས་དྲང་བའི་ཕྱིར། བདེ་བ་ནས་བདེ་བར་གཤེགས་པ་དེ། སངས་རྒྱས་ཀྱི་བསྟན་པ་ཉམས་དམས་ཤིང་། སེམས་ཅན་རྣམས་མགོན་དང་བྲལ་བ་ཡིན་མོད་ཀྱི། འོན་ཀྱང་ཡང་དག་པའི་དོན་ལ་དགོངས་ནས་ཐུགས་ཁྲལ་མི་མཛད་པར་ཞུ”། ཞེས་སོགས་ལས་མངོན་ཡོད། ས་སྐྱ་པཎ་ཆེན་གྱི་གསུང་འཕྲིན་འདིར་ལྟོས་དང་གདན་ས་ཤོ་དགོན་གྱི་ཁྱད་ཆོས་ཕྱོགས་ཙམ་རྟོགས་ཐུབ་ངེས་རེད་སྙམ། མདོ་ལྷུའི་རི་བོར་ཤོ་དགོན་གྱི་གནས་ཤུལ་ཡིན་མིན་གློག་ཆས་ལ་དཔྱད་ཞིབ་ཆེད་རྡོ་རྐོས་ཀྱི་རི་མོ་སོགས་གནའ་རྫས་འགའ་ཞིག་བླངས་ཤིང་། ལྷ་ཁང་གི་གྱང་ངོས་ལ་འོད་དཔག་མེད་ཀྱི་རྡོ་སྐུ་ཞིག་ཡོད་པར་ལོ་དུས་དཔྱད་ཞིབ་ཆེད་གཡར་རོགས་ཞུས་ཀྱང་འབུར་དགོན་གྱིས་བདག་གིར་བཟུང་ནས་གཡར་མ་སོང་། ང་ཚོས་ཤོ་དགོན་གྱི་གནས་ཤུལ་འཁྲུལ་མེད་ཅིག་དམིགས་ཀྱིས་བཀར་ནས་འཚོལ་དགོས་པ་ལས། ཤོ་དགོན་གྱི་གནས་ཤུལ་སྨར་བྲག་གོ་གསུམ་གང་ལ་ཡོད་ཀྱང་ཁྱད་པར་དང་རྩོད་པ་གཏན་ནས་མེད། འོན་ཀྱང་འགན་འཁུར་གཏན་ནས་མེད་པར་མིག་གདངས་ནས་ལོང་སྐད་རྒྱག་མཁན་གྱིས་ལམ་དུ་ནམ་ཡང་གཏོང་མི་སྲིད་པ་འདིས་ཀྱང་མཁྱེན་པར་མཛོད།

ཆོས་རྗེ་སྨར་པ་རང་འགྲུབ་དཔོན་ཚང་ལ་འཁྲུངས་འདོད་པར་དཔྱད་པ། སྐུ་ཞབས་ཇོ་སྲས་ལགས་ཀྱིས་ཆོས་རྗེ་སྨར་པ་རང་འགྲུབ་དཔོན་ཚང་རེད་ཅེས་ཚིག་ཐག་བཅད་པ་འདིར་དཔྱད་པར་བྱ་སྟེ། ཆོས་རྗེ་སྨར་པའི་རྣམ་ཐར་ལས། “སྨར་ཁམས་རུ་ཤོད་དགེ་རྒྱས་བྱེ་མའི་ཀློང་ཞེས་བྱ་བ། ཡབ་ནི་ཐེག་པ་ཆེན་པོའི་རིགས་ཅན་བྱམས་སྙིང་རྗེས་རྒྱུ་འབྱོངས་པ། ལྡན་འདུ་སྒོམ་པ་ཀླུའི་གཙུག་ཅེས་བྱ་བ། སྐྱེས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་གྱུར་པ་ཞིག་གི་སྲས་སུ་སྐུ་མཆེད་གསུམ་གྱི་ཐ་ཆུང་དུ་སྐུ་འཁྲུངས”། ཞེས་གསུངས་པ་ལྟར། སྨར་ཁམས་རུ་ཤོད་དང་། ལྡན་འདུ་གྲོང་། སྒོམ་པ་ཚང་། ཡབ་ཀྱི་མིང་ལ་ཀླུའི་གཙུག་ཅེས་སྐྱེས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པ་དང་ཐེག་ཆེན་རིགས་ཅན་ཡིན་པ། ཡབ་ལ་བུ་གསུམ་གྱི་ནང་ནས་ཆུང་བ་ཡིན་ཞེས་བརྗོད་པས། གྲོང་ཁྱེར་དང་གྲོང་སྡེ། ཁྱིམ་ཚང་དང་ཡབ་ཀྱི་མིང་གོང་རིམ་བསྒྲིགས་ནས་བརྗོད་ཞོར་ཡབ་ཀྱི་ཁྱད་ཆོས་གང་ཡོད་མངོན་པར་འདིར་ལྟོས་དང་། དཔོན་གྱི་རུས་བརྒྱུད་ཅིག་ཡིན་ན་མ་བྲིས་པ་བཞག་པའི་བཟོ་ལྟ་ཞིག་འདུག་གམ། བོད་ཀྱི་བླ་མའི་ལོ་རྒྱུས་བྲིས་མཁན་ཡོངས་ལ་ཞིབ་ཕྲ་བལྟས་དུས་སྨྱུག་ཐོག་པ་དག་གིས་དངོས་ཡོད་ལས་ཀྱང་རབ་རྟོགས་མང་སྟེ། དཔེར་ན། རྗེ་རིན་ཆེན་རྒྱལ་མཚན་གྱི་ཡབ་འབོམ་པ་དཔོན་ཡིན་པས་རྒྱལ་སྲས་རིན་ཆེན་གླིང་པ་ཞེས་ཁྱད་བསྟོད་ཞུ་བ་ལྟ་བུ་དང་།  སྤང་མཁན་ཆེན་གྱི་རྣམ་ཐར་ལས། “རིགས་ནི་མིའུ་གདོང་དྲུག་ཡོད་པ་ལས་ཤཱཀྱའི་རིགས་སམ་རྒྱལ་རིགས་ལྟ་བུ་”ཞེས་སོགས་རིགས་གང་ཡིན་མངོན་ཅི་ཐུབ་བྱས་པའི་སྲོལ་དར་བའི་དུས་སྐབས་དེར། སྨར་ཚང་གི་གྲུབ་མཐའ་སྲོལ་འབྱེད་ཆོས་རྗེ་སྨར་པ་དཔོན་གྱི་རུས་རྒྱུད་ཡིན་ན་མ་བྲིས་པ་འཇོག་ས་རེད་དམ། དེའི་ཚེ་དེའི་དུས་དངོས་ཡོད་འབྱུང་བའི་ལོ་རྒྱུས་ཚད་ཐུབ་འདི་དག་འདྲེན་བྱེད་མིག་གིས་ཁྲ་ལྷམ་མེ་མཇལ་བཞིན་དུ། ཆོས་རྗེ་སྨར་པ་རང་འགྲུབ་དཔོན་ཚང་རེད་ཅེས་ཚིག་ཐག་བཅད་པ་འདི་ཕོ་ཚོད་ཙམ་ལས། དོན་སྙིང་ལྡན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དང་ཡོངས་སུ་འགལ་བར་གྱུར། ཁྱེད་ཅག་གིས་འགྲོ་མགོན་དཀོན་མཆོག་རྒྱལ་མཚན་གྱི་ཡན་ཆོད་དུ་སྨར་ཚང་ཡབ་སྲས་ཀྱི་རྣམ་ཐར་དང་། ལོ་རྒྱུས་ཁོངས་ལྡན་ཞིག་ནས་ཆོས་རྗེ་སྨར་པ་འཁྲུངས་ཡུལ་རང་འགྲུབ་དཔོན་ཚང་ཡིན་པའི་ལུང་ཚིག་གཅིག་དྲངས་པའི་ཉིན་མོ་དེར། སྨར་ཚང་བཀའ་བརྒྱུད་ཀྱིས་ཁྱེད་ཅག་ལ་བྱ་དགའ་འབུལ་རྒྱུ་ངང་སྒུག་བྱེད་བཞིན་ཡོད། སངས་རྒྱས་ཀྱིས། རང་གི་ལུས་ལ་དཔེ་བླངས་ལ། །གཞན་ལ་གནོད་པར་མ་བྱེད་ཅིག །ཅེས་གསུངས་པ་འདི་ཐུགས་ལ་མངའ་བར་མཛོད། གྲུབ་མཐའ་འདིའི་ལོ་རྒྱུས་སོགས་གང་ཅན་འཐད་གཟུགས་མེད་གྲིབ་བཟོ་དང་གཞི་མེད་འུར་སྟོང་སྒྲོག་པའི་སེར་སྐྱ་སུ་ཞིག་ཡིན་རུང་། འཛེམ་ཟོན་མེད་པར་ལུང་རིག་གཉིས་ཀྱིས་འཐེར་འདོན་བྱ་རྒྱུ་ལས་བཟོད་སྒོམ་ནམ་ཡང་བྱེད་ཐབས་མེད་པར་མཁྱེན་པར་མཛོད།

 Description: Machintosh HD:Users:cg:Desktop:IMG_7760.JPG

དུད་ཚང་གི་རྒྱབ་དུ་རག་སྤྲུལ་གྱིས་ཤོ་དགོན་ངོས་འཛིན་ནས་ལྷ་ཁང་དང་མཆོད་རྟེན་བཞེངས་པའི་དགོན་སྟེང་གི་པར།

རག་མགོ་རིན་པོ་ཆེས་དགོན་སྟེང་ལ་ཤོ་དགོན་ངོས་བཟུང་བར་དཔྱད་པ། རག་མགོ་པས་སྨར་ཚང་གདན་རབས་ལས། “རང་རྒྱལ་ས་གླང་འདིར་གྲུབ་དབང་ཤཱཀྱ་ཤྲིའི་ཞལ་སློབ་ཚེ་བརྟན་རྡོ་རྗེ་དང་། དཔལ་ལྡན་འབྲུག་པའི་རྒྱུད་འཛིན་འཇམ་དབྱངས་སྤྲུལ་སྐུ་གཉིས་ལ་གུས་པས་རྒྱུས་གསལ་ཞུས་བཞིན། ཤོ་དགོན་གཙུག་ལགས་ཞིག་ཤུལ་དུ་ཆོས་རྗེ་སྨར་པ་སོགས་གོང་མ་རྣམས་ཀྱི་གདུང་འབུམ་ས་ཐོ་ཁ་ཤས་ཡོད་པ་ལ་ཉམས་གསོས་ཀྱིས། ཕྱིའི་ལྷ་ཁང་དང་ནང་གི་མཆོད་རྟེན་ལྔ་བཅས་ལེགས་པར་གྲུབ་པའོ། །ཕྱོགས་འདིར་དུས་ཕྱིས་ཀྱང་བྲག་གཡབ་བླ་མ་ཆེ་ཆུང་རྨེད་དགེ་འཁྲུགས་པ་དང་། རྒྱ་བོད་འཁྲུག་གདན་དུ་གྱུར་པ་སོགས་མི་བདེ་བ་མང་པོ་བྱུང་བས་འདིས་ཕྱིན་ཅུང་ཟད་ཕན་པ་དང་ལོ་ལེགས་པ་སོགས་བཀྲ་ཤིས་དགེ་བའི་ལྟས་བཟང་པོར་གྱུར་པའོ”། །ཞེས་གསུངས་པ་ལྟར།  ང་ཚོས་ཀྱང་ལོ་མང་སྔོན་ནས་ཚེ་བརྟན་རྡོ་རྗེ་དང་འཇམ་དབྱངས་སྤྲུལ་སྐུ་གཉིས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་དུས། ཆབ་མདོ་བེ་རུ་འབྲོག་པ་བཀའ་རྙིང་ཉམས་ལེན་པ་གྲུབ་དབང་ཤཱཀྱ་ཤྲིའི་རྣམ་ཐར་ལས། ཕྱག་རྫོགས་ཀྱི་སློབ་མ་སོ་སོར་དབྱེར་ནས་དྲངས་པའི་གྲས་སུ་རྫོགས་ཆེན་ཉམས་ལེན་གྱི་སློབ་མའི་གྲས་ལ་“བྲག་གཡབ་ལྷ་སྲུང་འཇམ་དབྱངས་སྤྲུལ་སྐུ་”། ཞེས་བཀོད་པ་འདི་ཡིན་པར་རྙེད། ཁོང་སྐྱེས་ཡུལ་ལྷ་སྲུང་བ་ཡིན་ཚུལ་བྲག་གཡབ་ལ་ཁོང་གི་གཉེན་ཉེ་ཡོད་པ་དག་གིས་འགྲེལ་བརྗོད་གནང་། རག་མགོ་པས་འཇམ་སྤྲུལ་འདི་འབྲུག་པ་བཀའ་བརྒྱུད་པའི་རྒྱུད་འཛིན་གྱི་བླ་མ་ཞིག་ངོས་བཟུང་བ་དེས་ཀྱང་ནོར་འཁྲུལ་ཡིན་པར་འདི་ནས་ར་འཕྲོད་ཐུབ་པ་བྱུང་། ཚེ་བརྟན་རྡོ་རྗེ་ཞེས་པ་ནི་གྲུབ་དབང་ཤཱཀྱ་ཤྲིའི་སློབ་མའི་གྲས་ཀྱི་མིང་ཐོ་ནང་གསལ་བར་མ་མཐོང་ལ། ཤཱཀྱ་ཤྲི་ནི་ཀོང་སྤྲུལ་དང་རྫ་དཔལ་སྤྲུལ་སོགས་ཀྱི་སློབ་མ་ཡིན་པར་བཤད། འཇམ་སྤྲུལ་འདི་ཡང་སྲིད་ངོས་འཛིན་བྱས་པའི་བླ་མ་ཞིག་མིན་པས་ཡང་སྤྲུལ་མེད་ཚུལ་གླེང་།

ཕྱི་ལོ་༡༩༤༩་ལོར་རག་མགོ་རིན་པོ་ཆེ་དགོངས་གྲངས་བདུན་ཅུར་སོན་པའི་ས་གླང་གི་ལོ་དང་། མའོ་ཙེ་ཏུང་གིས་ཝང་ཀྲེན་ལ་བོད་དུ་དམག་དཔུང་དྲངས་དགོས་པའི་བཀའ་ཕབ་པའི་ལོ་དེར། ཁོང་གིས་གོ་འཇོ་དང་ཐག་ཉེ་བའི་བྲག་གཡབ་ཀྱི་ཁྱབ་ཁོངས་དགོན་སྟེང་ཞེས་པ་དེར་ངོས་འཛིན་ནས་གོང་དུ་གསུངས་པ་ལྟར་ལྷ་ཁང་དང་། མཆོད་རྟེན་ཆུང་བ་ལྔ་བཞེངས། བྲག་གཡབ་ཆེ་ཚང་དང་ཆུང་ཚང་གཉིས་ཀྱིས་ས་རྩོད་བྱས་པའི་གནས་ཡིན་ཚུལ་བརྗོད་པར་དཔྱད་ན། རག་མགོ་པས་ཤོ་དགོན་གྱི་གནས་ཤུལ་འདམ་སྟེང་ནི་རང་འགྲུབ་བའི་མདོ་ལྷུན་རི་ལ་ངོས་འཛིན་བྱས་མེད་པར་ཚིག་དོན་གཉིས་ཀས་ཁ་གྲག་པས་ལོག་འགྲེལ་བྱ་ཡུལ་སོར་གང་མེད་པ་འདིས་ཀྱང་ཤེས་པར་གྱིས། དགོན་སྟེང་ནས་མདོ་ལྷུའི་བར་དུ་འཕྲུལ་རྟ་འཁོར་ལོ་ཞོན་ནས་ཆུ་ཚོད་ཕྱེད་ཀ་ཡན་མན་ཞིག་ལ་འགྲོ་དགོས་པའི་བར་ཐག་ཡོད། རག་མགོ་པས་ཚེ་བརྟན་རྡོ་རྗེ་དང་འཇམ་དབྱངས་སྤྲུལ་སྐུ་གཉིས་ལ་རྒྱུས་གསལ་ཞུས་ནས་ཤོ་དགོན་གྱི་གནས་ཤུལ་ལ་ལྷ་ཁང་བཞེངས་ཚུལ་བཤད་པ་འདི་གོ་དོན་གཉིས་ལ་དབྱེར་ནས་དཔྱད་ན། དང་པོ་ལྟར་ན། འཇམ་སྤྲུལ་དང་ཚེ་རྡོར་གཉིས་ལ་དགོན་སྟེང་གི་ས་ཆ་དེར་བདག་དབང་མེད་པས་རྒྱུས་གསལ་ཞུས་དོན་ཅི་ཡང་ལྷག་མེད་པར་གསལ་པོར་གྱུར་ཡོད། གཉིས་པ་ལྟར་ན། དགོན་སྟེང་ཞེས་པ་འདིར་འདམ་སྟེང་ཤོ་དགོན་གྱི་གནས་ཤུལ་ཡིན་པའི་ལོ་རྒྱུས་གསལ་པོ་ཞུས་ནས་ཁོང་གཉིས་ཀྱིས་ཀྱང་མོས་མཐུན་གནང་བས་ལྷ་ཁང་བཞེངས་པ་ཡིན་ཞེ་ན། འཇམ་དབྱངས་སྤྲུལ་སྐུ་དང་། ཚེ་བརྟན་རྡོ་རྗེ་ཁོང་གཉིས་ཀྱིས་ཀྱང་རག་མགོ་པས་དགོན་སྟེང་ཞེས་པར་འདམ་སྟེང་ཤོ་དགོན་གྱི་གནས་ཤུལ་ཡིན་པར་ལྟ་ཚུལ་མཐུན་འདུག་པས། འཇམ་སྤྲུལ་དང་ཚེ་རྡོར་གཉིས་ཀྱིས་ཀྱང་མདོ་ལྷུ་རི་ལ་འདམ་སྟེང་ཤོ་དགོན་གྱི་གནས་ཤུལ་ངོས་བཟུང་ནས་ལྷ་ཁང་བཞེངས་པ་ཞིག་མིན་པར་དངོས་ཤུགས་རྒྱུན་གསུམ་ནས་བསྟན་ཡོད།

                Description: Machintosh HD:Users:cg:Desktop:IMG_7761.JPGDescription: Machintosh HD:Users:cg:Desktop:IMG_1234.JPG

                 འདི་བྲག་གཡབ་སྨེར་ཆུ་དང་སྨེར་གཤིས་ལུང་པའི་ཕུར་མདའ་ཕྱོགས་ཀྱི་པར།

 སྨེར་གཤིས་སྨར་ཤོད་ཡིན་འདོད་པ་ལ་དཔྱད་པ། “གྲུབ་ཆེན་ཉག་སེའི་རྣམ་ཐར་ལས། སྨེར་གཤིས་ཕུ་མདའ་ཉིན་སྲིད་ན་ཞལ་མལ་ཅིག་མ་རྙེད་”ཅེས་དང་། “ནུབ་སྒང་གཅིག་འོག་གཤམ་དུ་མཆན་ལ་ཞེས་སྨེར་གཤིས་”ཞེས་དང་། “སྨེར་འདོང་”ཞེས་ཐེངས་གསུམ་དྲངས་པ་དང་། སྨར་པ་རིན་པོ་ཆེ། ཉག་རེ་སེ་བ། ཁམས་སྤྲུལ་ཀརྨ་བསྟན་འཕེལ་སོགས་ཀྱི་སྐབས་སུ་སྨེར་གཤིས་དགོན་ཚོ་བཅོ་བརྒྱད་ཅེས་བྲིས་པ་ལས། ས་ཁུལ་དེར་སྨར་ཤོད་ཟེར་བའི་མིང་ཚིག་ཅིག་བྲིས་སྲོལ་མི་འདུག་ཅིང་། དགེ་ལུགས་ཆོས་འབྱུང་བེཌཱརྱ་སེར་པོ་ལས། “ཉག་རེའམ་བྲག་ཡབ་བཀྲ་ཤིས་ཆོས་རྫོང་ནི་”། ཞེས་སོགས་ནས་བྲག་གཡབ་དུ་དགེ་ལུགས་དགོན་པ་དྲངས་དུས། “ལ་གཤིས་ལྷ་ཁང་། སྨད་གཤིས་རིན་སྤུངས་དགོན། སྨད་གཤིས་བྲག་ཡབ་དགོན་ལ་གྲྭ་པ་བཅོ་ལྔ། སྨད་གཤིས་དགོན་གསར་བ་ལ་གྲྭ་པ་བཅོ་ལྔ་”ཞེས་བྲིས་པ་འདི་སྨེར་གཤིས་ཞེས་པའི་དག་ཆ་ནོར་བ་གསལ་པོ་ཡིན་ཏེ། བྲག་གཡབ་གྲགས་པ་རྒྱ་མཚོའི་རྣམ་ཐར་ལས། “ཕྱ་དྲུང་པས་སྨར་ཚང་གི་དགོན་པ་བྱམས་གླིང་དགོན་ནི་སྨེར་གཤིས་དགོན་ཁག་རྣམས་ཀྱི་དཀྱིལ་ཡིན་པས་དེར་བཞུགས་ན”། ཞེས་བྲིས་པའི་དུས་རབས་དང་། ཆོས་འབྱུང་བེ་སེར་བྲིས་པའི་དུས་རབས་གཅིག་ཡིན་པ་སོགས་ལ་རྣམ་པར་དཔྱད་ན། སྨེར་གཤིས་ཞེས་པའི་མིང་ཚིག་འདི་ལ་སྨར་གཤིས་དང་སྨར་ཤོད་ཞེས་ཚིག་བཟོ་སོར་གང་ཡང་འགྲོ་ས་མེད་པས་གནད་འདིས་ཀྱང་ཤེས་པར་གྱིས། ཕྱིས་སུ་པདྨ་དང་བློ་བཟང་གཉིས་ཀྱིས་བྲག་གཡབ་བླ་དགོན་གྱི་ལོ་རྒྱུས་ཞེས་པའི་ཤོག་གྲངས་བདུན་བཅུ་དོན་གཉིས་ལས། “རང་འགྲུབ་ཆུས་ཀྱི་ས་ཆ་རྨེར་ཆུ་འབབ་བརྒྱུད་དུ་དགོན་གནས་ས་ཁྱབ་རྡོ་ཁྱབ་ཏུ་དར་རྒྱས་བྱུང་བར་བརྟེན་བཤད་སྲོལ་ལའང་རྨེར་གཤིས་དགོན་ཚོ་བཅོ་བརྒྱད། ཕྱ་ཀོང་དུང་གཉིས་དང་ཉི་ཤུ་ཡོད་ཟེར། གདན་ས་ལྟེ་བ་ཤོ་དགོན་ནི་ད་ལྟ་རང་འགྲུབ་ཆུས་ཛོ་ཐང་ཤང་། མདོ་ལྷུ་ཚུན་དུ་ཤོ་དགོན་གྲོང་ཚོ་ཡོད་ས་དེར་ཡིན་ཞིང་”། ཞེས་སྨེར་གཤིས་དང་། རྨེར་གཤིས་གང་རུང་བྲིས། ད་དུང་ཁོང་གིས། “སྨེར་ཆུའམ་སྨར་ཆུ་བཅས་གློག། ”ཅེས་སྨེར་ཆུ་ནི་སྨར་ཆུ་ལ་བསྒྱུར་ཐབས་དང་སྨེར་གཤིས་ནི་སྨར་ཤོད་ལ་བསྒྱུར་ཐབས་འབད་བརྩོན་གནང་ཞིང་། དེའི་རྗེས་བྲག་གཡབ་ཀྱི་ལོ་རྒྱུས་ཕབ་ཤུལ་བ་འགའ་ཤས་ཀྱིས་པདྨ་དང་བློ་བཟང་གཉིས་ཀྱིས་སྨར་ཆུ་བཅས་ཁ་སྐད་གློག་པའི་སྒྲ་འདི་ལུང་དྲངས་ནས། སྨེར་གཤིས་སྨར་ཁམས་ཀྱི་འབྱུང་ཁུངས་ཡིན་ཞེས་འུར་བརྗོད་བྱས་ན། འོ་ན་ས་ངན་ཉག་བྲེ་ནི་ཉག་རེ་བ་མིང་ཐོགས་ཚད་ཀྱི་འབྱུང་ཁུངས་ཡིན་ཟེར་ན་ལན་ཅི་ཡོད། ཉག་རེ་བའི་ལོ་རྒྱུས་འགྲེལ་མཁན་ཚང་མས་སྨར་ཁམས་ཀྱི་ས་ཆུ་རི་གསུམ་གྱི་ཐ་སྙད་མང་པོ་ཞིག་ཉག་རེ་བའི་ཕྱོགས་སུ་འདྲུད་ཅི་ཐུབ་གནང་བར་མངོན་ཡོད།   སྨེར་གཤིས་ཀྱི་མིང་ཚིག་ནི་སྨར་གཤིས་བྲིས་པ་ནོར་འཁྲུལ་ཡིན་ཏེ། ཉག་རེ་སེ་བ་དང་། གྲགས་པ་རྒྱ་མཚོ། སྡེ་སྲིད། ཁམས་སྤྲུལ་ཀརྨ་བསྟན་འཕེལ་སོགས་ཀྱིས་སྨེར་གཤིས་བྲིས་པ་དང་ཡོངས་སུ་འགལ་བས་ཡིན། བླ་ཆེན་དང་མི་ཆེན་དག་གིས་སྨེར་གཤིས་བྲིས་པ་ནི་ནོར་འཁྲུལ་ཡིན་པར་ཐལ། ཁྱེད་ཚོའི་དགོངས་པ་དང་ཡོངས་སུ་འགལ་བའི་ཕྱིར། ཞེས་རྟགས་བཀོད་ན་ལན་ཅི་འདེབས་སམ། སྨེར་གཤིས་ལ་སྨར་ཚང་གི་དགོན་པ་ཡོད་པའི་རྒྱུ་མཚན་རྟགས་བཀོད་ན་ཁྱབ་པར་མེད་ལ། ཁྱེད་ཚོས་ལྷོ་རོང་ཆོས་འབྱུང་དང་། རག་མགོ་པའི་སྨར་ཚང་གདན་རབས། ཨ་འཛོམ་འབྲུག་རྒན་གསུམ་གྱིས་སྨར་ཤོད་བྲིས་པའི་ཚིག་དོན་གྱི་གོ་བ་མ་རྙེད་པས་ཡིན།

 ཤོ་དགོན་རང་འགྲུབ་དཔོན་ཚང་ལ་གྱུར་བར་འདོད་པར་དཔྱད་པ། པདྨ་དང་བློ་བཟང་གཉིས་ཀྱིས་བྲག་གཡབ་བླ་དགོན་གྱི་ལོ་རྒྱུས་བྲིས་པའི་ཤོག་གྲངས་བདུན་ཅུ་དོན་གསུམ་ལས། “སྨར་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་ཆོས་རྗེ་ཡེ་ཤེས་དངོས་གྲུབ་ནས། ཆོས་རྗེ་རིམ་པས་གདན་རབས་ཀྱིས་སྐྱོང་བ་ནས་མཐར་གདུང་རབས་དང་། དགོན་པ་དུད་ཚང་ངམ་དཔོན་ཚང་ལ་འགྱུར་ཏེ། བླ་དཔོན་སྦྲགས་མ་ད་ལྟ་ཡང་མི་ཚང་དང་། བུ་རྒྱུད་ཡོད་པ་ཕྱ་ཀོང་དུང་རྒྱུད་ཅེས། ནང་སོ་ཡས་མས་སམ་རང་འགྲུབ་དཔོན་ཚང་དང་། ནང་སོ་དཔོན་ཚང་ཞེས་པར་འགྱུར་སོང་ལུགས་ཤོད”། ཅེས་ཐོག་མ་བླ་མའི་མཚན་ལ་ཡེ་ཤེས་དངོས་གྲུབ་ཟེར་བ་འདི་ནོར་བ་ཡིན་ཏེ། ཆོས་རྗེ་སྨར་པ་སྐུ་བྱིས་དུས་བླ་མ་དགའ་བློས་ཀུན་དགའ་དཔལ་ཞེས་མཚན་གསོལ། བཀའ་གདམས་པའི་དགེ་བཤེས་སྒོམ་རྒྱ་བ་ཤེས་རབ་རྒྱལ་མཚན་དང་། བག་རེ་དགེ་བཤེས་ཤེས་རབ་གྲགས་པ་གཉིས་ལས་རབ་ཏུ་བྱུང་བའི་མཁན་པོའི་མཚན་ཟུར་ལས་དྲངས་ནས་ཤེས་རབ་ཡེ་ཤེས་ཞེས་གསོལ། རྗེ་ཕག་གྲུ་པས་གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་གསོལ། ཁོང་གིས་མགུར་འབུམ་དང་འཕྲིན་ཡིག་ཁག་གི་མཇུག་བྱང་དུ་ཤེས་རབ་ཡེ་ཤེས་སམ་མི་བསྐྱོད་རྡོ་རྗེ་གང་རུང་བྲིས་སྲོལ་མཛད། ཕྱིས་སུ་ཆོས་རྗེ་སྨར་པའི་མཚན་ལའང་ཡེ་ཤེས་དངོས་གྲུབ་དང་། ཤེས་རབ་སེངྒེ་། རིན་ཆེན་བློ་གྲོས། ཆོས་རྗེ་དམར་པ་ཞེས་ཞུ་བ་ནི་ལོ་རྒྱུས་ཁུངས་ལྡན་དང་ཡོངས་སུ་འགལ་ཞིང་མ་དག་རྒྱུན་འབྱམས་ཡིན་པ་ལས་མཚན་གྱི་རྣམ་གྲངས་མིན་པར་མཁྱེན་པར་མཛོད།

དེ་ནས་ཁྱོད་ཀྱིས་སྒྲུང་གི་རྒྱུན་རིང་ལྟར་བྱས་ན། སྨར་ཚང་བཀའ་བརྒྱུད་འདི་ཆོས་རྗེ་མིང་མེད་མཁན་ཞིག་གིས་བླ་རབས་དེ་གདུང་རབས་ལ་གྱུར་བ་དང་། ཤོ་དགོན་ནི་དུད་ཚང་ལ་བསྒྱུར་པ། དུད་ཚང་དཔོན་ཚང་ལ་བསྒྱུར་པ། དཔོན་ཚང་བླ་དཔོན་སྦྲགས་མ་ཞིག་ལ་བསྒྱུར་པ། བླ་དཔོན་སྦྲགས་མ་དེ་ནང་སོ་དཔོན་དང་རང་འགྲུབ་དཔོན་གཉིས་ལ་གྱུར་སོང་བའི་སྒྲུང་གཏམ་དགོད་བྲོ་མོ་འདི་རྒན་པོ་སུ་ཞིག་གི་ཁོག་ནས་གཏེར་སྟོན་པ་ཡིན་ནམ། ཁྲོད་འདིར་པདྨ་དང་ཇོ་སྲས་མཐུན་མོང་ལ་དྲི་བ་འདི་དྲིས་ན་འདོད། སྨར་ཚང་བཀའ་བརྒྱུད་བླ་རབས་ནས་རིམ་པ་མང་པོ་རྒྱུན་ནས་མཐར་རང་འགྲུབ་དཔོན་ཚང་ལ་གྱུར་བར་ཁས་ལེན་འདི་དང་། ཤོ་དགོན་གཏན་ནས་མེད་པའི་སྔོ་རོལ་ཏུ་རང་འགྲུབ་དཔོན་ཚང་ལ་སྨར་པ་འཁྲུངས་པར་འདོད་པ་གཉིས་ནང་འགལ་རི་ལས་ཆེ་བ་མ་ཡིན་ནམ། ཆོས་རྗེ་སྨར་པ་རང་འགྲུབ་དཔོན་ཚང་ལ་འཁྲུངས་པ་མི་འཐད་པར་ཐལ། ཆོས་རྗེ་སྨར་པ་འདས་ནས་ལོ་རབས་མང་པོའི་རྗེས་བླ་དཔོན་སྦྲགས་མ་ཞིག་དུད་ཚང་གྱུར་བ་ལས་རང་འགྲུབ་དཔོན་ཚང་ཟེར་བ་ཞིག་བྱུང་ཡོད་པའི་ཕྱིར། རྟགས་འདི་ལ།  སྒྲུང་འགོ་རྩོམ་མཁན་པདྨ་དང་སྒྲུང་མཇུག་བསྡུར་མཁན་ཇོ་སྲས་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་ལན་ཐོབ། ཡང་ན། བླ་རབས་གདོང་རབས་ལ་གྱུར་བའི་རྒྱུན་རིམ་མང་པོ་ལས་རང་འགྲུབ་དཔོན་ཚང་བྱུང་བར་མི་འཐད་པར་ཐལ།  ཆོས་རྗེ་སྨར་པ་སྐྱེ་བ་མ་བླངས་སྔོན་ནས་རང་འགྲུབ་དཔོན་ཚང་ཡོད་པའི་ཕྱིར། ཞེས་རྟགས་འདི་ལ་ཉག་རེ་བ་སུས་ལན་འདེབས་སམ། འདི་ན་མགོ་རུལ་བར་སྣ་ཡིས་ཚོར་བར་ཐག་གིས་ཆོད།

     Description: Machintosh HD:Users:cg:Desktop:IMG_7755.JPGDescription: Machintosh HD:Users:cg:Desktop:IMG_7754.JPGDescription: Machintosh HD:Users:cg:Desktop:17.JPG

                   མདོ་ལྷུ་རི་ལ་དུད་ཚང་སྟོང་པ་རྣམས་ཀྱི་གྱང་རོ་དང་དུད་གསར་ཆགས་ཀྱི་པར།

མདོ་ལྷུ་རི་ལ་དུད་གསར་བཟུང་བྱས་ནས་སྟོང་སོང་བར་ཐེངས་འགའ་ཤས་བྱུང་ཡོད་པའི་གྱང་རོ་དང་། ད་ལྟ་དུད་གསར་བཟུང་གཅིག་གཉིས་ཙམ་ལས་ཤོ་དགོན་གྲོང་ཚོ་ཞིག་མིག་གིས་ཡུལ་དུ་མི་སྣང་ངོ་། ། འདི་མཁྱེན་དགོས་པ་ཞིག་ལ། སྨར་ཚང་བཀའ་བརྒྱུད་ནི་ས་རྡོ་ཞིག་དང་། ཡང་ན་དགོན་ཤུལ་ཞིང་། རུས་རྒྱུད་འཛིན་པའི་བུ་རྒྱུད་ཅིང། དབང་བསྐུར་རོ་སྲེག་བྱས་པའི་བླ་མ་ཞིག་ཡིན་པར་ངོས་བཟུང་ནས་ཤོད་ན་ནོར་བ་ཡིན། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ནི་ཆོས་རྗེ་སྨར་པས་སྲོལ་བཏོད་པའི་ལྟ་སྤྱོད་སྒོམ་གསུམ་ལས་བྱུང་བའི་བཤད་སྒྲུབ་གཉིས་པོ་དེ་ཡིན། དེ་ལྟ་བུའི་བཤད་སྒྲུབ་གཉིས་པོ་གང་དུ་དར་བའི་ཡུལ་ལ་སྨར་ཚང་བཀའ་བརྒྱུད་ཡོད་པ་ཡིན། དེ་ལྟ་བུའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁུར་མཁན་ནི་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་འཛིན་ཡིན་པར་མཁྱེན་པར་མཛོད། པདྨ་དང་བློ་བཟང་གཉིས་ཀྱི་བྲག་གཡབ་བླ་དགོན་གྱི་ལོ་རྒྱུས་ཤོག་གྲངས་བདུན་བཅུ་དོན་བཞི་ལས། “དགོན་པ་རིམ་རྒུད་གྲོང་དང་འདྲེས་མར་གྱུར་པ་ཞིག་ཀྱང་དགོན་ཁང་རྟེན་དང་བཅས་པ་དམངས་གཙོ་བཅོས་བསྒྱུར་སྐབས་བར་ཡོད་པ་རྩིས་བཞེས་གནང་ལུགས་ དང་། རིགས་གནས་གསར་བརྗེ་སྐབས་རྩ་བཤིགས་སོང་ནས་ད་ལྟ་གྱང་རོ་རྗེས་ཤུལ་ཙམ་ཡིན་ཚུལ་ས་ཕྱོགས་དེའི་མིས་བཤད་བྱུང་”། ཞེས་པ་འདི་དང་ཤོ་དགོན་རིམ་པ་མང་པོར་རྒྱུན་ནས་དུད་ཚང་གྱུར་རབས་ཤོད་མ་ཐག་པར། རིགས་གནས་གསར་བརྗེའི་བར་དགོན་ཁང་རྟེན་དང་བཅས་པ་ཡོད་ཚུལ་བཤད་པ་གཉིས་ནང་འགལ་ཆེན་པོ་ཞིག་ཏུ་གྱུར་བས།  འོ་ན། ཤོ་དགོན་དུད་ཚང་ལ་གྱུར་མེད་པར་ཐལ། དགོན་ཁང་རྟེན་དང་བཅས་པ་རིག་གནས་གསར་བརྗེའི་བར་ཡོད་པའི་ཕྱིར། ཞེས་རྟགས་འདིས་བྲག་གཡབ་ཨ་ཕོ་ཚོ་ཀླད་པ་ཚ་པོ་ཆགས་སོང་ངམ། གཞན་ཡང་ཁསམས་སྤྲུལ་ཀརྨ་བསྟན་འཕེལ་གྱི་རང་རྣམ་ལས། “བཟའ་བཏུང་དགའ་རབ་རྙེད་ཀྱང་འགྲུལ་གྱི་སུན་པས་སྡོད་གནས་དབེན་ཞིང་འཚེ་བ་མེད་པའི་ས་ཁུལ་ཞིག་བྱུང་ན་རྒྱང་ཙམ་སྡོད་རྩིས་ཀྱིས་འོ་འཛོམ་འགོར་ཕྱིན། གྱང་རོ་འདུག་པ་བདག་པོས་འཛིན་མཁན་ཡོད་དམ་མེད་རྩད་བཅད་པས་འདི་ལ་སུས་ཀྱང་བདག་འཛིན་བྱེད་མཁན་མེད། སྔར་སྨར་ཚང་བཀའ་བརྒྱུད་དར་རྒྱས་འཛོམས་དུས་ཀྱི་དགོན་གནས་སུ་འདུག་ཅེས་གླེང་བས་རྟེན་འབྲེལ་ལེགས”། ཞེས་གསུངས་པ་ལ་བལྟས་ན། རིགས་གནས་གསར་བརྗེའི་བར་དགོན་ཁང་རྟེན་དང་བཅས་པ་ཡོད་ན་བདག་ཏུ་འཛིན་མཁན་ཡོད་དགོས་ལ། ཤོ་དགོན་ཕྱག་བཏབ་ནས་ལོ་བཞི་བརྒྱ་བཅུ་མེད་དགུ་ཡན་མན་ཙམ་ལ་ཁམས་སྤྲུལ་ཀརྨ་བསྟན་འཕེལ་གྱིས་དངོས་སུ་མཐོང་བའི་ཡུལ་དེ་གྱང་རོ་ཙམ་ལས་བདག་གིར་འཛིན་མཁན་མི་འདུག་གསུངས་པ་དང་ཡོངས་སུ་འགལ་བར་གྱུར། འོ་ན། དགོན་ཁང་རྟེན་དང་བཅས་པ་ཡོད་ཟེར་བ་རྫུན་གཏམ་ཡིན་པར་ཐལ། ཁམས་སྤྲུལ་ཀརྨ་པ་བསྟན་འཕེལ་ས་དེར་ཕེབས་དུས་གྱང་རོ་ཙམ་ལས་བདག་གིེར་འཛིན་མཁན་མེད་པའི་ཕྱིར། རྟགས་འདིར་བཀྲ་ཤིས་ཚེ་རིང་གིས་ལན་ཅི་འདེབས་སམ། ཁམས་སྤྲུལ་བདེན་པ་མ་རེད་ཟེར་ན། ཁྱེད་ཀྱིས་སྔ་དྲོ་རྒྱབ་སྐྱོར་དུ་ལུང་དྲངས། ཕྱིས་དྲོ་རྫུན་ཁུངས་སུ་དྲངས་ནུས་སམ། གདན་ས་ཤོ་དགོན་གྱི་ཁོར་ཡུག་ལ་རང་འགྲུབ་དང། སྨར་ཤོད། མདོོ་ལྷུ། ཤོ་དགོན་ཟེར་བའི་མིང་ཚིག་འདི་དག་དེའི་ཚེ་དེའི་དུས་ནས་ཡོད་ན། ཁམས་སྤྲུལ་གྱིས་ཐ་སྙད་རྣམས་གཅིག་ཀྱང་མ་བྲིས་པར་འོ་འཛོམ་འགོར་ལ་ཕྱིན་པ་ཡིན་ཞེས་ཅི་ཕྱིར་བརྗོད་པ་ཡིན་ནམ། གལ་ཆེ་བའི་གནས་དོན་འདི་དག་ལ་ཐེ་ཚོམ་སྤུ་ཙམ་མེད་པར་རལ་གྲི་གནམ་གཡུག་གིས་ཚིག་ཐག་བཅད་པར་མི་རུང་བར་ཤེས་པར་གྱིས། འདིར་སྨྲས་པ།

  ལོ་རྒྱུས་ངན་པར་གོམས་པའི་སྐྲན་ནད་ཀྱིས། །སྙིང་ཁམས་ན་ཟུག་ལོང་བའི་སྐྱེས་བོ་ལ། །

 རིགས་འཕྲུལ་སྨན་པའི་རྒྱལ་པོ་ང་ཡིན་པས། །དཀར་པོ་ཆིག་ཐུབ་རིག་པས་གསོ་བར་བགྱི། །ཞེས་ངོལ་བསོས་པའི་གཏམ་མོ། །འགའ་ཞིག་གིས་ཨུ་ཚུགས་བརྒྱབ་ནས་ཉག་རེ་སེ་བ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ནང་དུ་ཚུད་ཐབས་བྱས་པའི་དམིགས་ཡུལ་གང་ཡིན་མུ་མཐུད་ནས་དཔྱད་པར་བྱ། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་རྗེས་འབྲང་ཞིག་ཡིན་ན། ཆོས་རྗེ་སྨར་པས་སྲོལ་བཏོད་པའི་ཆོས་ཚུལ་ལ་ཐོས་བསམ་སྒོམ་གསུམ་གྱི་ལམ་དུ་ཞུགས་དགོས་པས། ཉག་རེ་སེ་བས་སྨར་པའི་མདུན་ནས་གདམས་ངག་ཞུ་བའི་ལོ་རྒྱུས་གང་དུ་ཡང་མེད། གྲུབ་ཆེན་ཉག་རེ་སེ་བས་སྨར་པ་ངེད་གཉིས་བུ་སྤུན་ཚུལ་ཞེས་དང་། མཆེད་གྲོགས་སྨར་པ་ཞེས་པ་ལ་འགྲེལ་བཤད་ཇི་ལྟར་དགོས་སམ།  དོན་དངོས་ཉག་རེ་སེ་བའི་ལོ་རྒྱུས་དང་ཡོངས་སུ་འགལ་བ་མ་ཚོར་རམ། ཡང་བྲག་གཡབ་བ་ཞིག་གིས་ཉག་རེ་སེ་བ་ཕག་གྲུ་བཀའ་བརྒྱུད་ཡིན་པ་ལས་སྨར་ཚང་བཀའ་བརྒྱུད་མ་ཡིན་ཞེས་ཨུ་ཚུགས་བརྒྱབ་ནས་སྒྲུབ་ཅི་ཐུབ་བྱས་པ་ཞིག་ཀྱང་སྣང་། གཏམ་དཔེར་ལ། སྤྲང་པོས་ལ་ཁའི་རྩྭ་རྩོད་དེ། རྩྭ་ཟ་རྒྱུ་མེད་པས་སྟོང་རྩོད་རེད། ཟེར་བ་ལྟར་མིང་རྐྱང་སྟོང་རྩོད་འདི་བཞག་ནས་ཉག་བྲེ་བས་སྨར་ཚང་བཀའ་བརྒྱུད་ཀྱི་དགོན་ཤུལ་རྣམས་སྐྱར་གསོ་བྱས་ནས་སྨར་ཚང་བཀའ་བརྒྱུད་བྱེད་འདོད་ན། སྨར་ཚང་བཀའ་བརྒྱུད་ལས་ཁུངས་ཀྱིས་དགའ་བསུ་དང་འབྲེལ་རྒྱུ་གྲོན་སྦྱར་རྒྱུའི་གྲལ་སྒྲིག་ཨང་གསར་ཡོད།

     Description: Machintosh HD:Users:cg:Desktop:21.JPGDescription: Machintosh HD:Users:cg:Desktop:IMG_1286.JPGDescription: Machintosh HD:Users:cg:Desktop:24.JPG

           ཙོམ་མདོ་དགོན་གྱི་མདུན་རྒྱབ་ཀྱི་པར་དང་ད་ལྟ་རྒྱལ་ཁྲི་དགོན་པའི་མཚམས་པའི་པར།

གཉིས་པ་ཙོམ་མདོ་གནས་གསར་དགོན་པའི་གནས་ཤུལ་ལ་དཔྱད་པ། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་རྗེ་འགྲོ་མགོན་རིན་ཆེན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་༡༡༧༠་དབྱར་ཟླ་དང་པོ་ཚེས་གཅིག་ལ་སྨར་ཁམས་སྟག་ར་བ་རིན་ལྡན་ཚང་གི་ཁྱིམ་དུ་ཡབ་ནོར་བཟང་ལྷ་རྒྱས་དང་ཡུམ་པདྨ་ཆོས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  རྗེ་འདི་དགུང་ལོ་བཅུ་གསུམ་སོན་དུས་བཀའ་གདམས་གསེར་ཏོག་དགོན་གྱི་ཆོས་སྒོར་ཞུགས་ནས་དགེ་བཤེས་ཡེ་ཤེས་འོད་ཟེར་དང་། དར་མ་རིན་ཆེན་གཉིས་ལས་རབ་ཏུ་བྱུང་བས་མཚན་རིན་ཆེན་ནོར་བུ་གསོལ། བླ་མ་དེ་གཉིས་ལས་མདོ་གཞུང་དང་གསོ་བ་རིག་པ་སོགས་སྦྱངས་པར་བྱང་ཆུབ་པར་མཛད། དགུང་ལོ་ཉི་ཤུ་ལ་གསང་ཕུ་ནེའུ་ཐང་དུ་ཕེབས་ནས་དགེ་བཤེས་ཕྱྭ་བ་ཆོས་ཀྱི་སེངྒེ་དང་། དགེ་བཤེས་གླན་རྒྱལ་བ་སོགས་ལས་ཆོས་མང་དུ་གསན། འཇིག་རྟེན་མགོན་པོ་དང་། དུས་མཁྱེན། ཤཱཀྱ་ཡེ་ཤེས་སོགས་ལས་བསྙེན་པར་རྫོགས། ཉང་རལ་ཉི་མ་འོད་ཟེར་གྱིས་ལུང་བསྟན་ལས། “ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་སྨར་པ་ཡིན་པས། འདིའི་ཞབས་ལ་གཏུག་ནས་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་འཁྲུངས། བཀའ་བརྒྱུད་པའི་བསྟན་པ་འཛིན་པའི་བུ་ཆེན་ཞིག་ཏུ་འགྱུར། ཁྱོད་ཀྱི་འདུལ་སྐལ་ཡང་དེ་ན་ཡོད”། ཅེས་ལུང་བསྟན་པས་སླར་སྨར་ཁམས་སུ་བཞུད་ནས་ཆོས་རྗེ་སྨར་པའི་ཞབས་ལ་གཏུགས་པས་སྲས་ཀྱི་ཐུ་བོ་ཞིག་ཏུ་གྱུར། ཕྱི་ལོ་༡༢༠༠་ལོར་འབྲི་ཟླ་གཉིས་ཀྱི་བར་ཆགས་པའི་སྨར་ཁམས་རུ་ཤོད་ཀྱི་ཁྱབ་ཁོངས་ཙོམ་མདོ་ཞེས་པའི་གནས་རི་ནོར་བུ་སྤུངས་པ་ལྟ་བུ་འདིར་དགོན་པ་བཏབ། གནས་མིང་དགོན་ལ་ཐོག་ནས་ཙོམ་མདོ་དང་ཤོ་དགོན་ལ་ལྟོས་ནས་གནས་གསར་ཡིན་པས་ཙོམ་མདོ་གནས་གསར་དགོན་པ་ཞེས་ཡོངས་སུ་གྲགས། གདན་ས་འདིར་བཀའ་བསྟན་མང་པོ་ཡོད་པས་ཙོམ་མདོ་གཙུག་ལག་ཁང་ཞེས་བྲིས་སྲོལ་ཡང་ཡོད། ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཞེས་མཚན་སྙན་གྱི་ཆོས་དུང་མ་བོས་རང་གྲགས་སུ་གྱུར།  གདན་ས་འདིར་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་དགེ་འདུན་ཁྲི་ལ་ཉེ་བར་བྱུང་། ཙོམ་མདོ་ཞེས་པའི་མིང་ཟུར་ཆགས་ནས་ཙེ་མདོ་ཞེས་བོས་སྲོལ་གྱུར་འདུག་ཀྱང་། ཙོམ་མདོ་དགོན་པའི་གནས་ཤུལ་འདི་ཉིད་ཡིན་པའི་སྒྲུབ་བྱེད་རེ་རེ་བཞིན་དྲངས་པར་བྱ་སྟེ། ཙོམ་མདོའི་གདན་རབས་ཀུན་བཏུས་ལས།  “འགྲོ་མགོན་རིན་པོ་ཆེན་དཔྱིད་ཟླ་འབྲིང་པོའི་ཚེས་བཟང་ལ། སྨར་སྨད་ཟླ་ཆུའི་བརྒྱུད་ན་བཞུགས་པའི་སློབ་དཔོན་ཆེན་པོ་དྲིལ་བུ་པའི་གནས་མཇལ་དུ་བཞུད”། ཅེས་དུས་རབས་དེར་སྨར་ཁམས་ཞེས་པའི་ཐ་སྙད་ནི་ད་ལྟའི་སྨར་ཁམས་ཀྱི་ས་ཁྱོན་ཡོངས་ལ་ཁྱབ་ཡོད་པར་གསལ་བར་མངོན་ཡོད། གྲུབ་ཆེན་དྲིལ་བུ་པའི་རང་འཁྲུངས་ནི་སྨར་ཁམས་ཧུ་ལ་ཕྱོགས་སུ་ཡོད། འགྲོ་མགོན་རིན་ཆེན་གྱིས་དྲིལ་བུ་པ་ལ་བསྟོད་རྩོམ་འདི་ལྟར། “ཇི་རྙེད་ཐུགས་སུ་ཆུད་པའི་མཆི་ལྡན་གྱིས།། བསྐྱེད་རྫོགས་ཉམས་ཀྱི་གཡུ་རལ་རབ་རྫིག་སྟེ། །རྫུ་འཕྲུལ་གར་གྱིས་མཁའ་ལ་གཤེགས་བཞིན་དུ། །འགྲོ་འདུལ་ལུང་བསྟན་ཧེ་རུ་ཀ་པར་འདུད། །བསིལ་ལྡན་གངས་རིའི་གླང་པོའི་ཚལ་ཕྲེང་གི །མངའ་བའི་སྨན་ལྗོངས་ཤཱཀྱའི་བསྟན་སྲོལ་གྱི། །རིང་ལུགས་དར་བའི་ལྷུན་འགྲུབ་ཁམས་ཀྱི་སྒང་། །སྨར་ཡུལ་བཞུགས་པའི་ངོ་མཚར་སྲིད་ན་དཀོན”།། ཞེས་སོགས་བསྟོད་པར་མཛད། ཙོམ་མདོའི་གདན་རབས་ལས། “སྨར་སྨད་རོང་པ་མི་རྣམས་དད་པའི་ས་ལ་བཀོད། ཡར་ལམ་འགྲོ་མགོན་རིན་ཆེན་སྨར་སྟོད་ཙོང་ཤོད་ལ་བྱོན། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གནས་ཁྱད་དུ་འཕགས་པ་དེར་མཇལ་དུ་བཞུད”། ཅེས་པའི་ཚིག་དོན་འདིས་ཧུ་ལ་ནས་སྨར་ཁམས་ཙོང་ཤོད་གནས་མགོ་ལ་བྱོན་པ་བསྟན། ཕྱིས་སུ་སྤང་མཁན་ཆེན་ཡང་ཧུ་ལ་ཕེབས་ཡོད་དེ། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དེ་ནས་ཧུ་ལ་ཡུལ་དུ་ཕྱིན་ཙ། ཧུ་ལ་མི་དྲགས་ཤོལ་གཅིག་གཉིས་པ་ཡང་མ་ཡིན་ཙ”། ཞེས་གསུངས།  ཡང་སྤང་མཁན་ཆེན་གྱི་རྣམ་ཐར་ལས། “རྟོགས་ལྡན་ཡོན་འོད་པས། གཙང་མདོ་དགོན་ན་ཤིང་མོ་གླང་གི་ལོ་ལ་ཚུལ་བཀྲ་བ་དཔོན་སློབ་རྣམས་ལ་སྔ་ཕྱི་ལན་གཉིས་སུ་འབྲི་ལ་གཉིས་སྟོང་གི་རྒྱུ་བསྐུར་ནས”། ཞེས་གཙང་མདོ་བྲིས་པ་མིང་ཚིག་མ་དག་པ་ཡིན་ཏེ་སྤང་མཁན་ཆེན་གྱི་རྣམ་ཐར་དེ་ཉིད་ལས། “རིན་པོ་ཆེ་ཙོམ་མདོ་ལ་བྱོན་པ་ན་གཟིམས་གཡོག་པ་བྱས་ནས་སོང༌”། ཞེས་པ་འདིས་ཁུངས་སྐྱེལ་བྱས་ཡོད། ཙོང་ཤོད་ལ་ད་ལྟ་གཙོང་གཤིས་བྲིས་སྲོལ་འདུག་ཀྱང་བརྗོད་གཞི་འདི་རྟོགས་སླ་བའི་ཕྱིར་གདན་རབས་ནང་གང་བྲིས་པ་ལྟར་འབྲི་རྒྱུ་ཡིན། ཙོམ་མདོ་གདན་རབས་ལས། “ཙོང་སྟོད་གྲོང་འགོ་དཔོན་དང་ཙོང་སྨད་གླང་སྡེ་དཔོན”། ཞེས་དང་།“ཙོང་སྨད་བྱང་ཆུབ་དགོན་དང་། ཙོང་སྟོད་འབུམ་དགོན་གཉིས་བཏབ”། ཅེས་ཙོང་རོང་ལ་ཁ་སྐད་དུ་བྱ་ཆུང་དགོན་ཞེས་པའི་ཤུལ་དེར་ཡིན་པར་ངེས། ཙོང་ཤོད་འབུམ་སྟེང་ལ་དགོན་གྱི་རྗེས་ཤུལ་ཙམ་དང་ཁ་སྒྲུང་ལའང་དགོན་པ་ཞིག་ཡོད་ཚུལ་གླེང་བ་ལྟར་ཡིན་སྲིད། འགྲོ་མགོན་རིན་ཆེན་ཙོང་ཤོད་ནས་ཁོང་གི་ཕ་ཡུལ་སྟག་ར་གསེར་ཏོག་དགོན་གྱིས་གདན་དྲངས་པས་བྱོན། དེ་ཡང་ཙོམ་མདོའི་གདན་རབས་ལས། “དེ་ནས་བཀའ་གདམས་གསེར་ཏོག་དགོན་གྱིས་གདན་དྲངས། དགེ་བཤེས་དར་མ་རིན་ཆེན་དང་། ཡེ་ཤེས་འོད་ཟེར་གཉིས་ཀྱི་གདུང་རྟེན་ཆེན་པོ་རེ་བཞེངས”། ཞེས་པ་འདིས་ཙོང་སྟག་གཉིས་ས་འབྲེལ་ཡིན་པས་སའི་གནས་བབས་དང་ལོ་རྒྱུས་ཡོངས་སུ་མཐུན་ཡོད་པས་ལོག་འགྲེལ་བྱ་ཡུལ་དབེན་པའི་ཕྱིར་རོ།། འགྲོ་མགོན་རིན་ཆེན་འཁྲུངས་ཡུལ་དང་དགོན་པར་ཞལ་བྲལ་ནས་ལོ་དུས་མང་པོར་སོང་བས། དགེ་བཤེས་གཉིས་སྐུ་གཤེགས་ཟིན་པས་གདུང་རྟེན་ལ་རབ་གནས་མཛད་དུས་མི་རྟག་དྲན་བསྐུལ་འདི་མཛད། “དབྱིངས་རིག་འོད་གསལ་མེ་ལོང་ལ། །འགྲོ་འོང་ལྟད་མོ་སྒྱུ་འཕྲུལ་འདིས། །སྣང་འཆར་རིམ་འགག་འདི་འོ་ཞེས། །ཚད་འཛིན་གཏན་སོ་ཡེ་ནས་བྲལ།། བདེ་གཤེགས་མངོན་བྱོན་བླ་མ་རྗེའི། །གསེར་ཞལ་མཇལ་བའི་སྐལ་བ་ནི། །མི་རྟག་གློག་གི་འོད་བཞིན་ཡལ”། །ཞེས་བླ་མ་གཉིས་བདེ་བར་གཤེགས་པས་ཐུགས་སྐྱོ་སྣང་དང་མི་རྟག་དྲན་བསྐུལ་འདིའི་ནང་དོན་གཏིང་ཟབ་མོ་ཡིན་པར་ཚོར། ཡུལ་དེར་ཟབ་ཆོས་མང་པོ་གསུངས་ཤིང་རྟོགས་ལྡན་རྣམས་ལ་རྟོགས་རྒྱུག་གྲུབ་ནས་འགྲོ་མགོན་རིན་ཆེན་གྱིས་ཉམས་མགུར་འདི་ལྟར། “ནམ་མཁའ་དབྱིངས་ཀྱི་བྱ་རྗེས་ལ། །བཟུང་མཐོང་བྲལ་བས་འཇུས་སུ་མེད། །བརྗོད་མེད་འོད་ཀྱི་ཀློང་སེམས་སུ། །བྱ་བྱེད་འཐད་ན་དོན་རྟོགས་མིན”། །ཞེས་ཟབ་ཅིང་སྙན་འཇེབས་ལྡན་པ་འདི་དག་མཇལ་དུས་གངས་ཅན་མཁས་པའི་གཙུག་རྒྱན་ས་སྐྱ་པཎ་ཆེན་གྱིས་ཁོང་ལ་བསྟོད་བསྔགས་མཛད་པའི་ཡོན་ཏན་གྱི་བྲོ་བ་རྣམས་སེམས་གཏིང་ནས་རོལ་ཐུབ་ཀྱིན་ཡོད། འདིར་ཅུང་ཟད་འགྲེལ་ན་འདོད། སྟོང་པ་ཉིད་ཀྱི་དཔེར་ནི་ནམ་མཁའ་ལ་སྦྱར། རིགས་པས་དཔྱོད་ངོར་རྙེད་དུ་མེད་པའི་དཔེར་ནི་ནམ་མཁའ་ལ་བྱ་འཕུར་ཡང་རྗེས་མི་སྣང་བ་ལ་སྦྱར། སྟོང་པའི་དཔེེར་ནི་བརྗོད་མེད་ལ་སྦྱར། ཡེ་ཤེས་ཀྱི་དཔེར་ནི་འོད་ལ་སྦྱར། སྟོང་པ་དང་དེ་རྟོགས་པའི་ཡེ་ཤེས་གཉིས་ཟུང་འཇུག་གི་དཔེར་ནི་ཀློང་ལ་སྦྱར་ནས། རྟོགས་བྱ་སྟོང་པ་དང་རྟོགས་བྱེད་ཡེ་ཤེས་གཉིས་ཐ་དད་མེད་པར་ཀློང་སེམས་ཀྱི་ངོར་རོ་གཅིག་ཏུ་ཤར་ན་སྟོང་པ་ཉིད་རྟོགས་པ་ཡིན། ཀློང་སེམས་ཀྱི་ངོར་འདི་ཡིན་འདི་མིན་གྱི་བྱ་བྱེད་འཐད་ན་དོན་དམ་སྟོང་ཉིད་ཀྱི་གནས་ལུགས་རྟོགས་པ་མིན། ཞེས་སྟོང་པ་ངོ་སྤྲོད་འདི་ཅི་འདྲ་གཏིང་ཟབ་ཅིང་སྙམ་པ་ཞིག་འདུག་སྙམ་ནས་ཡང་ཡང་གློག་ཤོར་གྱིན་ཡོད། ཙོམ་མདོ་གདན་རབས་ལས། “སྟག་ར་འབྲོག་པའི་ཕྱུགས་ལ་འབྲུམ་བུའི་ནད་ཡམས་ཚབ་ཆེན་བྱུང་། ཕྱུགས་ནད་མི་ནད་ཐམས་ཅད་ལ་གསོ་སྨིན་གྱིས་གྲོལ་བར་མཛད། དེ་ཡོད་རྡོ་རྗེ་སེམས་པའི་མེ་ཏོག་འདུས་ར་བཞུད”། ཅེས་དང་། “ལོ་ལེགས་འབྲུ་འཕེལ། ཆར་ཆུ་དུས་བདེའི་ཡུལ་དུ་གྱུར། འགྲོ་བ་མང་པོ་ངེས་དོན་བཀའ་བརྒྱུད་ཀྱི་བསྟན་ལ་ཞུགས། སྨོན་གྲོ་དབང་བཞི་ཡི་ཟུང་འཇུག་བརྙེས། ཕྱག་ཆེན་བདུད་རྩི་ཡིས་ཤེས་རྒྱུད་བརླན། མཐོན་པོ་འདུལ་བའི་དཔའ་བོ། སྨད་མོ་མགོན་པའི་ཕ་མ་བཞིན་དུ་གྱུར། སླར་ཡང་ཙོམ་མདོ་གནས་གསར་དགོན་དུ་བཞུད་ལམ། སྨར་སྟོད་ཁྱུང་འབུམ་ལ་བྱོན། རྫོང་འགོ་དགོན། བུམ་ར་དགོན། ཡང་རི་དགོན། ཧ་ཆེན་དགོན་བཅས་དགོན་ཆུང་རྣམས་བཏབ། དགོན་ལག་ཐམས་ཅད་ལ་ཆོས་རྗེ་སྨར་པ་དང་། དགེ་བཤེས་དར་མའི་སྣང་བརྙན་རེ་བཞེངས། ཁྱུང་འབུམ་རི་རྒྱལ་དཔོན་གྱིས། ཉེས་མེད་ཁྲིམས་བཅད་ཀྱིས་གསོད་གཏུབ་དང་། མནའ་གཟན་མནར་སྤྱོད་ཀྱིས་ལས་ངན་སྤེལ། ལས་འབྲས་གོ་ལྡོག་གིས་བདེ་སྐྱིད་དཀྲུགས། འགྲོ་མགོན་རིན་ཆེན་གྱིས་དཔོན་དབང་ཐམས་ཅད་བསྡུས། དགོན་གྱི་མཁན་པོ་ཚུལ་ཁྲིམས་ལ་བསྩལ། སྡེ་འབངས་མཐའ་ནས་སྐྱོང་དགོས་ཞེས་སླབ་བྱ་ཡང་མཛད། སྟོན་ཟླ་བའི་ཚེས་ལྔར་ཙོམ་མདོ་གནས་གསར་གྱི་གཙུག་ལག་ཁང་དུ་བྱོན། དགོན་འདུན་པ་བརྒྱ་ཕྲག་དུ་མས་རོལ་སིལ་དུང་རྒྱག་གིས་གདན་དྲངས”། ཞེས་སྟག་ར་ནས་ཙོམ་མདོ་དགོན་དུ་ཕེབས་ལམ་ལ་ཁྱུང་འབུམ་དུ་ལམ་འགྲོས་ཏག་ཏག་ཁེལ་བས་ཡིན། ཁྱུང་འབུམ་ལ་གོང་ཞུས་དགོན་པ་རྣམས་ཀྱི་ཤུལ་ད་ལྟའང་གསལ་ལེ་མངོན་ཞིང་། རྫོང་འགོ་ནས་ཕར་ཙོམ་མདོ་ལ་ཐད་ཀའི་འགྲོས་ལམ་གྱི་ས་བབས་དང་ལོ་རྒྱུས་ཡོངས་སུ་མཐུན་ཡོད། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “རྫོང་འགོ་བ་”ཞེས་འདི་གོང་དུ་ཙོམ་མདོ་གདན་རབས་ལས་རྫོང་འགོ་དགོན་པ་ཡིན་པར་ངེས། “སྨར་གྱི་རྫོང་ཐོག་དགོན་རྣམས་སུ་བུམ་ཁ་རེ་རེ་བཙུགས”། ཞེས་པ་འདི་དཔྱད་བཞིན་པ་ཡིན། ལོ་རྒྱུས་འདི་དག་གིས་ཙོམ་མདོ་གནས་གསར་དགོན་པ་གང་དུ་ཡོད་མེད་ཕར་འཚོལ་མི་དགོས་པར་ཚུར་ཁ་གྲག་པ་འདྲེན་བྱེད་མིག་གིས་མཐོང་བ་ཞིག་ཡོད། དེ་ནས་ས་སྐྱ་པཎ་ཆེན་གྱིས་འགྲོ་མགོན་ལ་སྤྲིང་ཡིག་དང་པོ་འབྱོར་བའི་དུས་ཁེལ་བ་སྟེ། ཙོམ་མདོ་གདན་རབས་ལས། “ས་པཎ་གྱིས་འགྲོ་མགོན་རིན་ཆེན་ལ་འཕྲིན་ཡིག་དང་། བཟོ་གནས་གསེར་གྱིས་བྲིས་པའི་ཕར་ཕྱིན་སུམ་བརྒྱ་པ་ཞིག་མཆོད་རྟེན་དུ་བསྐུར”། ཞེས་གསུངས་པ་ལྟར། ས་སྐྱ་པཎ་ཆེན་གྱིས་འགྲོ་མགོན་རིན་ཆེན་ལ་སྤྲིང་ཡིག་ལས། “དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་རབ་གང་བ། གྲུབ་པའི་གནས་མཆོག་ཤོ་དགོན་དབེན་གནས་སུ། །བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་ཕུལ། །དཔལ་ལྡན་ས་སྐྱ་པཎྡི་ཏས་ཞིང་ཁམས་རྣམ་པར་དག་པ། ཤར་ཕྱོགས་ཀྱི་རྒྱུད་ས་གཞི་དགོས་འདོད་འབྱུང་བ་སྨར་ཁམས་ཀྱི་ཆ། ཆུ་ཀླུང་དལ་གྱིས་འབབ་པ་ཟླ་ཆབ་དཀར་མོའི་ངོམས”། ཞེས་སོགས་ཀྱི་སྤྲིང་ཡིག་འབྱོར། པཎ་ཆེན་དང་འགྲོ་མགོན་གཉིས་ཀྱི་བར་འབྲེལ་མཐུན་སྦྱར་མཁན་སྟོན་པ་ཚུལ་ཁྲིམས་གཞོན་ནུ་ཡིན་པར་ངེས་ཏེ།  སྤྲིང་ཡིག་དེ་ཉིད་ལས། “ངེད་ཀྱི་བུ་སློབ་རྣམས་ཀྱི་བདག་གཉེར་མཛད་ཅིང་། བསྟན་པའི་སྲོག་ཤིང་དུ་བཞུགས་ནས་ས་སྐྱ་པ་དང་ཁྱད་མེད་དུ་མཛད་བྱ་བ་ཁྱེད་རང་གི་སློབ་མ་སྟོན་པ་ཚུལ་གཞོན་དག་ལས་ཐོས། དེ་ལ་དགའ་ཞིང་རྗེས་སུ་ཡི་རངས”། ཞེས་དང་། ཙོམ་མདོའི་གདན་རབས་གཉིས་པ་སྟོན་ཚུལ་གྱི་རྣམ་ཐར་ལས། “ས་པཎྡི་ཏ་དང་འགྲོ་མགོན་གཉིས་ཀྱི་བར་འབྲེལ་བ་འཛུགས། སྟོན་པ་ཚུལ་ཁྲིམས་གཞོན་ནུ་དཔལ་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ། གཞུང་ལུགས་ལ་བཤད་པ་མཁས་པའི་དབང་པོ་ཞེས་གདན་ས་ན་གྲགས་ཆེ་བ་བྱུང་། སྟོན་ཚུལ་འདི་ལ་ས་པཎྡི་ཏས་ཀྱང་བསྔགས་པ་སྟེ། སྤྲིང་ཡིག་ལས། ཁྱེད་ཀྱི་སློབ་མ་སྟོན་ཚུལ་ལ་སོགས་པ་ཀུན་ཀྱང་ཡོན་ཏན་ཆེ་བ་ཡོད་ཅེས་པའང་གསུངས། སྟོན་ཚུལ་སླར་ཁམས་སུ་བཞུད། འགྲོ་མགོན་རིན་པོ་ཆེ་ས་ཐང་ཕྱོགས་སུ་བྱོན་པས་མ་མཇལ། སྤྲིང་ཡིག་དང་གནང་སྐྱེས་རྣམས་ཤོ་དགོན་ལ་ཕུལ། དེ་དུས་ཤོ་དགོན་གྱི་ཁྲི་པ་ཡང་དགོན་རིན་པོ་ཆེ་ཡིན”། ཞེས་གསལ་བར་བསྟན་ཡོད་ལ། ས་སྐྱ་པཎ་ཆེན་སོག་པོས་གདན་འདྲེན་ཞུས་པ་ལྟར་སྨར་ཁམས་རྒྱུན་ནས་ཕེབས་རྒྱུ་ཡིན་ཞེས་ཐད་ཀར་གསུངས་མེད་ཀྱང་སྤྲིང་ཡིག་ལས་ཕྱོགས་ཙམ་གླེང་བ་སྟེ། སྤྲིང་ཡིག་དེ་ཉིད་ལས། “སླད་མ་ངེད་ལ་ཧོར་གྱི་རྒྱལ་པོས་བླ་མཆོད་ལ་འོང་དགོས་བྱ་བའི་གདན་འདྲེན་ནན་ཅན་ཡང་ཡང་བྱུང་བས་ད་ལོ་འགྲོ་བ་ལགས། ཁྱེད་ཀྱིས་ཀྱང་རྒྱལ་པོའི་བླ་མཆོད་བྱ་རྒྱུ་དང་། མི་གོ་ཆོད་འགའ་འདབ་ནོར་དང་ངེད་ཀྱི་ཟླ་ལ་བཏང་ནས་རྒྱལ་པོའི་གསེར་ཡིག་དང་འཇའ་ས་ཞུས་ན། ངོ་ལྟ་བརྟན་བ་ཡིན་པས་ཐུགས་ལ་འཐད་ན་ངས་རོགས་ལྡན་གང་དགོས་བྱེད་པ་ལགས། ངེད་གར་ཡོད་ཀྱི་སྔོན་ལ་མི་ཐོང། ཁྱོད་ཀྱི་སློབ་མ་སྟོན་ཚུལ་ལ་སོགས་པ་ཀུན་ཡང་ཡོན་ཏན་ཆེ་བར་ཡོད། ཁྱེད་ལ་ཡང་མོས་གུས་དང་རེ་བ་གཉིས་ཀ་ཆེ་བར་གདའ”། ཞེས་དང་སྤྲིང་ཡིག་གི་མཇུག་ཏུ་ཡང་། “རྟོགས་པ་ཟླ་མཛེས་ཡོན་ཏན་དཀྱིལ་འཁོར་རྒྱས། །འཕྲིན་ལས་བསིལ་འོད་ཉོན་མོངས་གདུང་བ་སེལ། །སློབ་མ་ཀུནྡལ་ཚལ་རབ་རྒྱས་མཛ་པ། །སྐྱེས་མཆོག་རི་བོང་འཛིན་པ་རྒྱལ་གྱུར་ཅིག”། ཅེས་གསུངས། འགྲོ་མགོན་རིན་ཆེན་གྱིས་ཀྱང་ཤོ་དགོན་གྱིས་བསུ་སྒུག་ཡོད་པའི་སྤྲིང་ལན་ཕུལ་བ་འདི་ལྟར་། “ཐུགས་ཀྱི་མཁྱེན་པ་མཁའ་དབྱིངས་ཆུ་འཛིན་གྱིས། །བྱིན་རླབས་སྦྲང་ཆར་གདུལ་བྱའི་ཞིང་སེམས་སུ། །སྐུ་བཞི་སྨིན་བྱིན་དམར་སེར་དྷི་ཡིག་ཅན། །བོད་ཡུལ་པཎ་ཆེན་སྲོལ་འབྱེད་བཀུར་ཅིང་གུས། །དབུས་འགྱུར་ཞིང་དང་ཧོར་སྡེའི་ནག་པོའི་རྒྱལ། །གྲགས་སྙན་འབྲུག་སྒྲ་ལྡིར་བས་ཀུན་དགའི་དཔལ། །འཛིན་མའི་ཞིང་དུ་བཞུགས་པའི་པཎྡི་ཏ། །སྨར་ཡུལ་བཞུད་པར་ཡི་རངས་དད་བསུ་ཞུས”། །ཞེས་སོགས་ནས་མཇུག་ཏུ། “ཤོ་ཙོམ་ཉི་ཟླའི་ཟུང་གཅིག་གདན་ས་རུ། །སྨྲ་མཁས་ཁྱུང་ཚོགས་རྟོགས་ལྡན་འབྱུང་བའི་ཞིང་། །བསྟན་པའི་ཁུར་ཆེར་འགྲོ་མགོན་རིན་ཆེན་ཞེས། །ཀུན་ཀྱང་ཐོས་པ་དེ་ཡིས་འཕྲིན་འདི་འབུལ”། །ཞེས་སྤྲིང་ལན་ཕུལ་ཞིང་། རག་མགོ་པའི་སྨར་ཚང་གདན་རབས་ལས། “ས་སྐྱ་པཎ་ཆེན་ཁུ་དབོན་ཧོར་ཡུལ་བྱོན་པ་ལ་ཆབ་ཤོག་དང་སྐྱེལ་རྫོང་རྒུན་འབྲུམ་སོགས་ཕུལ”། ཞེས་སོགས་རག་མགོ་པས་སྨར་ཚང་གདན་རབས་ལ་བལྟས་དུས་ཁོང་གིས་སྨར་ཚང་གི་ཡིག་རྙིང་མང་པོ་ཞིག་མཇལ་མྱོང་བ་དངོས་གསལ་དོན་པོ་ཡིན་ཡང་། སྤྲིང་ཡིག་འདི་རྗེ་བཙུན་སྤྱན་སྔ་བ་ལ་བསྐུར་ཚུལ་བརྗོད་དོན་ཅི་ཡིན་དཔྱད་པར་བྱའོ། །                                                                                          དེ་ནས་ཕྱི་ལོ་༡༢༤༤་ལོར་སོག་པོ་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཨོ་གོ་ཏའི་རྒྱལ་ས་ལང་གྲུར་ལ་ས་སྐྱ་པཎ་ཆེན་གདན་དྲངས་པ་ལྟར། སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་ཙོམ་གཉིས་ཀྱིས་བསུ་བར་གཟབ་རྒྱས་མཛད། ཙོམ་མདོའི་གདན་རབས་ལས། “རབ་བྱུང་བཞི་པ་ཤིང་ཕོ་འབྲུག་གི་ལོར། ས་པཎྡི་ཏ་ཁུ་དབོན་ཁམས་སུ་བྱོན། དཔལ་གྱི་ཤོ་དགོན་དུ་སྤྱན་དྲངས། འདུས་པ་སྟོང་བཞི་ལྷག་གིས་བསུ་བ་རྒྱས་སྤྲོས་ཞུས། པཎ་ཆེན་དང་འགྲོ་མགོན་རིན་ཆེན་མཇལ་འཕྲད་མཛད། མི་ནག་དུ་མས་མཇལ་བའིསྐལ་བཟང་ཐོབ། གདན་ས་དེར་འགྲོ་མགོན་རིན་ཆེན། ཡང་དགོན་རིན་པོ་ཆེ། སྟོན་པ་ཚུལ་ཁྲིམས་གཞོན་ནུ། སྤྱན་སྔ་བ་སོགས་མཁས་དབང་ཉི་ཟླ་དང་སྐར་ཚོགས་ལྟ་བུ་དུ་མ་བཞུགས། གྲུབ་ཆེན་ཀྱང་ཉག་རས་སེ་བོ”། འདི་ཉག་རེ་སེ་བ་ཡིན་མིན་དཔྱད་དགོས། “རུ་ན་བཛྲ་། གྲུབ་ཆེན་འབྲོང་ནག་པ། དོན་ཡོན་སེངྒེ་སོགས་མངོན་ཤེས་ཐོག་རྡུག་མེད་ཅིང་། རྫུན་འཕྲུལ་གྱི་ཐོག་མེད་མཁའ་ལ་བསྐྱོད་པའི་རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་གང་བའི་དུས་བཟང་པོ་བྱུང་”། ཞེས་ས་པཎ་ཁུ་དབོན་ཤོ་དགོན་ཕེབས་གྲུབ་དུས་ཙོམ་མདོ་ལ་གདན་དྲངས་པས། ཙོམ་མདོ་གདན་རབས་ལས། “འཇམ་དབྱངས་པཎྡི་ཏ་ཐུགས་དགྱེས་ཤིང་ཧོར་ཡུལ་ནས་དགོན་འདིར་གཟིགས་རྟོགས་ཞུ་རྒྱུའི་དམ་བཅའ་ཡང་མཛད། པཎྡི་ཏ་ཙོམ་མདོ་གཙུག་ལག་ཁང་ལ་གདན་དྲངས། ཤོ་ཙོམ་གཉིས་ཀྱི་བསུ་སྐྱེལ་གྱིས་སྤྲོས་པ་རྒྱ་ཆེན་པོར་ཞུས། མི་རིང་བར་སླར་འགྲོ་མགོན་ཙོམ་མདོ་རི་ཁྲོད་ལ་སྐུ་མཚམས་བཞུགས། ཤིང་མོ་སྦྲུལ་གྱི་ལོར་ཡང་དགོན་རིན་པོ་ཆེ་གཤེགས། སྤྱན་སྔ་བ་ཤོད་དགོན་གྱི་ཁྲི་པར་བྱོན། དེ་དུས་ཤོ་དགོན་ལ་དགེ་འདུན་སྟོང་ཕྲག་གཉིས་ལྷག་འདུས་ཤིང་”། ཅེས་འདི་དག་ལ་བློ་གཟུར་བོ་གནས་པའི་ལོ་རྒྱུས་ཉམས་ཞིབ་པ་ཡིན་ན། བལྟས་ཙམ་གྱིས་དོན་རྟོགས་སླ་བས་འགྲེལ་བཤད་དགོས་དོན་ཅི་ཡང་མེད། དེ་ནས་ཕྱི་ལོ་༡༢༤༨་ལོར་ཆོས་རྒྱལ་འཕགས་པའི་ལིང་ཆུ་རྩེ་ནས་འགྲོ་མགོན་རིན་ཆེན་མཆོག་ཡོན་རྒྱལ་པོའི་མཆོད་ཡོན་དུ་ཕེབས་ཐུབ་པའི་སྤྲིང་ཡིག་བསྐུར་བས། ཙོམ་མདོའི་གདན་རབས་ལས། “ས་སྤྲེལ་ལོར་བླ་མ་འཕགས་པས་ལིང་ཆུ་རྩེར་ནས་གན་གྱི་ན་བཟའ་དང་། རིན་གཉིས་ཀྱི་མཆོད་རྫས་མང་པོ་འགྲོ་མགོན་ལ་བསྐུར། འཕགས་པ་བློ་གྲོས་རྒྱལ་མཚན་གྱིས། “དཔག་མེད་འགྲོ་ལ་མགོན་གྱི་ཐུགས་བསྐྱིད་ནི། །ཟབ་ཡངས་རྒྱན་ན་ཞི་བ་རྒྱ་མཚོའི་ནང་། །རྣམ་འབྱོར་ཡོན་ཏན་རིན་ཆེན་མཆོག་གི་གཏེར། །རྒྱལ་སྲས་སྤྱོད་པ་ཕན་བདེའི་རྩ་ལག་ཅན”།། ཞེས་སོགས་དང་། “བྱམས་པའི་ཞིང་ས་ཤར་ཕྱོགས་སྨར་ཁམས་སུ། །བསྟན་པའི་སྒྲོན་མེ་སྡོམ་བཙུན་དམ་པ་ལ། །ལིང་ཆུའི་ཡུན་ནས་འཕགས་པ་བློ་གྲོས་ཀྱིས”། །ཞེས་སོགས་ཀྱིས་སྤྲིང་ཡིག་གི་མཉམ་དུ། “ཧོར་རྒྱལ་པོས་གླང་པོ་ཆེ་ཡི་མཆེ་བ་དང་། གོས་ཆེན། དངུལ་བྲེ་ཆེན། ན་བཟའ་ཕྱིང་མང་པོ་བསྐུར་ནས་སྨོན་ལམ་ཞུ། ཧོར་ཡུལ་ལ་གདན་དྲངས་ཀྱང་མ་འབྱོན། དགོན་འཛིན་རྣམས་ཀྱིས་ཧོར་དང་རྒྱ་ནག་ལ་ལན་གཅིག་བཞུད་ན་བསྟན་པ་ལ་ཕན་ཚུལ་ཞུས་ཀྱང་། འགྲོ་མགོན་ཐུགས་དྲག་ཏུ་མ་བདེ་བར་མཛད་ཅིང་། རྒྱ་ཧོར་ན་ང་མི་འགྲོ། བན་རྒན་ཤི་ཁར་རྟེན་འབྲེལ་ངན་པ་ཞིག་མི་སྒྲིག་ཅེས་གསུངས། ཐུགས་ཁྲོ་བོ་མཛད་པས་སུས་ཀྱང་ཞུ་མ་ནུས”། ཞེས་བོད་ཀྱི་བླ་མ་རྣམས་རྒྱ་ཧོར་ལ་མགོ་བཏགས་ཞུས་ཅི་ཐུབ་གནང་བའི་དུས་ཤིག་ལ་གཏམ་རྒོད་འདི་འདྲ་གསུང་མཁན་ཁོང་ཙམ་ཡིན་རྒྱུ་རེད་སྙམ། དེ་ནས་ཕྱི་ལོ་༡༢༤༩་ལོར་འགྲོ་མགོན་རིན་ཆེན་གྱིས་དགེ་འདུན་ཁྲི་གཅིག་ལྷག་ལ་བསླབ་བྱ་འདི་ལྟར་བྱ་སྟེ། ཙོམ་མདོའི་གདན་རབས་ལས། “རང་བྱུང་བཞི་པ་ས་མོ་བྱ་ཡི་ལོར། སྟོན་ཟླ་འབྲིང་པོའི་ཚེས་བཅུ་ལ་དཔལ་གྱི་ཤོ་དགོན་ལ་བྱོན། སྨར་ཁམས་དགོན་ལགས་ཐམས་ཅད་ལ་བརྡ་ཆ་བསྐུར་བས་དགེ་འདུན་སྟོང་ཕྲག་བཅུ་ལྷག་འདུས། ཀུན་ལ་ཆོས་ཀྱི་སླབ་བྱ་དང་ཉམས་ལེན་གྱིི་གནད་ཇི་ལྟར་བླང་ཚུལ་རྣམས་ཞིབ་ཕྲ་གསུངས་ཤིང་། གདན་ས་གོང་འོག་གཉིས་ཀྱི་ཡན་ལག་རྣམས་སྐྱོང་ལུགས་ཇི་ལྟར་བྱ་དགོས་པའི་བསྐོར་བསླབ་བྱ་མང་དུ་མཛད”། ཅེས་བསླབ་བྱའི་ཁྲོད་དུ་ལུང་བསྟན་འདི་ལྟར། བརྒྱ་ཕྲག་བདུན་གྱི་ཁ་རལ་དུས། །ང་ནི་ཀརྨ་མིང་ཅན་གྱིས། །སྨར་དཀྱིལ་སྒར་ཐོག་ན་ཐང་ལ། །ཆོས་སྡེ་བཏབ་ཀྱང་བདུད་ཀྱིས་བསྟོར།། བར་ཆད་ཁུག་པ་བཅོ་བརྒྱད་ལས། །གྲོལ་ན་སྨར་ཚང་མིང་རོ་གསོ། །བརྟུལ་ཞུགས་ཆེན་པོས་མཚོ་མཐའ་ རུ། །འགྲོ་བ་དཔག་མེད་འདྲེན་པར་འོང་། །ཞེས་ལུང་བསྟན།  འགྲོ་མགོན་རིན་ཆེན་ཞི་བར་གཤེེགས་པས་སྟོན་པ་ཚུལ་ཁྲིམས་གཞོན་ནུས་ས་སྐྱ་པཎ་ཆེན་ལ་སྤྲིང་ཡིག་ཕུལ་བས། པཎ་ཆེན་གྱིས་སྨར་ཁམས་པ་སྡེ་དགོན་གཉིས་ལ་ཐུགས་གསོ་སྤྲིང་ཡིག་བསྐུར་བ་ལས། “བསོད་ནམས་ཆུ་གཏེར་ཡོན་ཏན་པདྨའི་ཚལ། །ཕན་བདེའི་དྲི་བཟང་དགེ་འདུན་བུང་བས་བསྟེན། །ཏིང་འཛིན་སྦྲིང་རྩིས་སྐྱེ་དགུའི་གདུང་སེལ་བ། །འགྲོ་བའི་བླ་མ་རྟག་ཏུ་རྒྱལ་གྱུར་ཅིག།།དམ་པ་དམ་པའི་སྐྱེ་བའི་འདུ་བའི་གནས། །བདེ་གཤེགས་བདེ་བར་གཤེགས་པའི་བསྟན་འཛིན་པ། །དབེན་གནས་དབེན་ལ་དགའ་བ་འདུ་བའི་གཞི།། དགོན་པའི་དམ་པ་ཤོ་དགོན་ཞེས་སུ་གྲགས། །དེ་གནས་དགེ་འདུན་རྣམས་ལ་དོན་འདི་སྤྲིང་། །སྡོམ་བརྩོན་དམ་པ་ཏིང་འཛིན་མཆོག་བརྙེས་པ། །ཡང་དག་ལམ་སྟོན་འགྲོ་ལ་བུ་བཞིན་བརྩེ། །བསྟན་པའི་མཛོད་འཛིན་བླ་མ་དམ་པ་དེ། །ཞི་བར་གཤེགས་ཞེས་བདག་གིས་རིང་ནས་ཁུམས། །དེ་ལ་གཤེགས་དང་བཞུགས་པ་ཡོངས་མི་མངའ། ། གཤེགས་དང་བཞུགས་པ་འཇིག་རྟེན་བླུན་པོས་བཏགས། །དམ་པའི་དོན་དུ་ཆོས་རྣམས་ཉེ་བར་ཞི། །བརྩོན་ལྡན་ཁྱེད་ཀྱིས་དོན་འདི་ལེགས་མཁྱེན་མོད། །འོན་ཀྱང་སྙིགས་དུས་བསོད་ནམས་ཞན་པ་དང་། །རྩོད་པའི་དུས་ཀྱིས་འགྲོ་བ་བླུན་པས་ན། །དམ་པའི་དོན་ལ་དཔྱོད་པ་ཞན་པའི་ཕྱིར། །འདས་པ་ཡིན་ཞེས་གདུང་བ་མི་བཟད་སྐྱེ། །འཁྲུལ་པའི་སྣང་ངོར་བདེ་གཤེགས་བསྟན་པ་ཡང་། །སྟོན་ཀའི་ཆར་བཞིན་ཀུན་ནས་འབྲི་བ་མཐོང་། །སྐྱེ་བོ་དམ་པའི་འབྲས་བུ་ཕལ་ཆེན་  ཡང་། །དུས་ཀྱི་ཤུགས་ཀྱིས་རྣམ་པར་ལྟུང་བར་སྣང་། །དེ་ཡི་སླད་དུ་དགེ་འདུན་རྣམས། །དངོས་པོའི་ཆོས་ཉིད་མཁྱེན་པས་ན། །རྣམ་པ་ཀུན་དུ་ཐུགས་གཏོད་ཅེས། །རིང་ནས་གནས་པ་བདག་གསོལ་འདེབས། །དཔལ་ལྡན་ས་སྐྱ་པཎྡི་ཏས། ཤར་ཕྱོགས་ཀྱི་སའི་ཆ་གནམ་འཕང་མཐོ་ཞིང་རྒྱ་ཡངས་ལ་ཡིད་དུ་འོང་བ། རི་བོ་ཆེན་པོ་རིན་པོ་ཆེ་འབར་བ་ལྟ་བུའི་ངོགས། རྩི་ཤིང་དང་ནགས་ཚལ་ཕུན་སུམ་ཚོགས་པ། མཛེས་པའི་མེ་ཏོག་སྣ་ཚོགས་དང་། སྒྲ་སྙན་པའི་བྱ་དུ་མས་གང་བ། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་བསྟན་པའི་གནས། དཔལ་གྱི་ཤོ་དགོན་ན་བཞུགས་པའི་རིན་ཆེན་གདན་ས་པས་དབུ་འཛིན་དགེ་འདུན་རྣམས་ཀྱི་ཕྱག་ཏུ་སྤྲིང་བ”། ཞེས་སོགས་ནས་མཇུག་ཏུ། “ཤར་ཕྱོགས་སྨར་ཁམས་ཞིང་ན་ལེགས་བཞུགས་པ། སྡེ་དགོན་ཡོན་མཆོད་རྣམས་ཀྱི་ཕྱག་ཏུ་ཕུལ”། ཞེས་སྤྲིང་ཡིག་འདིར་ལྟོས་དང་བཀྲ་ཤིས་ཤོ་དགོན་གྱི་གནས་རིའི་བཀོད་པ་དང་དགེ་འདུན་གྱི་ཡོན་ཏན། འགྲོ་མགོན་གྱི་མཁྱེན་ཡོན་རྣམས་འགྲེལ་བཤད་མ་དགོས་པ་ཡིད་ལ་ལྷང་ངེ་འཆར་ཐུབ་པ་ཞིག་ཏུ་སྣང་ངོ། །དེ་ནས་ཆོས་རྒྱལ་འཕགས་པ་བོད་དབུས་ལ་ཕེབས་ལམ་སྨར་ཁམས་སུ་ཕེབས་གཏན་ཁེལ་བས་སྟོན་པ་ཚུལ་ཁྲིམས་གཞོན་ནུ་ལ་སྤྲིང་ཡིག་འདི་ལྟར་བསྐུར་ཏེ། ཙོམ་མདོ་གདན་རབས་ལས། “རྒྱལ་པོ་འཕགས་པ་དབུས་གཙང་ལ་འབྱོན་ཞོར། ཡུལ་སྨར་ཁམས་སུ་འབྱོན་རྒྱུའི་བསྐོར། ཆོས་རྗེ་ཚུལ་ཁྲིམས་གཞོན་ནུ་ལ་སྤྲིང་ཡིག་བསྐུར། བློ་ཆེ་རློམ་ཆེ་སྤོབས་པ་ཆེ། །གཟུགས་ཆུང་འཁོས་ཆུང་ལོངས་སྤྱོད་ཆུང་། །ཆེན་པོ་གསུམ་དང་ཆུང་ངུ་གསུམ། །གཅིག་ལ་འཛོམས་པ་དེ་ལ་སྤྲིང་”། །ཞེས་སོགས་ནས་མཇུག་ཏུ། “ཚུལ་ཁྲིམས་དག་པའི་རྩ་བ་རབ་བརྟན་ ཞིང་། །མང་དུ་ཐོས་པའི་ལོ་འདབ་ཀྱིས་ཕྱུག་པའི། །ཏིང་འཛིན་ཞི་བའི་འབྲས་བུས་སྤུད་གྱུར་པའི། །སྟོན་གཞོན་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག” །ཅེས་སྤྲིང་ཡིག་ཕུལ་ནས་ཕྱི་ལོ་༡༢༧༥ ལོའི་སྟོན་ཟླ་འབྲིང་པོ་ལ་སྨར་ཁམས་སུ་ཕེབས་པར་མངོན་ཏེ། ཙོམ་མདོའི་གདན་རབས་ལས། “རབ་བྱུང་ལྔ་པ་ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོར་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་ལིང་ཐང་བརྒྱུད་སྨར་ཁམས་སུ་བཞུད། ལྷ་འདུས་ལ་སྣང་རྣམ་མཇལ་དུ་བྱོན”། ཞེས་ཆོས་རྒྱལ་འཕགས་པ་སྨར་ཁམས་ཙོམ་མདོ་གནས་གསར་དགོན་དུ་ཕེབས་པའི་ལོ་དུས་ལ་དཔྱད་ན། ཕྱི་ལོ་༡༢༧༤ ཤིང་མོ་ཁྱིའི་ལོར་འཕགས་པས་གོ་པེ་ལ་རྒྱལ་པོར་བསྐུར་བའི་སྤྲིང་ཡིག་འདི་དང་། ཕྱི་ལོ་༡༢༧༥ ཤིང་མོ་ཕག་གི་ལོར་ཆོས་རྒྱལ་འཕགས་པས་གོ་པེ་ལ་རྒྱལ་པོར་བསྐུར་བའི་སྤྲིང་ཡིག་འདི་གཉིས་དུས་ཚོད་ལ་དཔྱད་ན། ཆོས་རྒྱལ་འཕགས་པས་རྒྱ་ནག་ནས་བོད་དབུས་ལ་ཕེབས་ལམ་དུ་ཕྱི་ལོ་༡༢༧༤ ཤིང་མོ་ཁྱི་ལོའི་སྟོན་ཟླ་གསུམ་པ་ཤིང་ཀུན་ཞེས་པར་ཕེབས་དུས་རྒྱ་བོད་ས་མཚམས་བརྩིས་ནས། འབུམ་པོད་གསེར་བྲིས་གཅིག་བྲིས་པའི་དགེ་རྩ་རྣམས་གོ་པེ་ལ་བསྔོ་སྨོན་བྱས་ཡོད་ཚུལ་སྤྲིང་ཡིག་བསྐུར་བ་དེ་ཉིད་ལས། “རྒྱ་བོད་ས་མཚམས་ཤིང་ཀུན་ཞེས་བྱ་བར། །ཤིང་ཕོ་ཁྱི་ལོའི་སྟོན་ཟླ་རྣམ་གསུམ་ལ། །དགེ་སློང་ད་རིག་ཅེས་བྱས་གཙོ་བྱས་པའི། །ཡིག་མཁན་རྣམས་དང་གཞན་ཡང་བཟོ་རིག་ལ། །མཁས་པ་ཤིན་ཏུ་མང་པོ་ཉེར་བསྡུས་ནས།། རྒྱལ་བའི་ཡུམ་གྱུར་ཤེས་རལ་ཕ་རོལ་ཕྱིན།། སྟོང་ཕྲག་བརྒྱ་པ་གསེར་གྱི་རང་བཞིན་ལས། །ཉེ་བར་བསྒྲུབས་པའི་དགེ་བའི་རྩ་བ་འདིས”། །ཞེས་སོགས་ནས། “ཤིང་ཕོ་ཁྱི་ལོའི་སྟོན་ཟླ་རྣམ་གསུམ་པའི་ཚེས་བཅུ་གསུམ་ལ་བྲིས་པའི་ཡི་གེའོ”། །ཞེས་ཟླ་བ་བརྒྱད་པར་སྟོན་ཟླ་དང་པོར་བརྩིས་པའི་དབང་དུ་བྱས་ནས་ཤིང་ཁྱིའི་སྟོན་ཟླ་གསུམ་ཤིང་ཀུན་ལ་བཞུགས་པའི་དབང་དུ་བཏང་ན།  དཀོན་མཆོག་འཁོར་ལོའི་བཀྲ་ཤིས་རྣམ་པར་སྤེལ་བ་ཞེས་པའི་སྤྲིང་ཡིག་ལས། “ཤིང་མོ་ཕག་གི་ལོ་སར་བ་ཤར་བ་ནས་བརྩམས་ནས་ཕྱོགས་དང་དུས་ཐམས་ཅད་བཀྲ་ཤིས་པར་བྱ་བའི་ཕྱིར། དཀོན་མཆོག་འཁོར་ལོའི་བཀྲ་ཤིས་རྣམ་པར་སྤེལ་བ་ཞེས་བྱ་བ་འདི་འབལ་གྱིས་སའི་ཆར་དགེ་སློང་འཕགས་པས་སྤེལ་ནས་བསྐུར་བའོ”། །ཞེས་པ་འདི་གཉིས་དཔྱད་བསྡུར་དུས་ཕྱིས་སུ་བྲིས་པ་རྣམས་ཀྱིས་བྲིས་ནོར་མིན་ན། ཟླ་བ་དང་པོ་ནས་ལོ་གསར་པ་བརྩིས་ནས་འཕགས་པ་སྐུ་འཁོར་རྣམས་ཤིང་ཀུན་དང་འབལ་ཐང་གི་ཕྱོགས་སུ་ཟླ་བ་དྲུག་བཞུགས་པར་མངོན། གོ་པེ་ལ་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་བཞུགས། ཞེས་པའི་སྤྲིང་ཡིག་ལས། “དགེ་ལེགས་ལམ་ལ་གཅིག་ཏུ་གཞོལ་གྱུར་པ། །དགེ་འདུན་རྒྱ་མཚོའི་སྤྲིན་ཚོགས་ལ། །དགེ་བ་སྤེལ་སླད་ཕྱག་འཚལ་མཆོད་པར་བགྱི”། ། ཞེས་སོགས་ནས། “བྱེ་བྲག་མདོ་ཁམས་ཟལ་མོ་སྒང་ཞེས་པ། །ཤར་ནུབ་ལྷོ་བྱང་སྡེ་དང་ཡན་ལག་བཅས། །ཀུན་ལ་ཕན་ཕྱིར་ཀུན་གྱི་གཙོ་བོར་ནི། །སྟོན་གཞོན་ཞེས་བྱ་བ་ལ་དབང་རབ་བསྐུར”། །ཞེས་སོགས་ནས། “དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་རྒྱས་འབྲིང་གསུམ། །ཤིང་མོ་ཕག་ལོ་སྟོན་ཟླ་རྣམ་གསུམ་ལ། །སྨར་ཁམས་ཙོམ་མདོ་གནས་སར་ཞེས་བྱ་བ། །བཟོ་སྦྱངས་མཁས་པའི་ཚོགས་རྣམས་སྤྱན་དྲངས་ཏེ། །བེེཌྰ་རྱ་དང་མཚུངས་པའི་གཞི་རྟེན་ལ། །གསེར་བཟང་ཞུན་མས་ལེགས་པར་བཞེངས་ནས་ཀྱང་། །ཞུས་དག་དྲས་དང་གླེགས་ཤིང་གླེགས་ཐག་དང་།། ན་བཟའི་བར་གྱི་རིམ་གྲོ་ཚར་བགྱིས་ཤིང་། །དྲི་མེད་ལུང་གི་ཚུལ་ལས་འབྱུང་བ་བཞིན”། །ཞེས་སོགས་ནས། “མི་ཕམ་རྒྱལ་པོ་མངོན་པར་བྱང་ཆུབ་ཚེ། །དེ་ཡིས་བྱང་ཆུབ་དམ་པར་ལུང་སྟོན་ཤོག། །དེ་ལྟའི་དོན་སྟོན་བྱེད་པའི་ཚིག་སྦྱོར་ འདི། །ཤིང་མོ་ཕག་ལོ་བྱ་སྦོའི་ཟླ་བ་ཡི། །བཅོ་ལྡའི་ཉིན་པར་ཙོམ་མདོ་གནས་སར་དུ། །ལེགས་པར་བྲིས་པ་ཀུན་ཏུ་བདེ་ལེགས་ཤོག” །ཅེས་བརྗོད་བྱ་འདིའི་ནང་དོན་ཆེན་པོ་བཞི་བསྟན་ཡོད་དེ། དང་པོ་ཙོམ་མདོའི་གདན་རབས་ལས་གསལ་བ་ལྟར་ཆོས་རྒྱལ་འཕགས་པ་སྐུ་དངོས་སུ་བྱོན་བའི་དུས་སྐབས་དེར། སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་འཆད་ཉན་ལ་རྩེ་གཅིག་ཏུ་གཞོལ་བའི་དགེ་འདུན་རྒྱ་མཚོ་ལྟ་བུ་མང་པོ་ཡོད་པ་དང་། རི་མགོ་ལ་སྒོམ་ཆེན་ནམ་མཁའི་སྤྲིན་ཚོགས་འཁྲིམས་པ་ལྟར་མང་པོ་ཡོད་པ་བསྟན་ཡོད། གཉིས་པ་ཆོས་རྒྱལ་འཕགས་པས་གོ་པེ་ལ་རྒྱལ་པོར་སྤྲིང་ཡིག་གི་ནང་དུ་ཙོམ་མདོའི་ཁྲི་རབས་གཉིས་པ་སྟོན་པ་ཚུལ་ཁྲིམས་གཞོན་ནུ་ནི་སྨར་ཁམས་སྒང་དང་། ཟལ་མོ་སྒང་གི་ཤར་ནུབ་ལྷོ་བྱང་གི་སྡེ་དགོན་ཡན་ལག་དང་བཅས་པ་ཀུན་གྱིས་བཀུར་ཡུལ་གཙོ་བོ་ཡིན་པ་དང་ཁོང་ལ་དབང་བསྐུར་ཡོད་ཚུལ་སྤྲིང་ཡིག་གི་ནང་དུ་བྲིས་དགོས་དོན་ཅི་ཡིན་དཔྱད་པར་མང་དུ་མཆིས་ཀྱང་འདིར་མ་སྤྲོས། དོན་སྙིང་ཆོས་རྒྱལ་འཕགས་པ་སྨར་ཁམས་སུ་ཕེབས་པའི་དུས་སྨར་ཁམས་སྒང་དང་ཟལ་མོ་སྒང་གཉིས་ལ་སྨར་ཚང་གི་བསྟན་པའི་མཆོད་ཡུལ་དུ་གྱུར་ཡོད་པར་མངོན་ཡོད།

གསུམ་པ་འཕགས་པ་སྨར་ཁམས་ལ་ཕེབས་པའི་དུས་སུ་སྨར་ཡུལ་ན། བཟོ་རིག་ལ་མཁས་པ་མང་པོ་ཡོད་པས་ཙོམ་མདོ་གཙུག་ལག་ཁང་དུ་གདན་དྲངས་ནས་ཡུམ་རྒྱས་པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའམ་འབུམ་དང་། ཡུམ་འབྲིང་པ་ཉི་ཁྲི་ལྔ་སྟོང་པ། ཡུམ་བསྡུས་པ་བརྒྱད་སྟོང་པ་དང་གསུམ་པོ་གཡུ་དང་ཤོག་བུ་ཕྱེ་མར་བསྲེས་ནས་བཟོས་པའི་བེེཌྰ་རྱ་ལྟ་བུ་འོད་མདངས་ལྡན་པའི་ཤོག་བུའི་ངོས་སུ། སྤུས་ལེགས་ཀྱི་གསེར་ཞུན་མས་ཡིག་གཟུགས་ལེགས་པར་བྲིས་ནས་བཞེངས་པའི་རྒྱས་འབྲིང་བསྡུས་གསུམ་ཤིག་སྟོན་ཟླ་གསུམ་གྱི་རིང་སྨར་ཁམས་ཙོམ་མདོ་གནས་གསར་ལ་བྲིས་པར་མངོན་ཡང་། གཡུ་ཕྱེ་བསྲེས་པའི་ཤོག་བུ་ངོས་གསེར་བྲིས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་སྟོན་ཟླ་གསུམ་པ་ནང་དུ་བྲིས་པ་ཡིན་ན། ད་ལྟའི་ཡིག་མཁས་ཀྱི་མགྱོག་ཚད་ལ་དཔག་ན་དུས་ཡུན་ཐུང་ངུ་དེའི་ནང་ལ་ཡིག་བྲིས་པ་བརྒྱ་ལྷག་འཛོམས་ཡོད་པར་རྗེས་དཔག་ཐུབ་ཅིང། དུས་རབས་དེར་སྨར་ཁམས་ལ་རིག་གནས་མཁས་པ་ཅི་ཙམ་ཡོད་མེད་དཔྱད་དོན་རྒྱ་ཆེ་བས་འདིར་སྤྲོས་པར་མི་བྱ། ཆོས་རྒྱལ་འཕགས་པས་རྒྱུ་གྲོན་ཕོན་ཆེན་སྦྱར་བའི་གསེར་བྲིས་རྒྱས་འབྲིང་བསྡུས་གསུམ་བཞེངས་པ་འདིའི་དགེ་རྩ་རྣམས་གོ་པེ་ལ་རྒྱལ་པོར་བསྔོ་སྨོན་ཞུས་ཡོད་ཅེས་སྤྲིང་ཡིག་བསྐུར་བ་ཡིན་ནམ། ཡུམ་རྒྱས་འབྲིང་བསྡུས་གསུམ་བྲིས་ནས་གོ་པེ་ལ་རྒྱལ་པོར་མཆོད་རྟེན་དུ་བསྐུར་ཡོད་ཅེས་སྤྲིང་ཡིག་བསྐུར་བ་ཡིན་ནམ།  གསེར་བྲིས་རྒྱས་འབྲིང་བསྡུས་གསུམ་བཞེངས་པ་དེ་ཙོམ་མདོ་དགོན་དུ་བཞག་པ་ཡིན་ནམ། ཡང་ན་ས་སྐྱ་གོང་ལ་གདན་དྲངས་སོང་བ་ཡིན་ནམ། དོགས་པ་འདི་དག་སྤྲིང་ཡིག་གི་ནང་ལ་ཁ་གསལ་མེད་པས་དཔྱད་པར་བྱ། “ཤིང་མོ་ཕག་ལོ་བྱ་སྦོའི་ཟླ་བ་ཡི”་། ཞེས་པ་འདི་ཕྱི་ལོ་༡༢༧༥ ལོ་ཤིང་མོ་ཕག་གི་ལོ་བྱ་སྦོ་ནི་སྐར་མ་གྲོ་བཞིན་ཁེལ་བའི་སྟོན་ཟླ་འབྲིང་པོར་རྩིས་སྲོལ་ཡོད། སྟོན་ཟླ་འབྲིང་པོ་ནི་དུས་འཁོར་གྱི་སྐར་རྩིས་ལྟར་ན་ཟླ་བ་དགུ་པ་དང་། བེ་དཀར་ལྟར་ན་ཟླ་བ་བརྒྱད་པ་ཁེལ་བ་འདྲ་བས།  སྟོན་ཟླ་འབྲིང་པོ་དགུ་པར་བརྩིས་ནས་ཚེས་བཅོ་ལྔ་ལ་ཙོམ་མདོ་གནས་གསར་བྲིས་པ་ཡིན་ན། འཕགས་པས་བཀྲ་ཤིས་ཚིགས་སུ་བཅད་པ་རྣམ་པར་སྤེལ་བ་ཞེས་བྱ་བའི་སྤྲིང་ཡིག་ལས། “ཤིང་མོ་ཕག་གི་ལོ་སྨལ་པོའི་ཟླ་བའི་ཚེས་བཅུ་བཞིའི་ཉིན་བར་ཙོམ་མདོའི་གཙུག་ལག་ཁང་དུ་སྤེལ་ནས་བསྐུར་བའོ”། །ཞེས་སྨལ་ནི་སྐར་མ་མགོ་ཡིན་པས་བོད་ཟླ་བཅུ་གཅིག་ལ་ཁེལ་བས་ཙོམ་མདོ་ལ་ཟླ་བ་བཞི་བཞུགས་པ་བསྟན་ཡོད། ཡང་སྟོན་ཟླ་འབྲིང་པོ་ཟླ་བ་བརྒྱད་པར་བརྩིས་པའི་དབང་དུ་བྱས་ན། ཆོས་རྒྱལ་འཕགས་པ་ཙོམ་མདོ་ལ་ཟླ་བ་ལྔ་བཞུགས་པ་བསྟན་ཡོད། གང་ལྟར་སྟོན་ཟླ་བ་གསུམ་ཙོམ་མདོ་ལ་བཞུགས་ཐག་ཆོད་ཡིན་པར་ཁུངས་བཙན་དུ་གཏོང་ན། འཕགས་པས་བསྔགས་འོས་ལ་བསྔགས་པའི་རབ་ཏུ་བྱེད་པ། ཞེས་པའི་སྤྲིང་ཡིག་ལས། “ཧོར་གྱི་རྒྱལ་རབས་ལྔ་པ་རྒྱལ་པོ་ཆེན་པོ་གོ་པེ་ལ་ཞེས་བྱ”། ཞེས་སོགས་ནས། “དཔལ་འབྱོར་གྱི་གཟི་རྒྱ་མཚོའི་མཐས་གཏུགས་པའི་སའི་འཁོར་ཐམས་ཅད་ཁྱད་པར་མཛད་པ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་འདི་དགེ་སློང་འཕགས་པས་ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཉིས་ཀྱི་ཉིན་པར་སྐར་མ་རྒྱལ་ལ་བབ་པའི་ཚེ་སྨར་ཁམས་ཀྱི་སའི་ཆ་ཙོམ་མདོ་གནས་གསར་ཞེས་བྱ་བར་སྦྱར་བའོ”། །ཞེས་སོགས་ལ་བལྟས་ན་ཙོམ་མདོ་ལ་ཡུན་རིང་བཞུགས་པར་མངོན་ཡོད། ཙོམ་མདོ་ནས་དབུས་ས་སྐྱ་གོང་དུ་ཕེབས་ནས་གོ་པེ་ལ་སྤྲིང་ཡིག་ལས། “མེ་ཕོ་བྱི་བའི་ལོ་རྒྱལ་གྱི་ཟླ་བའི་ཉི་ཤུ་ལྔ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་འཕགས་པས་སྦྱར་ནས་བསྐུར་བའོ”།། ཞེས་པ་ལྟར་དུང་དཀར་ཚིག་མཛོད་ལས་ཀྱང་། མེ་བྱི་སྤྱི་ལོ་༡༢༧༦ འགྲོ་མགོན་འཕགས་པ་རིན་པོ་ཆེ་པེ་ཅིན་ནས་བོད་དུ་ཕྱིར་ཕེབས་མཛད། ཅེས་དང་། ཉག་རེ་སེ་བ་དང་། ཆོས་རྗེ་སྨར་པ། ཆོས་རྒྱལ་འཕགས་པ། ཙོམ་མདོའི་གདན་རབས། སྤང་མཁན་ཆེན་སོགས་ཀྱི་ལོ་རྒྱུས་ཚད་ལྡན་རྣམས་ལྷུ་སྒྲིག་ནས་དཔྱད་ན། དེའི་ཚད་དེའི་དུས་རབས་ལ་སྨར་ཁམས་ཞེས་པའི་ཚིག་འབྲུ་གཉིས་ཀྱི་ཐ་སྙད་ཐོགས་ས་ལྟེ་བ་ནི་ད་ལྟ་སྨར་ཁམས་འདི་ཉིད་ཡིན་པར་ཡང་ནས་ཡང་དུ་བསྟན་འདུག་ལ། ལོ་རྒྱུས་དེ་དག་གིས་དཔལ་བཀྲ་ཤིས་དགོན་དང་ཙོམ་མདོ་གནས་གསར་དགོན་པ་གཉིས་ནི་ས་པཎ་ཁུ་དབོན་རྒྱ་ཡུལ་དུ་ཕེབས་ལམ་སྒར་ཚུགས་འབབ་ས་ལྟེ་བ་ཞིག་མཛད་སྲོལ་དར་བར་མངོན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “ཚྭ་ཁ་ལ་ལ་སླེབས་ཙ། རྒན་མོ་གཅིག་གིས་ལམ་ལྟག་ཏུ་ཤིང་ཐོག་འཐུད་ནས་ཁོང་བྱོན་ཙ་ན་འབུལ་རྒྱུ་དེ་ལས་མེད་ཟེར་བ་གོ་ཡང་མ་ཚོར་བའི་ཚུལ་བྱས་ནས་འབུད་སོང༌”། ཞེས་པ་དང་། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “ད་ལེན་ངེད་གཉིས་ཤོ་དགོན་ལ་འགྲོ་དེ་ནས་ཚ་བ་ལ་སོང་གསུངས”། ཞེས་དང་། རྣམ་ཐར་དེ་ཉིད་ལས། “དེའི་ནུབ་མོ་དེ་ཇོ་ལ་ལ་སླེབས་པ་དང་། ཞེས་དང་། རྣམ་ཐར་དེ་ཉིད་ལས། ང་སྨར་ཁམས་ལ་ཕར་སོང་དུས”། ཞེས་སོགས་སྨར་པ་ཡབ་སྲས་ཀྱི་རྣམ་ཐར་གོང་འོག་ཀུན་ལ་དཔྱད་ན། ཤོ་དགོན་རུ་ཤོད་ཀྱི་མངའ་ཁུངས་སུ་ཡོད་པར་ཆེས་གསལ་བར་མངོན་ཡོད། སྨར་པ་ཡབ་སྲས་ནས་བཟུང་སྤང་མཁན་ཆེན་གྱི་དུས་སྐབས་ལའང་ས་སྐྱ་ཚང་དང་འབྲེལ་ལམ་ཟབ་མོ་ཡོད་དེ། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “དཔོན་སློབ་འཁོར་དང་བཅས། དད་པ་ཐོབ་པར་འགྲིག་པར་བྱུང༌། བླ་མ་ཆེན་པོ་གོང་ན་བཞུགས་རྒྱུད་དེ་ལ། དྲུང་ཟུག་ན་ཕར་མཇལ་བྱོན་པ་ལ། ཏི་ཤྲི་བས་ཁྲིད་སྣང་བས་པར་བསྐུར་ནས། འབོལ་གསུམ་གྱིས་སྟེང་དུ་བཞུགས། དྲུང་པ་ཟླ་གམ་མཐན་པོ་འབོལ་ཁོ་རང་ཅན་དེ་བས་ཡག་པ་གསུམ་བཏིང་བ་ནས་བཞུགས་པས། དྲུང་པའི་ཕྱག་ཕུལ་བས། ཁོ་རང་བཞེངས་ནས་ཕྱག་ལན་མཛད། དཔལ་འབར་གྱི་བླ་མ་ཡེ་པ་དང༌། ཙང་བྱོན་ཆོས་རྒྱལ་དཔོན་སློབ་འགའ་གཡོན་གྲལ་དམའ་བ་ལ་སྣང་བས”། ཞེས་དང་། “མཁན་པོ་ལ་ཏི་ཤྲི་ཆེན་པོ་ཕྱག་ལེན་བྱས་བཟླས་ནས། དཔལ་འབར་བའི་དགེ་འདུན་ཐེས་ཀྱིས་བྱིང་པོ་དེ། དྲུང་ངེད་མཇལ་བ་ལ་ཟུག་ཏུ་བྱོན། ཏི་ཤི་བ་དང་མཇལ་སྤྲད་ཡག་པས། གསུངས་གླིང་རྟེན་འབྲེལ་ཤིན་ཏུ་ལེགས་པར་འགྲིག་པོ་བྱུང༌”། ཏི་ཤི་འདི་ཡོན་རྒྱལ་རབས་ཀྱི་གོང་མ་འཇ་ཡན་དང་། རིན་ཆེན། ཐོ་གན་ཐི་མུར་གསུམ་གྱི་དབུ་བླའམ་ཏི་ཤྲི་བྱེས་པའི་ས་སྐྱ་གོང་མ་ཀུན་དཀའ་ལེགས་འབྱུང་ཞུ་བ་དེ་ཡིན། སྤང་མཁན་ཆེན་གྱི་རྣམ་ཐར་ལས། “སློབ་དཔོན་དྷ་རྨཱ་བ་ལ་ཡང༌། དྲུང་པ་ཕར་མཇལ་བྱོན་བས། ཁོས་སྔར་བླ་མ་འཕགས་པས་བཞུགས་ཁྲི་བྱུང་བས་རྩིས་ཅན་གཅིག་གིས་སྟེང་དུ་བཞུགས་པས། དྲུང་པའི་ཕྱག་རྟེན་དར་དཀར་པོ་ཁ་གང་ཕུལ་ནས”། ཞེས་སོགས་ལོ་རྒྱུས་གོང་འོག་ཀུན་ལ་གསལ་བ་ལྟར་ཡིན་ནོ། །

           Description: Machintosh HD:Users:cg:Desktop:IMG_0031.JPG                          Description: Machintosh HD:Users:cg:Desktop:IMG_0768.JPG

     བཀའ་འབུམ་རྒྱལ་གྱིས་རྫུན་རྩོམ་བྱས་པའི་ཇོ་དགོན་གྱི་པར།               གྲྭ་ཐུབ་བསྟན་གྱིས་རྫུན་རྩོམ་བྱས་པའི་ཇོ་དགོན་གྱི་པར།

གསུམ་པ་སྨར་ཚང་ལ་ཇོ་དགོན་ཡོད་མེད་ལ་དཔྱད་པ།  བཀའ་འབུམ་གྱིས་བྲག་གཡབ་ཕྱོགས་སུ་དུས་ད་ལྟའང་སྨར་ཚང་བཀའ་བརྒྱུད་ཀྱི་ཇོ་དགོན་འདི་ཡོད་ཚུལ་གླེང་སློང་བྱས་ནས་པར་འདི་བསྐུར་བ་ལ་བརྟེན་ནས། འདི་བྲག་གཡབ་ཀྱི་ས་ཕྱོགས་གང་དུ་ཡོད་མེད་ཁོང་ལ་ནན་དྲིས་བྱས་དུས་ས་མིང་གཏན་ནས་བཤད་རོགས་བྱས་མ་སོང་བས། ངས་པར་འདི་ང་ཚོས་མི་དངོས་བྲག་གཡབ་ས་ཐོག་འགྲོ་དུས་བསྐུར་ནས་རྒན་གྲགས་པ་སོགས་ལ་ནན་དྲིས་བྱས་དུས། རྒན་གྲགས་པས་བཀའ་འབུམ་ཡོང་དུས་མདོ་ལྷུའི་རི་ལ་ཁྲིད་མཁན་ཁོང་ཡིན་པ་དང་། བཀའ་འབུམ་ལ་དེ་དུས་པར་འདི་འདྲ་ཞིག་འཁུར་རྒྱུ་མེད་ཅིང་ཇོ་དགོན་ཡོད་མེད་དོགས་དྲིས་ཙམ་ཡང་བྱས་མ་བྱུང་ཞེས་གསུངས། གནས་དོན་འདི་བྲག་གཡབ་བ་ངོ་ཤེས་ཚད་ལ་དྲིས་ཀྱང་སྨར་ཚང་གི་ཇོ་དགོན་ཡིན་ཟེར་བ་འདི་འདྲ་ཞིག་མཐོང་ཐོས་མེད། ཅེས་བརྗོད་པ་རེད། གནས་དོན་འདིས་བཀའ་འབུམ་གྱིས་སྨར་ཚང་ལོ་རྒྱུས་དགའ་ཞེན་དང་ཡང་ན་ལོ་རྒྱུས་ལ་དྲང་བདེན་ཆེད་དུ་ཉུལ་ཞིབ་མིན་པར་ཕྱོགས་ལྷུང་གི་ཀུན་སློང་བཅངས་ཡོད་པའི་འབྲས་རྟགས་ཡང་དག་ཅིག་བསྟན་པའི་ཕྱིར་རོ། །

བ་ཕུལ་ཚང་གི་གྲྭ་ཐུབ་བསྟན་གྱིས་སྨར་ཚང་གི་ལོ་རྒྱུས་ལ་རྫུན་རྩོམ་མང་པོ་བྱས་ནས་ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ཟེར་བ་ཞིག་ལ་བཀོད་པ་མཐོང་མ་ཐག་ཏུ། ངས་ཞི་འཇམ་ཐོག་ནས་ཁོ་ལ་གནས་ལུགས་བཤད་པས་ཁོས་ང་ལ་དགོངས་དག་ཞུས་ཀྱང་འདི་ལོ་རྒྱུས་ལ་གཞི་མེད་རྫུན་སྒྲིག་ཡིན་པས། ངས་ཕྱི་ལོ་༡༩༩༥་ལོར་རྒྱ་བཀག་ནས་རྔ་ལྔ་བར་གྲོང་སྡེ་རེ་རེ་བཞིན་ལོ་དྲུག་ཅུ་ཡན་གྱི་རྒས་རབས་ལ་དྲིས་ཞིབ་བྱས་དུས། ཁོས་བཤད་པ་རྣམས་ཁ་སྒྲུང་ལའང་མེད་པས་ཕྱིར་འཐེན་བྱ་དགོས་ཚུལ་རེ་བསྐུལ་ཐེངས་གཉིས་བྱས་ཀྱང་ཁོས་ཕྱིར་འཐེན་བྱེད་མེད། ངས་ཁོས་རྫུན་བཤད་པ་རྣམས་རེ་རེ་བཞིན་ཐེར་འདོན་བྱས་ནས་བཏང་དུས། ཁོས་གསལ་བཤད་བྱ་རྒྱུ་ཡོད་ཟེར། ངས་ཡང་སྐྱར་དུས་ཚོད་སྤྲད་ནས་ཁ་པར་ཐེངས་བཅུ་ལྷག་བརྒྱབ་ཀྱང་འོང་མེད། ངས་སྤོམ་མདའ་དང་བ་ཕུལ་རི་ཁྲོད་ཀྱི་རི་ལུང་ཀུན་ལ་ཞིབ་འཇུག་བྱས་ནས་པར་བརྒྱབ་པ་འགའ་ཤས་བཏང་སྟེ། རྫུན་རྩོམ་ཕོད་པ་ལ་ཁུངས་སྐྱེལ་མི་ཕོད་ཅི་རེད་སོང་ཞེས་ཐེངས་འགའ་དྲིས་ཀྱང་ལན་མེད་པར་ཡིབ་ནས་བསྡད་པ་རེད། དེ་རིང་ཡང་སྐྱར་ཁ་པར་ཐེངས་མང་བརྒྱབ་ནས་ཁྱོད་ལ་རྒྱུ་མཚན་ཡོད་ན་གདོང་བསྟན་ནས་ཤོད་དགོས། ཁྱོད་ཀྱིས་བགྲོ་གླེང་བྱ་རྒྱུ་ཡོད་ཟེར་བ་མ་ཡིན་ནམ། ཞེས་དྲིས་དུས། ཁྱོས་ལན་ལ། “ངའི་གདོང་གཞན་གྱི་གང་འདོད་དུ་བེད་སྤྱོད་པ་ལ་སྐྲག་”ཟེར་བ་རེད། ཁྱོད་ཀྱིས་སྨར་ཚང་གི་ལོ་རྒྱུས་ལ་རྫུན་སྒྲུང་བརྩམས་ནས་བཙོངས་དུས་ཁྱོད་མ་སྐྲག་པ་དང་། ད་ལྟ་རྐུབ་བརྡོལ་བས་ཁྱོད་སྐྲག་པ་རེད་ཅེས་སོགས་ཟེར་ཡང་ཡིབ་ནས་ཅི་ཡང་བཤད་མ་བྱུང་བས། ཟླ་བ་༣་ཚེས་༢༤་ནས་ཚེས་༢༩་བར་ཉི་མ་ལྔའི་རིང་ངས་བཤད་པ་ལ་དྲང་པོ་མེད་ན། པར་དང་ཁུངས་སྐྱེལ་གང་ཡོད་ཆོག་པའི་དུས་ཚོད་འདང་ངེས་སྤྲོད་ཡོད་ཟེར་ཡང་ལན་མི་འདུག་པས།  རྫུན་གྱི་སྒྲུང་རྣམས་བརྡོལ་བ། དམིགས་ཡུལ་ལ་དཔྱད་པ། སྔ་ཕྱིའི་ནང་འགལ་དང་གསུམ་ཡོད། དང་པོ་རྫུན་གྱི་སྒྲུང་རྣམས་བརྡོལ་བ་ལ་བཅུ་བཞི་ལས། དང་པོ། “བཤད་ཚུལ་གཞན་ཞིག་ཡོད་པ་ནི། གྱང་རལ་འདི་དག་བཀའ་བརྒྱུད་པའི་དགོན་ཤུལ་རེད་ཟེར་གྱི་འདུག”  ཅེས་ཟེར། ངས་ངག་ཐོག་ནས་འདི་ཟེར་མཁན་སུ་རེད་ཅེས་དྲིས་དུས་ཁྱོད་ལ་ལན་མེད་ཀྱང་། ད་ལྟ་ཡང་སྐྱར་གྱང་རལ་འདི་བཀའ་བརྒྱུད་པའི་དགོན་ཤུལ་རེད་ཟེར་མཁན་གྱི་མི་མིང་ཅི་ཡིན་དྲི་ཡོད་པས་རྫུན་མིན་ན་ལན་ཐོང་། དྲི་བ་གཉིས་པ། “བཤད་ཚུལ་འདི་ཡང་ཁུངས་ལྡན་ཞིག་ཡིན”། ཞེས་ཟེར། འདི་ཁུངས་ལྡན་ཟེར་མཁན་གྱི་མི་མིང་ཅི་ཡིན་ངག་ཐོག་ནས་ཁྱོད་ལ་དྲིས་དུས་ལན་མེད་ཀྱང་། ཡང་སྐྱར་ཁུངས་ལྡན་མི་སུ་ཡིན་དྲི་ཡོད་པས་རྫུན་བཤད་མིན་ན་ལན་ཐོང་། གསུམ་པ།  “སྨར་པ་བཀའ་བརྒྱུད་ཀྱི་བསྟན་པ་ནི་རྩ་བ་འདི་ནས་ཚུགས་ཤིང་རྩེ་མོ་ཡང་འདི་ནས་རྒྱས་པ་རེད”། ཅེས་ཟེར། རྩ་བ་གྱང་རལ་འདི་ནས་ཟེར་བ་ཡིན་ནམ་ཞེས་ངག་ཐོག་ནས་ཁྱོད་ལ་དྲིས་དུས། ཁྱོད་ཀྱིས་ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ཀྱིས་གྱང་རལ་གྱི་པར་འོག་ཏུ། རྩ་བ་འདི་ནས་ཞེས་པ་སྒྲིག་ཡོང་བསམ་མ་བྱུང་ཟེར་བ་སོགས་གཞན་ལ་ཉེས་ཁ་གཡོག་སྟངས་ལ་བལྟས་ན་ཁྱོད་རྫབ་ཆེན་ཡིན་པར་མངོན་ཡོད།  ཡང་སྐྱར་རྩ་བ་འདི་ནས་ཞེས་འདི་སྒྲ་གྱང་རལ་འདི་མིན་ན་སུ་ཡིན་ཁྱོད་ཀྱིས་ལན་ཐོང། བཞི་པ། “དམངས་ཁྲོད་དུ་སྐབས་དེར་དུང་སྐད་གོ་བའི་ས་ཚིགས་རེ་ལ་སྨར་ཚང་གི་དགོན་པ་རེ་རེ་ཡོད་པ་བཤད་སྲོལ་འདུག” ཅེས་ཟེར། འོ་ན། བ་སྟེང་སྒོང་པ། སྤོམ་མདའ་བ། རྒྱ་བཀའ་སྡེ་ཁག་ཕྱེད་གསུམ་སོགས་སུའི་དམངས་ཁྲོད་ལ་བཤད་སྲོལ་ཡོད་དམ་ཞེས་ཁྱོད་ལ་དྲིས་དུས་ལན་མེད་ཀྱང་། ཡང་སྐྱར་དམངས་ཁྲོད་མི་ཉི་ཤུ་ཡོད་ན། ཉུང་མཐའ་མི་བཅུ་གཅིག་གི་བཤད་སྲོལ་མཐུན་དགོས་པས་རྫུན་མིན་ན་མི་རེ་རེ་བཞིན་མིང་དྲོངས་དགོས། ལྔ་པ། “དུང་སྐད་གོ་བའི་ས་ཚིགས་རེ་ལ་སྨར་ཚང་གི་དགོན་པ་རེ་རེ་ཡོད་པ་བཤད་སྲོལ་འདུག” ཅེས་ཟེར། གྱལ་རལ་འདི་སྨར་ཚང་གི་དགོན་ཤུལ་ཡིན་ན། དུང་སྐད་གོ་ས་རེ་ལ་དགོན་ཤུལ་རེ་ཡོད་དགོས་པས་ང་ཚོས་ཉིན་མོ་མིག་གིས་བལྟས་པས་མཐོང་ཡ་མེད་པས། ཁྱོད་ཀྱིས་རྫུན་བཤད་མིན་ན་དགོན་ཤུལ་རྣམས་པར་བརྒྱབ་ནས་གཏོང་དགོས། དྲུག་པ། “དད་འདུན་གྱི་སྤུ་ལོང་དབང་མེད་དུ་སྐྱེ་འོང་བའི་སྒྲུབ་གནས་དང་མཚམས་ཁང་མང་པོ་དེང་སང་ཡང་ཕ་ཡུལ་གྱི་རི་ཁ་ཀུན་ལ་མཇལ་རྒྱུ་ཡོད་པས་སོ”། ཞེས་ཟེར། དེ་ལྟར་མེད་པར་ངས་སྔ་མོ་ནས་ཤེས་ཀྱང་ཉེ་ཆ་ཡང་སྐྱར་སྤོམ་མདའ་ཕྱོགས་ཀྱི་རི་ལུང་ཚང་མར་པར་བླངས་དུས་དེ་འདྲ་མེད་པས། ཁྱོད་ཀྱིས་རི་ཁ་ཀུན་ལ་མཇལ་རྒྱུ་ཡོད་ཟེར་བ་དེ་པར་བརྒྱབ་ནས་ངེས་པར་གཏོང་དགོས། བདུན་པ། “དད་ལྡན་པ་ཞིག་གི་ངོས་ནས་བཤད་ན་བྱིན་རླབས་ཆེ་ཞིང་ལོ་རྒྱུས་པ་ཞིག་ལ་མཚོན་ན་དཔྱད་གཞིའི་རིན་ཐང་ཆེ་བའི་གནའ་ཤུལ་འདི་དག་ང་ཚོ་ཕྱི་རབས་པ་ཚོས་བདག་སྐྱོང་བྱེད་མ་ཐུབ་ཀྱང་དམིགས་ཡུལ་སྣ་ཚོགས་པ་ལ་བརྟེན་ནས། ལོ་རྒྱུས་རྫུན་སྒྲིག་ནི་གཅིག་ཀྱང་མ་བྱེད་རོགས་ཞེས་པའི་རེ་སྐུལ་ཞིག་ཀྱང་ཞར་བྱུང་དུ་ཐལ་ལོ”། ཞེས་ཟེར། ངས་སྨར་ཁམས་དང་སྨར་ཚང་གི་ལོ་རྒྱུས་རྫུན་སྒྲིག་བྱེད་མཁན་སུ་ཡིན་མི་མིང་སྟོན་ཟེར་དུས། ཁྱོད་ཀྱིས་བཤད་ན་ངས་སྤྱིར་ཚོག་དྲ་ལམ་ཐོག་བཤད་ཡོང་བསམ་པ་ཡིན་ཚུལ་ཁ་གཡར་ནས་ཁུངས་སྐྱེལ་ཐུབ་མེད། ཡང་སྐྱར་ལོ་རྒྱུས་རྫུན་སྒྲིག་མ་བྱེད་རོགས་ཞེས་རང་གིས་རང་ལ་ཟེར་བ་ཡིན་ནམ། སུ་ལ་ཟེར་བ་ཡིན་ལན་ཡོད་ན་ཐོང་། བརྒྱད་པ།  “ད་སྐབས་སྨར་ཁམས་སྟོད་ཕྱོགས་ནས་འབྲུག་པའི་བཀའ་བརྒྱུད་ཡིན་ཟེར་བའི་དགོན་པ་ཞིག་ཡོད་ཀྱང་། གྲྭ་ས་ཆོས་བརྒྱུད་དང་འདོན་ལྟ་དབྱངས་སོགས་ལ་བརྟགས་དུས་བཀའ་བརྒྱུད་པ་ཞིག་གི་མཚན་ཉིད་ཡེ་ནས་མེད་དོ”། ཞེས་ཟེར། ངས་ངག་ཐོག་ནས་བཀའ་བརྒྱུད་པའི་མཚན་ཉིད་གང་ཡིན་ནམ་ཞེས་དྲིས་དུས་ཁྱོད་ལ་ལན་མེད་ཀྱང་། ཡང་སྐྱར་འབྲུག་པ་ཚང་གི་དགོན་པ་དེ་བཀའ་བརྒྱུད་ཀྱི་མཚན་ཉིད་ཚང་མེད་ན། ཁྱོད་ཚོར་རྙིང་མའི་མཚན་ཉིད་ཇི་ལྟར་ཚང་ཡོད་དམ་ཁྱོད་ཀྱིས་ལན་ཐོང་། དགུ་པ། ཁྱོད་ཀྱིས་འབྲུག་པ་ཚང་གི་འདོན་རྟ་དབྱངས་བརྟགས་དཔྱད་བྱས་ཟིན་འདུག་པས་ཁོང་ཚོ་སྟོད་འབྲུག་བར་འབྲུག་སྨད་འབྲུག་གསུམ་གང་གི་འདོན་རྟ་དབྱངས་དང་མི་མཐུན་པ་རེད་འདུག་གམ་ཞེས་དྲིས་དུས་ལན་མེད་ཀྱང་། ཡང་སྐྱར་དྲི་ཡོད་པས་ཁྱོད་ཀྱིས་ལན་ཡོད་ན་ཐོང་། བཅུ་པ། “ ཇོ་དགོན་འདི་དར་ཞིང་རྒྱས་པའི་སྐབས་སུ་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་མཆོག་ཏུ་གྱུར་པ་ཞིག་ཡོད་པར་གདོན་མི་ཟའོ”། །ཞེས་ཟེར། འདི་ཇོ་དགོན་ཡིན་པར་ཐག་བཅད་པ་དང་མཆོག་ཏུ་གྱུར་པ་གདོན་མི་ཟ་ཟེར་ཡོད་པས་ཁྱོད་ལ་དཔང་བརྟགས་ག་པ་ཡོད་དམ། ཡང་སྐྱར་ཁྱོད་ལ་དྲི་ཡོད་པས་རྫུན་མིན་ན་ལན་ཐོང་། བཅུ་གཅིག་པ། “སྐབས་དེར་ཆོས་ལུགས་གཞན་གྱི་བྱེད་ཕྱོགས་དང་ཅུང་མི་འདྲ་བ་ཞིག་ལ། སྨར་ཚང་གིས་ཕྱོགས་གང་སར་ཇོ་དགོན་ཧ་ཅང་མང་པོ་བརྒྱག་ཡོད་ཚོད་འདུག” ཅེས་ཟེར། སྨར་ཚང་གི་ཇོ་དགོན་ཧ་ཅང་མང་པོ་བརྒྱབ་པའི་མཚོན་བརྟགས་ག་རེ་བསྟན་རྒྱུ་ཡོད་དམ། ཡང་སྐྱར་ཁྱོད་ལ་དྲི་ཡོད་པས་རྫུན་མིན་ན་ལན་ཐོང་། བཅུ་གཉིས་པ། “ཇོ་དགོན་དེ་དག་གིས་ཉིན་བཞིན་སྔ་གུང་ཉི་གསུམ་ལ་དུང་ཐེངས་རེ་འབུད་སྲོལ་ཡོད་པ་དང་། དུང་སྒྲ་དེ་ཡུལ་མི་སུས་ཐོས་ན་མ་ཎིའི་མགུར་དབྱངས་རེ་བླངས་དགོས་པར་གྲགས”།  ཞེས་ཁྱོད་ཀྱི་ཕ་ཡུལ་ལུང་པ་ལ་གྲགས་མི་འདུག་པས་ཁྱོད་རང་གཅིག་པུའི་རྣ་ཅོག་ལ་གྲགས་པ་ཡིན་ནམ། ཡང་སྐྱར་དྲི་ཡོད་པས་རྫུན་མིན་ན་ལན་ཐོང་། བཅུ་གསུམ་པ། “ཡང་བཤད་སྲོལ་ཞིག་ལ། སྐབས་ཤིག་ལ་ཡུལ་མི་ཚོས་ཇོ་དགོན་རྣམས་ལ་དད་པ་ཆེན་པོ་བྱས་པས་གྲྭ་དགོན་རྣམས་ལ་དེ་ཙམ་བརྩི་མཐོང་མེད་པར་གྱུར”། ཞེས་ཟེར། འདི་སུ་ཡིན་ཟེར་བྱུང་ཞེས་དྲིས་ཁྱོད་ལ་དྲིས་དུས་ལན་མེད་ཀྱང་། ཡང་སྐྱར་གྲྭ་དགོན་ཚོ་ལ་མཐོང་མེད་པར་གྱུར་ཟེར་མཁན་མི་དེའི་མིང་གང་ཡིན་ནམ་ཞེས་ཁྱོད་ལ་དྲི་ཡོད་པས་རྫུན་སྒྲུང་མིན་ན་ལན་ཐོང་། བཅུ་བཞི་པ། “ཚུལ་དེ་གྲྭ་དགོན་འགས་མ་བཟོད་པས་ཆེད་དུ་ཇོ་མོ་རྣམས་ཀྱི་སྡོམ་པ་བཙན་འཕྲོག་བྱས་པའི་ལོ་རྒྱུས་ཀྱང་འདུག” ཅེས་ཟེར། རྫུན་སྒྲུང་འདི་ཁུངས་སྐྱེལ་ངེས་པར་བྱ་དགོས། བཅུ་ལྔ་པ། “གསལ་བཤད། ཇོ་མོའི་དགོན་ཤུལ་འདི་ནི་གུས་པ་ཁ་ཐག་ཉེ་བའི་ས་ཆ་ན་ཡོད་པའི་རྒྱུ་མཚན་གྱིས་དཔེ་མཚོན་བགྲངས་པ་ཙམ་ལས། ཕ་ཡུལ་གྱི་གཡས་གཡོན་ན་དེ་ལས་རྒྱ་ཁྱོན་ལྡབ་མང་པོ་ཆེ་བའི་དགོན་ཤུལ་ཡང་མང་པོ་ཡོད”། ཅེས་ཟེར། ཁྱོད་ཀྱི་ཕ་ཡུལ་ལ་རི་ལུང་ཚང་མ་བརྟགས་དཔྱད་བྱས་ཚར་བས། རྒྱ་ཁྱོན་ལྡབ་མང་བའི་དགོན་ཤུལ་མང་པོ་ཡོད་ཟེར་བ་འདི་རག་བཟི་མིན་ན་སྨྱོན་པ་རང་རེད། ཁྱོད་ཀྱིས་རྫུན་སྒྲུང་དེར་ཀློག་པ་པོས་ཡིད་ཆེས་རྙེད་ཐབས་ཆེད་དུ་རྫུན་འདི་བཤད་པར་མངོན་ཡོད། དེ་ལྟར་མིན་ན་དགོན་ཤུལ་ཉུང་མཐའ་ལ་བཅུ་གྲངས་ཤིག་པར་བརྒྱབ་ནས་ངེས་པར་བསྟན་དགོས། བཅུ་དྲུག་པ། “གཅིག་བྱས་ན་གྱང་རལ་འདི་རྣམས་འཇང་གི་མཁར་རྫོང་ཡིན་ཡང་སྲིད”། ཅེས་ཟེར། ལྟོས་དང་ཁྱོད་ཀྱིས་མགོ་གཉིས་མ་འཁྲབ་ཡོད། སྨར་ཚང་གི་ཇོ་དགོན་ཡིན་ཚུལ་རྙོག་བཤད་ལུང་པ་གང་བྱས་ནས་མཐའ་མཇུག་དེ་འཇང་གི་མཁར་རྫོང་ཡིན་སྲིད”། ཟེར་བ་འདིར་བལྟས་ན་རྣམ་རིག་ལྡན་པའི་རག་བཟི་ཞིག་གིས་ཀྱང་འདི་འདྲ་འགལ་བ་ལྟག་སྤྲོད་བཤད་མི་སྲིད་པ་རེད།

གཉིས་པ་དམིགས་ཡུལ་ལ་དཔྱད་པ། དང་པོ་སྨར་འབྲུག་གཉིས་ཀྱི་བསྟན་པ་འདི་སྨར་ཁམས་ལུང་པ་ལ་ཡོད་ན་ཁྱོད་ཕྲག་དོག་གིས་མི་བཟོད་པར་མངོན་ཡོད། གཉིས་པ་སྨར་ཚང་གི་བསྟན་པ་འདི་ཉམས་རྐྱེན་རྩ་བ་དེ་གྲྭ་པ་ལ་སྤྱིར་ཚོགས་ཐོག་མཐོང་བརླགས་པ་དང་། གྲྭ་པས་ཇོ་མོའི་སྡོམ་པ་བཙན་འཕྲོག་བྱས་པས་བསྟན་པ་ཉམས་སོང་བའི་རྣམ་འགྱུར་སྟོན་ཐབས་མངོན་ཡོད། གསུམ་པ་ཁྱོད་ཀྱིས་རྫུན་སྒྲུང་རྣམས་ཀློག་པ་པོས་ཡིད་ཆེས་འཐོབ་ཆེད་དུ། ཁྱོད་རང་དྲང་པོ་ཡིན་པ་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་སྟོན་ནས་ལོ་རྒྱུས་རྫུན་སྒྲིག་མ་བྱེད་རོགས་ཞེས་རེ་བསྐུལ་རྫུན་མ་བྱས་པར་མངོན་ཡོད། འདི་བརྐུས་མས་བརྐུ་མ་བྱེད་རོགས་ཟེར་ལྟ་བུ་རེད། བཞི་པ་ཁྱོད་རང་དཔྱད་རྩོམ་པ་ཞིག་གི་མིང་འཐོབ་པའི་ཕྱིར་ངོ་ཚ་ཁྲེལ་མེད་ཀྱིས་སྨར་ཚང་གི་ལོ་རྒྱུས་ལ་གཞི་ཉེས་འཛུགས་བྲིས་པར་མངོན་ཡོད།

གསུམ་པ་སྔ་ཕྱིའི་ནང་འགལ་ལྔ་ནི། དང་པོ། “གྱང་རལ་འདི་དག་བཀའ་བརྒྱུད་པའི་དགོན་ཤུལ་རེད་ཟེར་གྱི་འདུག  བཤད་ཚུལ་འདི་ཡང་ཁུངས་ལྡན་ཞིག་ཡིན”། ཟེར་བ་འདི་དང་། “གཅིག་བྱས་ན་གྱང་རལ་འདི་རྣམས་འཇང་གི་མཁར་རྫོང་ཡིན་ཡང་སྲིད”། ཟེར་བ་འདི་གཉིས་ནང་འགལ་རེད།  གཉིས་པ། “སྨར་པ་བཀའ་བརྒྱུད་ཀྱི་བསྟན་པ་ནི་རྩ་བ་འདི་ནས་ཚུགས་ཤིང་རྩེ་མོ་ཡང་འདི་ནས་རྒྱས་པ་རེད”། ཅེས་རྩ་བ་བཙུགས་ས་གྱལ་རལ་འདི་ཡིན་པར་ཐག་བཅད་པ་འདི་དང་། “ཇོ་དགོན་འདི”། ཞེས་ཡང་ཇོ་དགོན་ཡིན་པར་ཁས་ལེན་ནང་འགལ་རེད།  གསུམ་པ། “ཇོ་དགོན་དེ་དག་གིས་ཉིན་བཞིན་སྔ་གུང་ཉི་གསུམ་ལ་དུང་ཐེངས་རེ་འབུད་སྲོལ་ཡོད་པ་དང་”། ཞེས་འདི་ཇོ་དགོན་ཡིན་པར་ཐག་བཅད་པ་དང་།  “དུང་སྒྲ་དེ་ཡུལ་མི་སུས་ཐོས་ན་མ་ཎིའི་མགུར་དབྱངས་རེ་བླངས་དགོས་པར་གྲགས”། ཞེས་ཟེར་བ་འདི་གཉིས་ནང་འགལ་རེད།  བཞི་པ། “ཚུལ་དེ་གྲྭ་དགོན་འགས་མ་བཟོད་པས་ཆེད་དུ་ཇོ་མོ་རྣམས་ཀྱི་སྡོམ་པ་བཙན་འཕྲོག་བྱས་པའི་ལོ་རྒྱུས་ཀྱང་འདུག” ཅེས་ལོ་རྒྱུས་ཡོད་པར་ཐག་བཅད་པ་འདི་དང་། “གཅིག་བྱས་ན་གྱང་རལ་འདི་རྣམས་འཇང་གི་མཁར་རྫོང་ཡིན་ཡང་སྲིད”། ཟེར་བ་འདི་གཉིས་ནང་འགལ་རེད། ལྔ་པ། “རྒྱ་ཁྱོན་ལྡབ་མང་པོ་ཆེ་བའི་དགོན་ཤུལ་ཡང་མང་པོ་ཡོད”། ཅེས་ཐག་ཆོད་པོས་ཤོད་པ་འདི་དང་། “གཅིག་བྱས་ན་གྱང་རལ་འདི་རྣམས་འཇང་གི་མཁར་རྫོང་ཡིན་ཡང་སྲིད”། ཟེར་བ་འདི་གཉིས་ནང་འགལ་རེད། ཞིབ་འཇུག་པ་ཞིག་ཡིན་སྲིད་ན་འདོར་མི་རུང་བའི་འགན་ཁྲིད་ཆེན་པོ་གསུམ་ཡོད། ལོ་རྒྱུས་ལ་དཔྱད་ཕོད་པ། འགན་འཁུར་ཕོད་པ། དྲང་པོ་བརྗོད་ཕོད་པ་གསུམ་ངེས་པར་ཚང་དགོས། ཆ་རྐྱེན་གསུམ་པོ་ཚང་མེད་ན་རང་གིས་རང་ཞིབ་འཇུག་པའི་གྲས་ནས་ཕུད་པར་ཤེས་དགོས། དཔེར་ན། བརྗོད་གཞི་གཅིག་ལ་དཔྱད་ཞིབ་བྱ་དགོས་ན། བརྗོད་གཞི་དེ་ཉིད་བྱུང་བའི་ལོ་དུས་དངོས་དང་ཡང་ན་ལོ་དུས་དེར་ཁ་ཐག་ཉེ་བའི་ལོ་རྒྱུས་དེབ་ཐོག་བཀོད་པ་ཞིག་རྙེད་དགོས་པ་ནི་དཔྱད་གཞིའི་མ་རྩ་དེ་ཡིན། དགོན་མིང་ལྟ་བུ་གང་ཡང་རུང་བའི་མིང་ཚིག་ཅིག་རྙེད་སོང་ན།  དཔྱད་གཞི་དེ་ཉིད་ཁུངས་སོ་སོའི་རྒས་འབྲིང་བར་གསུམ་ལ་སྐྱར་དྲིས་བྱས་ནས། དཔྱད་གཞི་དང་མཐུན་ཤས་ཆེ་ཆུང་ཡོད་དོ་ཅོག་རུབ་པ་ནི་དཔྱད་བྱའི་རྨང་གཞི་དེ་ཡིན། དེ་ནས་མཐུན་ཤས་ཆེ་ཆུང་རྣམས་དབྱེ་ཞིབ་བྱས་ནས་གང་ཞིག་འཐད་པར་རྗེས་དཔག་བྱས་ནས་ཐག་གཅོད་དགོས་པ་རེད། ཁྱོད་ལ་ཁྱད་ཆོས་དེ་དག་ཟུར་ཙམ་མེད་པར་ཁ་སྒྲུང་དང་། ཡང་ན་བསམ་བཞིན་དུ་རྒས་པོས་མ་བཤད་ཀྱང་རྒས་པོ་ལ་ཁ་གཡར་ནས་རྟོག་བཟོས་ཞིག་ལོ་རྒྱུས་དངོས་ལ་སྦྱར་ན། གསེར་ལ་གད་སྙིགས་སྦྱར་བ་དང་མཚུངས་པའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཏུ་གྱུར་པ་རེད། ལོ་རབས་མང་པོའི་རིང་ལོ་རྒྱུས་ལ་གཉིད་ཁུག་པའི་སྨར་ཁམས་པ་ལ་རེས་ད་ལྟ་གློ་བུར་དུ་གཉིད་གཏམ་བཤད་པ་ནི་ཆེས་མི་མཛེས་སོ། །འགའ་ཤས་ཁང་པའི་སྦུག་ལ་འཛུལ་ནས་ལོ་རྒྱུས་ཉམས་ཞིབ་བྱེད་མཁན་ཡིན་པའི་རྣམ་འགྱུར་སྟོན་པའང་མཐོང་སྟེ། དཔེར་ན། སྨེར་གཤིས་ཆུ་རྒྱུན་དུ་སྨར་ཚང་གི་དགོན་ཤུལ་གཉིས་གསུམ་ལས་མེད་ཀྱང་། བྲག་གཡབ་བ་ཚོས་སྨེར་གཤིས་ཆུ་རྒྱུན་དུ་སྨར་ཚང་གི་དགོན་པ་ས་ཁྱབ་རྡོ་དར་གྱུར་ཡོད་ཅེས་རྫུན་གཏམ་སྤེལ་བ་ལྟ་བུའོ། ། ཤོ་ཙོམ་ཉི་ཟླ་ཟུང་གཅིག་གི་གདན་རབས་དང་བླ་རབས་ཀྱི་ལོ་རྒྱུས་དག་ལ་དགོན་ལག་ཡོད་ཚད་མིང་དྲངས་ཡོད་ཀྱང་ཇོ་དགོན་ཡོད་ཚུལ་གཏན་ནས་དྲངས་མེད། སྨར་ཚང་བླ་མ་རྣམས་ཀྱིས་སྨར་ཁམས་ལ་སྒྲུབ་སྡེ་བརྒྱ་དང་བརྒྱད་བཏབ་ཚུལ་ཐེངས་མང་གསུངས་ཡོད་ཀྱང་ཇོ་དགོན་ཡོད་རབས་ཟུར་ཙམ་ཡང་མེད། ད་དུང་མི་ལོ་བརྒྱད་བརྒྱ་ལྷག་གི་རིང་སྨར་ཚང་གི་ལོ་རྒྱུས་ལ་སྦྲང་སྐད་ཙམ་ཡང་གོ་ཐོས་མེད་པ་ཞིག་གློ་བུར་དུ། ཀླད་ཁམས་ཉམས་པའི་རྒས་འཁོགས་ཀྱི་ཁ་སྒྲུང་དང་བླ་མའི་རྨི་ལམ་སོགས་ལ་ཁ་གཡར་ནས་དབྱར་གྱི་ཤ་མོ་འབུད་པ་བཞིན་ཕྱོགས་ངེས་མེད་ནས་ཁ་སྒྲུང་གསར་པ་མང་པོ་འབུད་ཡོང་ཐག་ཆོད་རེད་གདའ། འདི་ནས་གསལ་བཤད་དགོས་པ་ཞིག་ལ་སྨར་ཚང་གི་ལོ་རྒྱུས་ང་ཚོས་བདག་གིར་བཟུང་ནས་དཔྱད་ཞིབ་བྱེད་ན་དགག་པ་བརྒྱག་རྒྱུ་ཡིན་ཞེས་སྔར་ཤོད་མེད་ལ་ཕྱིས་སུའང་ཤོད་མི་སྲིད། ཀུན་སློང་སྣ་ཚོགས་བཅངས་ནས་སྨར་ཚང་གི་ལོ་རྒྱུས་ལ་གཞི་མེད་ཉེས་འཛུགས་དང་། ཡིན་པར་མིན་པར་སྒྲུབ་པ། མེད་པར་ཡོད་པར་སྒྲུབ་མཁན་སྟག་དང་སྦྲང་མ་སུ་ཡིན་ཡང་འདས་པའི་དཔྱད་བརྗོད་དག་ལ་ཐེར་འདོན་བྱས་ཟིན་ལ། མ་འོང་པ་ཡང་དོན་དངོས་དང་མི་མཐུན་པ་སྨྲ་བའི་སྟག་དང་སྦྲང་མ་སུ་ཡིན་ཡང་ཐེར་འདོན་བྱ་ངེས་ཅན་ཡིན་པས་མ་ཤོད་སྔོན་ནས་ཐུགས་གཟབ་གནང་རོགས་ཞུས་ཀྱིན་ཡོད།  

             སྨར་ཚང་ཉམས་ཞིབ་ཚོགས་པས་ཡིག་རྙིང་སོགས་ལ་བགྲོ་གླེང་བྱས་པའི་པར།

བཞི་པ་སྨར་ཚང་གི་ཡིག་རྙིང་དང་གནའ་རྫས་ཉུལ་བ། སྨར་ཚང་དཔྱད་ཞིབ་སྡེ་ཚན་གྱིས་ཆོས་རྗེ་སྨར་པ་རིན་པོ་ཆེའི་གནས་བཤད་དང་། འཇམ་མགོན་ས་པཎ་གྱིས། “ཤར་ཕྱོགས་ཀྱི་སའི་ཆ་གནམ་འཕང་མཐོ་ཞིང་རྒྱ་ཡངས་ལ་ཡིད་དུ་འོང་བ། རི་བོ་ཆེན་པོ་རིན་པོ་ཆེ་འབར་བ་ལྟ་བུའི་ངོགས། རྩི་ཤིང་དང་ནགས་ཚལ་ཕུན་སུམ་ཚོགས་པ། མཛེས་པའི་མེ་ཏོག་སྣ་ཚོགས་དང་།  སྒྲ་སྙན་པའི་བྱ་དུ་མས་གང་བ། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་བསྟེན་པའི་གནས།  དཔལ་གྱི་ཤོ་དགོན་ན”། ཞེས་སོགས་གསུངས་པ་རྣམས་དང་འདྲ་བའི་ས་ཆ་ནི་ཁམས་སྤྲུལ་ཀརྨ་བསྟན་འཕེལ་གྱི་རང་རྣམ་ལས། རིམ་གྱིས་བྱམས་མདུན་དུ་ཕྱིན། ཆར་སློང་བྱས་པས་ཀྱང་བབས། ཆོས་ར་ཡང་རེ་ཟུང་འདུས་བྱུང་བར། བློ་སྦྱོང་། ཕྱག་ཆེན་དམིགས་ཐུན། ཚོགས་ཆོས་མོན་འཁོར་མ་ཆེ་ཆུང་སོགས་འཕྲལ་དགོས་འགའ་རེ་བཤད། བཟའ་བཏུང་དགའ་རབ་རྙེད་ཀྱང་འགྲུལ་གྱི་སུན་པས་སྡོད་གནས་དབེན་ཞིང་འཚེ་བ་མེད་པའི་ས་ཁུལ་ཞིག་བྱུང་ན་རྒྱང་ཙམ་སྡོད་རྩིས་ཀྱིས་འོ་འཛོམ་འགོར་ཕྱིན། གྱང་ར་འདུག་པ་བདག་པོས་འཛིན་མཁན་ཡོད་དམ་མེད་རྩད་བཅད་པས་འདི་ལ་སུས་ཀྱང་བདག་འཛིན་བྱེད་མཁན་མེད། སྔར་སྨར་ཚང་བཀའ་བརྒྱུད་དར་རྒྱས་སུ་འཛོམས་དུས་ཀྱི་དགོན་གནས་སུ་འདུག་ཅེས་གླེང་བས་རྟེན་འབྲེལ་ལེགས། ཕག་གྲུའི་སློབ་མས་བྱིན་གྱིས་བརླབས་པའི་གནས་སུ་འདུག་པས་གོ་བཅད་སྙམ། ཕྱོགས་གང་དུ་བལྟས་ཀྱང་ས་སྒྲ་མི་འདུག་ཅིང་རི་ཡི་རྩེ་ཟླུམ་པ་ཡིད་དུ་འོང་བ་གཅིག་འདུག་པས། བྱ་རྒོད་སྤུངས་པའི་རི་བོ་ཡིན་ཞེས་མིང་དུ་བཏགས། ཕྱོགས་ཐམས་ཅད་ནས་ལོ་ཐོག་གི་མདོག་སྣ་ཚོགས་པ་དང་། ལྗོན་ཤིང་གི་ཕྲེང་བས་ཚར་དུ་དངར་བའི་མཆོད་སྤྲིན་དུ་འདུག་པས་བག་ཕེབས། ཕྱོགས་ཕྱོགས་ནས་ཆོས་དོན་དུ་གཉེར་བ་མང་པོ་འོང་གིན་འདུག་པ་རྣམས་དད་བརྩོན་ཤེས་རབ་ཆེ་བས་དགེ་སྦྱོར་གྱི་སྐྱེས་ཕུལ་ཡང་དགའ་མོ་ཡོང་གིན་འདུག་ལ། བོད་སྐད་གཏན་ནས་མི་གོ་བའི་རིགས་སླེབས་བྱུང་བ་ལའང་། སྨར་སྐད་པར་ལོ་ཙ་བས་བསྒྱུར་དུ་བཅུགས་ནས་བསླབས་པས་དགེ་སྦྱོར་སྐྱོང་བདེ་དགའ་མོ་བྱུང་སོང་། ཞེས་གསུངས་པར་བལྟས་ན། ཁམས་སྤྲུལ་གྱིས་འོ་འཛོམ་འགོར་ཟེར་བ་ཞིག་ལ་སྔར་སྨར་ཚང་བཀའ་བརྒྱུད་དར་རྒྱས་སྐབས་ཀྱི་རེད་ཟེར་བ་ཞིག་མཐོང་རབས་གསུངས་པ་འདི་དང་། ཆོས་རྗེ་སྨར་པས་ཤོ་དགོན་གྱི་རྒྱབ་རི་དེ་བྱང་རྒོད་ཕུང་པོ་རི་འདྲ་པོ་ཞིག་ཡིན་པར་དབྱིབས་སྒྲོན་མ་བཞུགས་ཚུལ་འདྲ་བ་ཡོད་ཅེས་སོགས་ཁྱད་ཆོས་མང་པོ་ཞིག་ལ་བསྟུན་ནས། སྨར་ཁམས་ཀྱི་རོང་རྒྱུད་སོམ་པ་གྲུ་ཁ་ནས་གླ་རོང་སོགས་ཟླ་ཆུའི་རྒྱུད་གྱི་རོང་པ་རྣམས་ཀྱིས་ད་ལྟའང་སྨར་སྐད་རྒྱག་གིན་ཡོད་པས། ཤོ་དགོན་གྱི་གནས་ཤུལ་གང་དུ་ཡོད་མེད་མ་རྙེད་བར་མུ་མཐུད་རྒྱུ་གྲོན་སྦྱར་ནས་ཉུལ་བཞིན་པ་ཡིན། ཙོང་ཤོད་ལ་འདམ་སྟེང་ཞེས་པ་དེ་ཡིན་མིན་དོགས་དྲིས་བྱས་མཁན་བྱུང་ཡང་། ཙོང་ཤོད་ཀྱི་འདམ་སྟེང་ནི་ཟླ་ཆབ་ཀྱི་ངོམས་སུ་མེད་པ་སོགས་དཔྱད་གཞིའི་ལོ་རྒྱུས་དང་། ས་པཎ་ཁུ་དབོན་ཕེབས་པའི་གཞུང་ལམ་གྱི་འགྲོས་སོགས་ཆ་རྐྱེན་རྣམས་ཚང་མེད་པས་ངོས་འཛིན་མི་རུང་། སྨར་ཚང་གི་དགོན་ལག་རྣམས་དཔྱད་བཞིན་པ་ཡིན་པས་འདིར་བཀོད་མེད་དོ། །

ལྔ་པ་སླར་ཡང་སྨར་ཚང་བསྟན་པའི་འོད་སྣང་འཕྲོ་བ། ཉག་རེ་སེ་བས། སྨར་ཚང་བསྟན་པ་གསོ་དུས་འོང་། །འགྲོ་དོན་ལྷག་མ་སྐྱོང་དུས་འོང་། །ཞེས་དང་། འགྲོ་མགོན་རིན་ཆེན་གྱིས། བརྒྱ་ཕྲག་བདུན་གྱི་ཁ་རལ་དུས། །ང་ནི་ཀརྨ་མིང་ཅན་གྱིས། །སྨར་དཀྱིལ་སྒར་ཐོག་ན་ཐང་ལ། །ཆོས་སྡེ་བཏབ་ཀྱང་བདུད་ཀྱིས་བསྟོར། །བར་ཆད་ཁུག་པ་བཅོ་བརྒྱད་ལས།། གྲོལ་ན་སྨར་ཚང་མེ་རོ་གསོ། །ཞེས་མ་འོང་ལུང་བསྟན་འདི་སེ་སྨད་འོད་ཟེར་བླ་མས་བཤད་པ་ལྟར་རྫབ་ཡོད་པའི་དབང་དུ་བཏང་ཡང་འདི་ལས་ཆེས་གསལ་བའི་ལུང་བསྟན་ཞིག་འདྲེན་ན། སྤང་མཁན་ཆེན་གྱིས་མ་འོང་ལུང་བསྟན་ལས། “སྨར་ཁམས་སུ་དེའི་དུས་ལ་སྤྱིར་མན་ངག་གི་ཕན་ཐོག་པ་གནམ་གྱི་སྐར་མ་ཟེར་བ་ཙམ་འོང་། འཕྲིན་ལས་ཀྱི་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་སུ་ཁྱབ་པས། རྒྱལ་པོ་དེའི་སྤྱད་དར་དང་རིན་པོ་ཆེ་རྫས་ཆེན་འོང་། སྟག་ལོ་ཕྱིན་ཆད་ནས་ཐུགས་རྗེ་ཆེན་པོའི་བསྟན་པ་དར་བ་འོང་། སྨར་ཁམས་སུ་འཕྲིན་ལས་འོང་བར་འབབ་པའི་དུས་ལ། རྒྱ་ཧོར་དང་བོད་ཀྱི་སྐད་གསུམ་ལ་ཤན་སྦྱར་དགོས་པའི་དུས་འོང་། དེ་དུས་ལ་མི་འདོད་བྱས་ཀྱང་གདུལ་བྱར་གྱུར་པ་རྣམས་ནོར་རྫས་ཆར་འབེབ་པ་བཞིན་འོང་། དེའི་རྗེས་ལ་རྒྱལ་རྒྱུད་ཀྱིས་ཧོར་དང༌། མི་ཆེན་མང་པོ་འོང་བ་ཡིན་གསུངས། དེ་ལ་ལོ་འདི་དུས་འདི་ལ། མི་འདི་ཞེས་བྱ་བའི་ཞིབ་ཆ་གསུངས་ཡང༌། རྗེས་སུ་མ་དྲན་སིན”། ཞེས་ལུང་བསྟན་འདི་དངོས་མཐོང་ལག་ཟིན་ཇི་ལྟར་བྱུང་ཡོད་མེད་རྣམ་པར་དཔྱད་པར་བྱ་སྟེ།                                                                        

སྤང་མཁན་ཆེན་དགུང་ལོ་བརྒྱད་བཅུ་གྱ་གཉིས་སོན་པར་ཕྱི་ལོ་༡༣༧༦ མེ་འབྲུག་ལོ་སྐུ་མྱ་ངན་ལས་འདས་ནས་བཟུང་། ཕྱི་ལོ་༡༩༦༤ ཤིང་མོ་སྦྲུལ་ལོར་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོ་སྐྱེས་པའི་ལོ་དུས་བར་ལོ་ལྔ་བརྒྱ་བརྒྱད་ཅུ་གྱ་བརྒྱད་རིང་ལ་སྟག་གི་ལོ་ཚིག་བཞི་བཅུ་ཞེ་བཞི་སོང་ཟིན་ཀྱང་། སྨར་ཚང་གི་བསྟན་པ་མར་རིམ་བཞིན་ཉམས་སོང་བས་སྐྱར་གསོས་བྱས་མཁན་འཕྲིན་ལས་མིང་ཅན་གྱི་བླ་མ་གཅིག་ཀྱང་བྱུང་མྱོང་མེད་པས་ལོག་འགྲེལ་བྱ་ཡུལ་གནས་མེད་པར་ཐག་ཆོད་ཟིན་པ་རེད། ལུང་དོན་འདི་ཚིག་འགྲོས་ཇི་བཞིན་འགྲེལ་ན།  (༡)  “སྨར་ཁམས་སུ་”གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ་བྱོན་ནས་“དེའི་དུས་ལ་སྤྱིར་”རི་ཁྲོད་བརྒྱད་ཙམ་འགྲིམ་ནས་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་ཆེན་དང་ཆོས་དྲུག་སོགས་སྒོམ་སྒྲུབ་འཆད་སྤེལ་གནང་ཡང་མན་ངག་གི་ཕན་ཐོག་པ་གནམ་གྱི”་ཉིན་མོའི་“སྐར་མ་ཟེར་བ་ཙམ་འོང་”ཞེས་ལུང་བསྟན་འདི་དངོས་གྱུར་བྱུང་བ་ལོ་རྒྱུས་ཀྱིས་ཁ་གྲག་ཡོད་དོ། །(༢) སྨར་ཁམས་ལ་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་ཕྱི་ལོ་༢༠༠༨་ལོ་ནས་ཐེ་ཝན་གྱི་ཆོས་ཚོགས་ཁག་གསུམ་བསྡུས་ནས་འཕྲིན་ལས་མཁའ་ཁྱབ་གླིང་ཞེས་སྨར་ཚང་གི་ཆོས་ཚོགས་དང་པོ་དེ་བཞེངས་ནས། དབྱིན་ཇི་ལ་སྨར་ཚང་སྲི་ཞུ་ཚོགས་པ་བཙུག་ནས་རྒྱ་སྐད་དང་དབྱིན་ཇིའི་སྐད་ལ་སློབ་ཚན་ཁྲིད་པ་དང་། ཕྱི་ལོ་༢༠༠༩་ལོ་དབྱིན་ཇིའི་རྒྱལ་ས་ལོ་གྲོན་ལ་ཆོས་རྗེ་སྨར་པའི་མགུར་འབུམ་དཔར་བསྐྲུན་བྱས། སྨར་ཚང་བཀའ་བརྒྱུད་དར་ནས་ལོ་བརྒྱད་བརྒྱ་ཞེ་གཉིས་འཁོར་བའི་དགའ་སྟོན་གྱི་མཛད་སྒོ་ཐོག་མ་སྤེལ་བ་ནི་“སྐད་རིག་མི་གཅིག་པའི་རྒྱལ་ཁམས་སུ་ཁྱབ་པ”་དབུ་བརྙེས། མཛད་སྒོ་ལ་བོད་རྒྱལ་ཁབ་ཆགས་ནས་བཟུང་མང་མོས་བསྐོས་པའི་“རྒྱལ་པོ་”ཐོག་མ་ཡིན་ཡང་ད་ལྟའི་དུས་རབས་སུ་བཀའ་ཁྲིའི་ཐ་སྙད་སྦྱར་བ་མཁས་དབང་ཟམ་གདོང་པ་“དེའི་”བོད་གཞུང་གི་བཀའ་བློན་ཁྲི་པའི་མཚན་ཐོག་ནས་སྨར་ཚང་བཀའ་བརྒྱུད་ཉམས་གསོ་ལ་འཚམས་འདྲི་དང་གཟེངས་བསྟོད་ཀྱི་“སྤྱད་དར་དང་། རིན་པོ་ཆེ་རྫས་ཆེན”་ནམ་སྤྲིང་ཡིག་དང་ཁོ་བོ་སྒེར་ལའང་སྤྲིང་ཡིག་བསྐུར་འོང་བར་དངོས་གྱུར་བྱུང་ཡོད། ལོ་དེར་སྨར་ཚང་སྨན་བླ་དང་། སྨར་ཚང་སྒྲོལ་ཆོག  སྨར་ཚང་སྤྱན་རས་གཟིགས་ཀྱི་སྒྲུབ་མཆོད་བརྩམས། སྨར་ཚང་ཆོས་སྲུང་དུད་སོལ་མའི་བསྐང་གསོ་བརྩམས་ནས་ཟླ་མཆོད་ཚོགས་འགོ་འཛུགས།  (༣) གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་མི་ལོ་བཞིའི་རིང་དཀའ་སྤྱད་འབད་བརྩོན་ཆེན་པོས་སྨར་ཚང་གི་བླ་རབས་བརྒྱུད་པ་སུམ་ཅུ་སོ་བདུན་བར་ཉམས་ཞིབ་བྱས་ནས། བླ་མ་སོ་སོའི་མཛད་སྤྱོད་དང་མཐུན་པའི་སྣང་བརྙན་ལག་བྲིས་བྱས་ནས་ལྷ་བྲིས་ཤིག་ལ་འདོད་པ་མ་ཚིམས་བར་བཟོ་བཅོས་ཐེངས་མང་བྱས་བཅུག་ནས།  ཕྱི་ལོ་༢༠༡༡་“སྟག་ལོ་ཕྱིན་ཆད་ནས་”ཞེས་སྟག་ལོ་ཤར་བ་དང་མ་སྒྲིག་ལྷུན་འགྲུབ་ལྟར་སྨར་ཚང་གི་ཚོགས་ཞིང་ཐང་ག་ཆེན་མོ་བཞེངས་འགོ་རྩོམ་སྟེ། ཇི་ལྟར་དགོས་པའི་བསྐོར་རྡ་སར་ལྷ་བྲིས་ཆེན་པོ་ཞིག་ལ་བགྲོ་གླེང་ཐེངས་མང་བྱས་ནས་ཚོགས་ཞིང་འགྲན་ཟླ་བྲལ་བ་ཞིག་བཞེངས།  སྟག་ལོ་འདིར་ཟླ་བ་དགུ་པ་ནང་སྨར་ཚང་བླ་མཆོད་མན་ངག་ཀུན་འདུས་བརྩམས་ནས་ལོ་རྟག་ཆོས་རྗེ་སྨར་པའི་འདས་མཆོད་ཚོགས་པ་དང་སྦྱིན་པ་གཏོང་བའི་ལམ་སྲོལ་ཉམས་པ་སོར་ཆུད་དང་པོ་འདི་ནས་རྩོམ། ལོ་དེར་སྨར་ཚང་ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་མཆོད་བརྩམས། སྨར་ཚང་གི་མེ་ཏོག་བཅུད་ལེན་དང་རྡོ་བཅུད་གཉིས་ཀྱི་སྒྲུབ་ཐབས་རྙེད་པས་ཆད་ལྷག་རྣམས་ལེགས་བཅོས་བྱས། སྨར་ཚང་གི་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་གཉིས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་བྲིས། སྨར་ཚང་ལམ་རིམ་ཆེན་མོ་སྟག་ལོ་འདི་ནས་རྩོམ་འགོ་འཛུགས། སྨར་ཚང་ཕྱག་ཆེན་དང་ཕྱག་ཆེན་གྱི་སྔོ་འགྲོ་གཉིས་ལོ་འདིར་ལག་སོན་བྱུང་བས་ཞུ་དག་རྩོམ་འགོ་འཛུགས། “ཐུགས་རྗེ་ཆེན་པོའི་”སྨར་པ་རིན་པོ་ཆེའི་“བསྟན་པ་དར་བ་འོང་”། ཞེས་ལུང་བསྟན་འདི་དངོས་གྱུར་བྱུང་ཡོད། ཕྱི་ལོ་༢༠༡༤་ཟླ་བ་༡༢་ཚེས་༢༦་བོད་ཀྱི་དཔེ་མཛོད་ཚོགས་ཁང་ལ་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་དབུས་པའི་སྐུ་མགྲོན་རྣམས་གདན་དྲངས་ནས། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བ་ཞིག་དབུ་འབྱེད་མཛད་སྒོ་ཐོག་ཁོ་བོས་སྨར་ཚང་བཀའ་བརྒྱུད་འཇིག་རྟེན་མི་ཡུལ་དུ་གསོན་པོར་གནས་ཡོད་ཚུལ་གཏམ་བཤད་བྱས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གསར་འགོད་པ་རྣམས་ཀྱིས་བརྙན་འཕྲིན་དང་། རླུང་འཕྲིན། ཚགས་ཤོག་སོགས་ཀྱིས་གསར་འགྱུར་དྲིལ་བསྒྲགས་སྤེལ་ནས་ལོང་མ་ཡིན་ན་མཐོང་ཚོད་དང། འོན་པ་མ་ཡིན་ན་ཐོས་ཚོད་ཞིག་ཏུ་འགྱུར། སྨར་ཚང་གི་གདན་ས་གཉིས་ཀྱི་ལོ་རྒྱུས་དང་བླ་རབས་ཀྱི་རྣམ་ཐར་རྣམས་བྲིས་ནས་སྨོན་ལམ་ཚིག་མཛོད་ནང་དུ་བཀོད། ཕྱི་ལོ་༢༠༡༥་ལོ་འབད་པ་ཆེན་པོས་སྨར་དུང་གཡས་འཁྱིལ་དཀར་མོ་དང་། ཆོས་རྗེ་སྨར་པའི་ཕྱག་གི་ཌ་མ་རུ། ཆོས་རྗེ་སྨར་པའི་རྣམ་རྒྱལ། སྨར་ཚང་གི་རྐང་དུང་སྤུས་ལེགས། འགྲོ་མགོན་རིན་ཆེན་གྱི་རིགས་ལྔ་དང་པང་ཁེལ་སོགས་སྨར་ཚང་བཀའ་བརྒྱུད་པའི་སྲིད་ན་རྙེད་པར་དཀའ་བའི་གནའ་རྫས་མི་ཉུང་བ་ཞིག་ལག་ཏུ་སོན། ཕྱི་ལོ་༢༠༡༦་ལོ་སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་ཞེས་ཆོས་ཚོོགས་གསར་བཞེངས་ཀྱི་དབུ་འབྱེད་ལ། བོད་པའི་ཆོས་ཚོགས་ཁག་གི་དབུ་འཛིན་རྣམས་དང་། རྒྱ་མི། ཐེག་དམན། ཇར་པེར་བཅས་ཆོས་ཚོགས་ཁག་གི་དབུ་འཛིན་རྣམས་སྐུ་མགྲོན་དུ་གདན་དྲངས་ནས་དགའ་སྟོན་རྒྱས་པར་ཞུས། སྨར་ཚང་གི་རབ་གནས་ཡེ་ཤེས་མྱུར་འབེབ་བྲིས། སྤང་མཁན་ཆེན་གྱི་རྣམ་ཐར་རྒྱས་པ་འདི་དང་ཆོས་རྗེ་སྨར་པའི་གསུང་འབུམ་འགའ་ཞིག་རྙེད། ཕྱི་ལོ་༢༠༡༨་ཟླ་བ་༥་ཚེས་༥་ལ་སྨར་ཚང་བཀའ་བརྒྱུད་མིང་ཐོག་ནས་ནང་པའི་རྒྱལ་ཡོངས་ཚོགས་ཆེན་བསྡུར་ནས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་དགོས་དམིགས་བགྲོ་གླེང་ལྷུན་པོ་གནང་བས་གྲུབ་འབྲས་ཆེན་པོ་ཐོན། ཕྱི་ལོ་༢༠༡༩་ལོ་སྨར་ཚང་ལམ་རིམ་ཆེན་མོ་བསླབ་པར་མཐར་སོན་རྣམས་ལ་རྒྱུག་སྤྲད་དང་ལག་འཁྱེར་ཕུལ། སློབ་ཐོན་སློབ་མ་རྣམས་ལ་དགེ་རྒན་ཟབ་སྦྱོང་སྤྲད་ནས་ད་ལྟ་སློབ་རྒན་བྱེད་ཐུབ་པའི་གྲུབ་འབྲས་ཐོན། སྤོང་མཁན་གྱི་རྣམ་ཐར་འབྲིང་པོ་དང་། སྤང་མཁན་ཆེན་གྱི་མ་ཎི་རིལ་སྒྲུབ་ཀྱི་སྒྲུབ་ཐབས་རྙེད། “སྨར་ཁམས་སུ་འཕྲིན་ལས་”རྒྱ་མཚོ་“འོང་བར་འབབ་པའི་དུས་ལ”སྨར་ཚང་གི་བསྟན་པ་“དེ་”སྤེལ་“དུས་ལ་”ཕྲག་དོག་ཅན་དག་གིས་“མི་འདོད་”པའི་བྱ་སྤྱོད་ངན་པ་སྤེལ་བར་“བྱས་ཀྱང་”འཕྲིན་ལས་ཀྱི་“གདུལ་བྱར་གྱུར་པ་རྣམས་”ཀྱིས་“ནོར་”དངོས་པོ་དང་“རྫས་”གསེར་དངུལ་དང་སྒོར་མོ་སོགས་“ཆར་འབེབ་པ་བཞིན་”ཕུལ་ནས་སྨར་ཚང་བསྟན་པ་ཉམས་གསོ་བྱ་བའི་དུས་“འོང་”། ཞེས་ལུང་བསྟན་རྣམས་མངོན་སུམ་ཚད་གྲུབ་དུ་གྱུར་ཡོད། སྨར་ཚང་གི་བླ་མཆོད་མན་ངག་ཀུན་འདུས་སོགས་འདོན་ཆོག་རྣམས་“རྒྱ་”སྐད་དང་། “ཧོར”། དབྱིན་སྐད། “བོད་ཀྱི་སྐད་གསུམ་ལ་ཤན་སྦྱར་དགོས་པའི་དུས་འོང་”ཞེས་གསུངས་པ་ལྟར་དུས་ལ་སླེབས་ནས་སྐད་རིགས་གསུམ་ལ་ཤན་སྦྱར་བྱས་ཤིང་། སྨར་ཚང་གི་བསྟན་པ་དང་ལས་འཕྲོ་ཅན་རྒྱ་རིགས་དང་ནུབ་ཕྱོགས་པ་རྣམས་ཀྱིས་ཉམས་ལེན་ལ་འཇུག་བཞིན་པ་ཡིན་པས་ལུང་བསྟན་འདིས་ཀྱང་མངོན་སུམ་ཚད་གྲུབ་དུ་གྱུར་ཡོད། ཧོར་”ཞེས་པ་ནི་ཡུ་གུར་བ་དང་། མང་གོལ་བ། འ་ཞ་བ།  ཕྱི་ཡུལ་ལ་གོ་བ་ཡང་སྣང་བས་ཧོར་ཞེས་ཚིག་འབྲུ་འདི་གཅིག་པུ་གསལ་ཁ་མ་རྙེད་པ་ཙམ་ལས། ལུང་བསྟན་གཞན་གྱི་ཚིག་དོན་རྣམས་ཆེས་ཆེར་གསལ་བར་བསྟན་པ་ལྟར་མངོན་སུམ་ཚད་གྲུབ་དུ་གྱུར། ཡང་སྤང་མཁན་ཆེན་གྱིས་མ་འོང་ལུང་བསྟན་ལས། “ཆོས་རྗེ་སྨར་པའི་བསྟན་པ་ཡང་འབྲུག་གྲགས་གྲགས་གཅིག་འོང་བར་སྣང༌”། ཞེས་ལུང་བསྟན་པ་ལྟར། ཕྱི་ལོ་༢༠༢༠་ལོར་དགེ་བཤེས་ཆོས་འབྱོར་གྱིས་རེ་བསྐུལ་ལྟར་ཆོས་འབྱུང་གླིང་ལ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་འབྱུང་འཆད་ཁྲིད་བྱས་པས། བོད་ཕྱི་ནང་གཉིས་ལ་སྨར་ཚང་བཀའ་བརྒྱུད་ཀྱི་མཚན་སྙན་གཡུ་འབྲུག་སྔོ་མོའི་ང་རོ་ལྟ་བུ་ལྡིར།  སྨར་ཚང་གི་བསྟན་པ་སླར་ཡང་དར་བ་“དེའི་རྗེས་ལ་རྒྱལ་རྒྱུད་ཀྱིས་ཧོར་དང༌། མི་ཆེན་མང་པོ”འི་སྐྱེ་བ་བླང་བའི་དུས་“འོང་བ་ཡིན་གསུངས། དེ་ལ་ལོ་འདི་དང་དུས་འདི་ལ་མི་འདི་ཞེས་བྱ་བའི་ཞིབ་ཆ་གསུངས་ཡང༌རྗེས་སུ་མ་དྲན་སིན”། ཞེས་སྨར་ཚང་བཀའ་བརྒྱུད་པའི་གསེར་ཕྲེང་དྲུག་པ་སྤང་མཁན་ཆེན་དྲི་མེད་འོད་ཟེར་གྱིས་ཞལ་དྲོན་མོ་ནས་ལུང་བསྟན་པ་ལྟར། ཕྱི་ལོ་༢༠༠༨་བར་མི་ལོ་དྲུག་བརྒྱ་སོ་གཉིས་ཁེལ་བའི་ལོ་འདིར་ཁོ་བོ་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་མེ་རོ་གསོ་བར་དབུ་བརྙེས། ལུང་བསྟན་ནས་མི་ལོ་དྲུག་བརྒྱ་སོ་ལྔ་སོན་པ་ཕྱི་ལོ་༢༠༡༡་སྟག་ལོར་སྨར་ཚང་གི་བསྟན་པའི་གཞི་མ་ནུབ་ཕྱོགས་སུ་འོད་སྣང་འཕྲོ་བར་དབུ་བརྙེས། སྤང་མཁན་ཆེན་གྱིས་ལུང་བསྟན་དམར་རྗེན་གསུངས་པའི་རྣམ་ཐར་འདི་ཐོག་མ་རྙེད་མཁན་བྲག་གཡབ་ཆེན་ཚང་རིན་པོ་ཆེ་ཡིན་པས་ཁོང་གིས་གང་ནས་རྙེད་པ་ཡིན་ནམ།  སེ་སྨད་འོད་ཟེར་བླ་མ་སོགས་འགའ་ཤས་ཀྱིས་ཤོད་སྲོལ་ལྟར་ན། ལུང་བསྟན་སྦུག་སྦུག་ཟུར་ཙམ་མེད་པར་དམར་རྗེན་འདིར་རྫབ་འདུག་པས། རྣམ་ཐར་འདི་ཐོག་མ་རྙེད་མཁན་བྲག་གཡབ་ཆེན་ཚང་རིན་པོ་ཆེ་ཡིན་པས་ཁོང་ལ་བཀའ་དྲིས་ནན་པོ་ཞུས་ནས་ཞིབ་འཇུག་ཐར་ཕྱིན་པར་གནང་གལ་ཤིན་ཏུ་ཆེ་བར་སྣང་ངོ་། །                                                                                                               

 དྲུག་པ་སྨར་ཚང་བཀའ་བརྒྱུད་ཀྱི་ཐར་པའི་ལམ་སྲོལ། སྨར་ཚང་ལམ་རིམ་ཆེན་མོ་བཤད་ཁྲིད་དང་ལུང་ཁྲིད་ལོ་གསུམ་དང་ཕྱེད་ཀ་རིང་ལ་འཆད་ཉན་བྱས་ནས་རྩོད་རྒྱུག་དང་བྲིས་རྒྱུག་ལོད་པ་ལ་ལག་འཁྱེར་སྩལ། ལམ་རིམ་བསླབ་པར་མཐར་སོན་རྣམས་ལ་སྨར་ཁྲིད་བདེ་ཆེན་མྱུར་ལམ་ཞེས་པ་གདམས་ཁྲིད་དང་། ཉམས་ཁྲིད་བྱས་ནས་ལོ་གཉིས་རིང་སྒོམ་ཁྲིད་བྱས་པའི་མདོའི་ཉམས་ལེན་རྨང་གཞི་འདིའི་སྟེང་དུ། གསང་སྔགས་སྣོད་ལྡན་རྣམས་ལ་སྨར་ཚང་ཕྱག་ཆེན་གྱི་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་།  སྐྱབས་འགྲོ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་ཁྲིད། སེམས་བསྐྱེད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་ཁྲིད། ཡིག་བརྒྱ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་ཁྲིད། མནྡལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་ཁྲིད། བླ་མའི་རྣལ་འབྱོར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་ཁྲིད་རྣམས་རེ་རེ་བཞིན་འཆད་ཁྲིད་བྱས་ནས། མཐར་དེ་ཁོ་ན་ཉིད་ཅེས་པ་སྟོང་པ་ཉིད་ལ་བློ་ཁ་ཕྱོགས་ངེས་ཅན་དུ་གྱུར་སོང་ན། སྨར་ཚང་ཕྱག་ཆེན་མན་ངག་བརྒྱ་མཚོ་འཆད་ཁྲིད་བྱས་ནས། བྱིན་རླབས་མྱུར་བའི་གསེར་ཆོས་ནཱ་རོ་མཁའ་སྤྱོད་མའི་སྨིན་བྱེད་དབང་གི་རིམ་པ་རྣམས་བསྐུར་ནས་གྲོལ་བྱེད་མཁའ་སྤྱོད་མའི་བསྐྱེད་རིམ་དང་རྫོགས་རིམ་ལ། འཆད་ཁྲིད་དང་། ཉམས་ཁྲིད། སྒོམ་ཁྲིད་རིམ་པ་རྒྱུན་ནས་མཐར་གཏུམ་མོ་ལམ་གྱི་གཞུང་ཤིང་སྒོམ་སྒྲུབ་ཀྱི་ཉམས་རྟོགས་མ་ཐོན་བར་སྒོམ་ཁྲིད་བྱས། སྐབས་རེ་ཁྲོད་འདིར་རྣལ་འབྱོར་བཞིར་བཀྲལ་བའི་ཕྱག་ཆེན་འཆད་ཁྲིད་བྱས་ནས། མར་ལུགས་འཁོར་ལོ་བདེ་མཆོག་གི་དབང་བསྐུར་ནས་བདེ་མཆོག་བསྐྱེད་རིམ་སྒོམ་ཁྲིད་རིམ་པར་བྱས་ཤིང། རྫོགས་རིམ་དང་འབྲེལ་བའི་འོད་གསལ། སྒྱུ་ལུས། རྨི་ལམ། འཕོ་བ། བར་དོ་བཅས་ཆོས་དྲུག་ལས་ལྷག་མ་ལྔ་པོ་རིམ་བཞིན་གནད་ལ་སྦྱར་ནས་སྒོམ་ཁྲིད་བྱས་པའི་སྲོལ་བཟང་ཡོད་པ་རྣམས་ཉམས་པར་སོར་ཆུད་བྱས་ཡོད། མ་འོང་པ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་མཁན་ཞིག་ཡིན་ན། སྨར་པ་ཡབ་སྲས་ཀྱི་དགོངས་པ་བླ་ན་མེད་པ་འདིར་འཇུག་དགོས་པའི་ལམ་སྲོལ་གཏན་ལ་ཕབ་ཡོད། འདི་ངོ་སྤྲོད་ཙམ་ལས་དུས་རབས་ཀྱི་འགྱུར་འགྲོས་མཐུན་པའི་གསར་གཏོད་དང་སྲོལ་བརྒྱུད་ཚད་ལྡན་རྣམས་རྒྱུད་སྐྱོང་བྱ་རྒྱུའི་ལས་རིམ་ཆེས་མང་བས་འདི་ཡིག་ཚོགས་ལ་འཇིགས་ནས་བཀོད་མེད་དོ། །

Description: Machintosh HD:Users:cg:Desktop:111.JPGDescription: Machintosh HD:Users:cg:Desktop:IMG_0765.JPG

       འདས་དཔོན་རི་ཁྲོད་ཀྱི་པར།                                    དོན་ཤེལ་རི་ཁྲོད་ཀྱི་པར།

 

 བདུན་པ་ད་ལྟ་སྨར་ཁམས་སུ་སྨར་ཚང་གི་རྗེས་ཤུལ། སྨར་ཁམས་ལ་འགྲོ་མགོན་གངས་རི་ཀརྨ་པས་སྨར་ཚང་ཕྱག་ཆེན་དང་ཆོས་དྲུག་ཉམས་ལེན་གྱི་སྒྲུབ་གནས་རི་ཁྲོད་བརྒྱད་ཡོད་ཀྱང་། རིགས་གནས་གསར་བརྗེད་སྐབས་མང་ཤོས་འཐོར་ཟིན་ཡང་། གངས་རི་ཀརྨའི་ཐུགས་སྲས་ཆོས་གྲགས་རྒྱ་མཚོས་འདས་དཔོན་རི་ཁྲོད་འདི་འཛིན་སྐྱོང་གནང་ཞིང་། ཁོང་འདས་པ་དང་ངོས་རང་གིས་ཕྱི་ལོ་༢༠༡༨་བར་འཛིན་སྐྱོང་བྱས་པའི་རྐྱེན་གྱིས་གུང་ཁྲན་གྱིས་རི་ཁྲོད་པ་རྣམས་གནས་འདི་ནས་ཕུད་པས། ད་ལྟ་སྨར་ཁམས་ལ་ཁོ་བོས་དྲ་ལམ་ཐོག་ནས་སློབ་ཚན་ཁྲིད་ས་གྲྭ་ཕྲུག་འགའ་ཤས་ལས་ཅི་ཡང་མེད་པར་གྱུར། འོན་ཀྱང་ད་ལྟ་འཛམ་གླིང་ཤར་ནུབ་གཉིས་ལ་སྨར་ཚང་གི་བསྟན་པའི་སྙིང་པོ་བཤད་སྒྲུབ་ཀྱི་འོད་སྣང་འཕྲོ་བཞིན་པ་འདིར། སྨར་པ་ཡབས་སྲས་རྣམས་ཐུགས་དགྱེས་པའི་མཆོད་སྤྲིན་ཞིག་ངོས་འཛིན་ནས་སྤོབས་པ་དང་དགའ་བར་སྒོམ་བཞིན་པ་ལགས་སོ། །

བརྒྱད་པ་ཞར་བཤད། སེ་སྨད་འོད་ཟེར་བླ་མ་སྐུ་གོང་མས་དུང་དཀར་བློ་བཟང་འཕྲིན་ལས་དང་འབོལ་གདན་མཐོ་དམན་འགྲན་རྩོད་བྱས་པས་ཕྱག་མཛོད་ཀྱི་སྲོག་ཀྱང་ཤོར་བར་དངོས་བྱུང་གི་ལོ་རྒྱུས་རིང་པོ་ཞིག་ལྷག་ཟིན་ཡང་། ངས་སྨར་ཁམས་པ་སྤྱི་ལ་ཕན་སེམས་བཅངས་ནས་འབད་བརྩོན་ཆེན་པོས་བཞེངས་པའི་ཀུན་ཕན་གསོ་སྐྱོང་སློབ་གྲྭ་འཐོར་ཟིན་ཡང་། སློབ་གྲྭ་རྒྱག་མཁན་གངས་རི་ཀརྨ་མིན་ཚུལ་སེ་སྨད་འོད་ཟེར་བླ་མས་ལོ་ཉི་ཤུའི་རིང་ལོག་འགྲེལ་རྒྱུན་མ་ཆད་པར་བྱས་ཀྱང་བཟོད་སྒོམ་བྱས་ཡོད།  ངས་སྨར་ཚང་བཀའ་བརྒྱུད་ཉམས་གསོས་བྱས་ནས་ལོ་བཅུ་བཞིའི་རིང་ལ། སེ་སྨད་འོད་ཟེར་བླ་མས་ཤོ་དགོན་དང་ཙོམ་མདོའི་གནས་ཤུལ་སྨར་ཁམས་ལ་མེད་ཚུལ་རྨོངས་སྒྲུང་རྒྱུན་མ་ཆད་པར་སྤེལ་བར་བཟོད་སྒོམ་བྱས་ཡོད། ཕྱི་ལོ་༢༠༠༢་ལོར་སྨར་ཚང་གི་ལོ་རྒྱུས་ལ་གསལ་བཤད་མ་བྱས་དཀའ་མེད་གྱུར་པ་འགའ་ཤས་བཤད་པར་བྱ་སྟེ། སྨར་ཁམས་སྒང་གི་སྐད་འཕྲིན་སྟེང་དུ་སེ་སྨད་འོད་ཟེར་བླ་མས། གངས་རི་ཀརྨ་ལ་“ལུང་བསྟན་འདི་རྫབ་འདུག་ཟེར། ལུང་བསྟན་ཡིན་ན་སྦུག་སྦུག་ཡིན་དགོས་རེད། ལུང་བསྟན་འདི་གསལ་དྲག་པ་རེད། སྒར་ཐོག་གི་མིང་དེ་དུས་ཡོད་ན་ཟེར་བ་དང་། རྗེ་རིན་པོ་ཆེའི་ལུང་བསྟན་ཡང་རྫུན་མ་ཡོད་རེད། ཤེས་རབ་སྙིང་པོ་རྗེ་རིན་པོ་ཆེའི་ལུང་བསྟན་རེད་ཟེར་མཁན་ཡོད་རེད”། ཅེས་སོགས་འཛེམ་ཟོན་མེད་པར་བཀའ་མོས་གནང་བའི་སྒྲ་སྒམ་ཞིག་བཏང་བྱུང་བས་ངོ་ཤེས་འགས་བརྡ་ལན་སྤྲོད་དགོས་ཚུལ་བསྐུལ་མ་གནང་བ་ལྟར། ངོས་རང་སྐད་འཕྲིན་ཐོག་བཅར་ནས་སྨར་ཚང་གི་ལོ་རྒྱུས་སྤྱིར་དང་ཡང་སྒོས་གངས་རི་ཀརྨ་སྨར་ཚང་བཀའ་བརྒྱུད་དང་འབྲེལ་བ་བྱུང་རིམ་གསལ་བཤད་བྱས། ལུང་བསྟན་པ་པོ་གང་ཟག་གི་དུས་སྐབས་ལུང་བསྟན་ཡུལ་གྱི་ས་མིང་དང་མི་མིང་ཡོད་དགོས་པའི་ངེས་པར་མེད་ཚུལ།  ལོ་གཉིས་སྟོང་ཡར་ངོས་ནས་སངས་རྒྱས་ཀྱིས་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱི་མཚན་བོས་ནས་ལུང་བསྟན་པ་དང་། བློ་བཟང་གྲགས་པ་ཞེས་མི་མིང་ལུང་བསྟན་པ། རབ་དགའ་ཞེས་ས་མིང་ལུང་བསྟན་པ་ཡོད། གུ་རུ་རིན་པོ་ཆེ་སྐུ་དུས་མིང་མེད་པའི་བྲག་དང་མིའི་མིང་ལུང་བསྟན་ཚུལ་གླེང་སློང་བྱས། སེ་སྨད་འོད་ཟེ་བླ་མས་“ཙོམ་མདོ་ལ་དགོན་པ་ཆེན་པོ་ཆགས་པའི་གནས་མི་འདུག་”ཅེས་ཤོད་པར་ཐོས་པས། ད་ལྟ་ཙོམ་མདོ་ལ་དུད་ཚང་གཉིས་གསུམ་ཡོད་པ་ནི་ལོ་ལྔ་བརྒྱ་ཡར་སྔོན་ནས་ཡོད་པ་ཞིག་མ་ཡིན་པར་ཤེས་ན་རྨོངས་གཉིད་ལས་སངས་བར་ངེས། རྒྱ་ཆེ་བའི་ཞིང་ཁ་ནས་བཟུང་རི་མགོའི་བར་རི་ལུང་ཡུག་ཅིག་སྤང་ཁར་གྱུར་ཟིན་པ་ཐམས་ཅད་དགོན་ཤུལ་ཡིན། ཇི་སྐད་དུ་ཉག་རེ་སེ་བའི་མགུར་ལས། “སྨར་ཁམས་པ་ལ་ལོང་བ་མང་”། ཞེས་ལུང་བསྟན་པ་ལྟར་སྨར་ཁམས་པ་ཉམ་ཆུང་མི་མང་རྣམས་དུས་ད་ལྟའི་བར། ཤེས་ཡོན་གྱི་ལོང་བ། རྣམ་དཔྱོད་ཀྱི་ལོང་བ། དྲང་བདེན་གྱི་ལོང་བ། ཡར་རྒྱས་ཀྱི་ལོང་བ། ལྷག་བསམ་གྱི་ལོང་བ་ཞིག་ཏུ་བསྒྱུར་མཁན་ལུང་པ་སོ་སོའི་བླ་མ་དང་། དཔོན་པོ་རྣམས་ཡིན་ལ། དུས་རབས་ཉེར་གཅིག་པར་སྐྱེ་བའི་སྨར་ཁམས་པ་གཞོན་སྐྱེ་རྣམས་ཀྱིས་ཀྱང་སྔ་སྲོལ་རྙིང་རུལ་རྣམས་རྒྱུན་འཛིན་པ་ཞིག་བྱས་ན། ཁྱོད་ཅག་ཀྱང་སྨར་ཁམས་པའི་མི་རབས་ཕྱི་མ་རྣམས་ཀྱི་མདུན་སར་ཉེས་ཅན་པ་ཞིག་འགྱུར་བ་ཡིན། བསླུ་བྲིད་པ་དག་གི་རྗེས་སུ་འཇུག་ན་ཁྱོད་རང་ཡང་ལོང་བ་ཡིན་པར་མཁྱེན་དགོས། ལོ་ཤས་སྔོན་དུ་ཤོ་དགོན་བྲག་གཡབ་ལ་ཡོད་ཚུལ་གཅིག་རྗེས་གཉིས་མཐུད་ལངས་ནས་ཁ་དམག་དང་ཡིག་དམག་རྒྱག་པའི་དུས་སུ། སེ་སྨད་འོད་ཟེར་བླ་མ་དང་ཁོང་གི་ཤོག་ཁག་ཚོས་བྲག་གཡབ་བར་རྒྱབ་སྐྱོར་ཅི་ཐུབ་བྱས་སོང་། ངས་ལུང་དང་རིགས་པས་ལོ་རྒྱུས་ཀྱི་དམའ་འཐབ་གཡུལ་ལས་རྣམ་པར་རྒྱལ་བར་མཐོང་དུས། སེ་སྨད་འོད་ཟེར་བླ་མ་དང་བྱ་ཁྲ་བསོད་ནམས་གཉིས་ཀྱིས་ཨ་ཁུ་ཁྲོ་ཐུང་གི་སྤྱོད་པ་རྗེས་སུ་ཞུགས་ནས། འོད་ཟེར་དགོན་པ་དང་སེ་སྨད་འོད་ཟེར་བླ་མའི་འབྱུང་ཁུངས་རྣམས་རག་གན་གསེར་སྦྱར་ལྟར། སྨར་ཚང་གི་དགོན་པ་དང་བླ་མའི་མཚན་ལ་སྦྱར་རྒྱུའི་ཕྱག་ལས་གནང་བར་གོ་ཐོས་ལྟར་ཡིན་སྲིད་ན། བཟོད་སྒོམ་གྱི་ཚངས་ཐིག་ལས་བརྒལ་ཟིན་པས་བརྡ་ལན་གཅིག་རྗེས་གཉིས་མཐུད་ཕུལ་ངེས་ཅན་ཡིན་ཞེས་སྔོ་བརྡ་ཕུལ་བ་ལས་འཇིགས་བསྐུལ་མ་ཡིན་པར་མཁྱེན་པར་མཛོད།།

ལ་རེས། ཆོས་རྗེ་སྨར་པ་དང་གོ་རམས་པ་གཉིས་ང་ཚོའི་སྨར་ཁམས་འདི་ནས་ཡིན་མིན་དཔྱད་པར་མཐིལ་ཕྱིན་པར་བྱ་དགོས་ཟེར། སྨར་ཚང་གི་བླ་མ་འཁྲུངས་ཡུལ་ལ་སྨར་ཁམས་ཟེར་དུས་སྨར་ཁམས་འདི་ཡིན་པར་གོ་མི་ཐུབ་པས་མཐིལ་ཕྱིན་པར་དཔྱད་དགོས་པ་དང་། པཎ་ཆེན་བློ་བཟང་ཆོས་རྒྱས་ཀྱི་བརྩམས་པའི་གྲགས་པ་བཟང་པོའི་རྣམ་ཐར་ལས། “མཁྱེན་རབས་དབང་ཕྱུག་གྲགས་པ་བཟང་པོ་ནི། དམར་ཁམས་སྟོབས་ལྡན་ཚལ་དུ་ཡབ་ཚེ་ཐར་ཡག་དང་ཡུམ་བསམ་སྒྱིད་གཉིས་ཀྱི་སྲས་གསུམ་ཡོད་པའི་ཆུང་བ་ཡིན། བླ་མ་དབུ་མ་པ་དང་འཁྲུངས་ཡུལ་ཡང་གཅིག་ཅིང་། ལོ་ལྔ་དྲུག་ལོན་པའི་དུས་སུ་བླ་མ་དབུ་མ་དང་མཇལ་ནས་ཚེ་དབང་དང་”། ཞེས་གསུངས་པའི་དམར་ཁམས་འདི་མདོ་ཁམས་ལ་མི་གོ་བ་ཐད་ཀར་ད་ལྟ་སྨར་ཁམས་འདི་ཉིད་ཡིན་པར་གོ་འོང་དོན་ཅི་ཡིན་ནམ། དུས་རབས་དེར་སྨར་ཁམས་ཉག་བྲེ་བ། སྨར་ཁམས་གོ་འཇོ་བ། སྨར་ཁམས་ལྷ་སྲུང་བ་སོགས་ལ་མི་གོ་བ་ད་ལྟ་སྨར་ཁམས་འདི་ཉིད་ཡིན་པ་ཅིའི་ཕྱིར་གོ་འོང་བ་ཡིན་ནམ། སྨར་ཁམས་སྟོབས་ལྡན་ཚལ་ཟེར་བ་དང་སྟོད་ཚང་སྟེང་ཟེར་བ་གཉིས་མིང་ཚིག་འདྲ་མཚུངས་ཙམ་ཡང་མེད་ཀྱང་སྟོད་ཚང་སྟེང་ཡིན་པར་གོ་འོང་བའི་རྒྱུ་མཚན་ཅི་ཡིན་ནམ། ཤོ་ཙམ་གཉིས་རུ་ཤོད་ལ་ཡོད་པ་སྨར་པ་ཡབ་སྲས་ཀྱི་རྣམ་ཐར་ལས་གསུངས་པ་མཐོང་བཞིན་དུ་དཔྱད་དགོས་ཟེར་བ་དང་། བླ་མ་དབུ་མ་པ་འཁྲུངས་ཡུལ་སྟོད་ཚང་སྟེང་ཡིན་པར་ལོ་རྒྱུས་ཚིག་འབྲུ་གཅིག་རྙེད་མེད་ཀྱང། ལུང་པའི་ཤོད་སྲོལ་ཞིག་ལུང་དྲངས་ནས་དཔྱད་མི་དགོས་པར་ལོ་རྒྱུས་དངོས་ཡིན་པར་ངོས་འཛིན་ན་གཟུར་གནས་མཁས་པས་དཔྱད་ཚུལ་ཞིག་ཡིན་ནམ། བླ་མ་གཅིག་སློབ་མས་བྲིས་པའི་དངོས་བྱུང་ལོ་རྒྱུས་ལ་ཡིད་ཆེས་མེད་པ་དང་། བླ་མ་གཅིག་ལུང་པའི་ཤོད་སྲོལ་ཞིག་ལ་ཡིད་ཆེས་བྱེད་པ་འདི་དྲང་པོ་ཡིན་པར་ངོས་འཛིན་རྒྱུ་ཡོད་དམ། ད་ལྟ་སྨར་ཁམས་པ་འགས་ཁ་སྒྲུང་གསར་པ་བཟོས་པ་དང་བཟོ་ངེས་པར་མཐོང་བས་དོགས་ཟོན་དགོས་ངེས་མཐོང་།  བླ་མ་དབུ་མ་པའི་རྣམ་ཐར་ལས། ཁོང་འཁྲུངས་ཡུལ་མདོ་ཁམས་ནས་ཡིན་ཟེར་དུས་སོམ་ཉི་མེད་པར་སྨར་ཁམས་ནས་ཡིན་པར་གོ་འོང་བ་དང་། གོ་རམས་པའི་རྣམ་ཐར་ལས། འཁྲུངས་ཡུལ་འབོམ་གོ་བོ་རོང་ནས་ཟེར་དུས་སྨར་ཁམས་ནས་ཡིན་པར་གོ་མི་ཐུབ་པས་དཔྱད་དགོས་པ་ཅི་ཡིན་ནམ། སྟོད་ཚང་བླ་མའི་ཡང་སྲིད་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་བླ་མ་དབུ་མ་པའི་ཡང་སྲིད་ཡིན་ཞེས་བཤད་སྲོལ་ཙམ་ལས། བླ་མ་དབུ་མ་པ་སྐུ་དངོས་སྟོད་ཚང་ནས་འཁྲུངས་པའི་ལོ་རྒྱུས་ཤིག་མཐོང་རྒྱུ་མེད་ལ། བླ་མ་དབུ་མ་པ་གསང་ཕུར་སློབ་གཉེན་བྱས་པ། གཏེར་འདོན་པ། ཀ་ཚང་གི་ཕྱག་ཆེན་སྒོམ་པ། རྟོགས་ལྡན་མཆོ་དཀར་བ་ལས་སྦྱོར་དྲུག་གསན་པ། ལམ་འབྲས་གསན་པ། འབར་ར་བ་བཀའ་བརྒྱུད་ཀྱི་ཕྱག་ཆེན་གསན་པ། ས་སྐྱ་ལ་རེད་མདའ་བ་ལས་དབུ་མ་གསན་པ། རྗེ་ཙོང་ཁ་པ་ལས་རང་འགྲེལ་ཚར་གཅིག་གསན་ཡོད་པས། དབུ་མ་པ་སྨར་ཁམས་པའི་བླ་མའི་གྲས་སུ་འཇོག་ན་ཆོས་བརྒྱུད་གང་གི་ཁུངས་གཏོགས་འཇོག་དགོས་སམ། ཞེས་དྲི་བ་འདི་ཞར་བྱུང་དུ་ཐལ་ལོ། །སྨར་ཚང་གི་ལོ་རྒྱུས་ལ་དཔྱད་པ་བྱུང་རིམ་རྣམས་ཟུར་ཙམ་གླེང་ན། སོག་པོས་ཕྱི་ལོ་༡༦༣༩་ལོར་སྨར་ཚང་གདན་ས་ཤོ་དགོན་བསྟོར་བ་ནས་བཟུང་དུས་ད་ལྟའི་བར་སྨར་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ལ་དཔྱད་རྩོམ་བྲིས་མཁན་གོང་རིམ་ལྟར་ན། ཐོག་མ་ཕྱི་ལོ་༡༩༤༩་ལོར་གོ་འཇོ་རག་མགོ་སྤྲུལ་སྐུས་སྨར་ཚང་གདན་རབས་བྲིས་པ་དང་། གཉིས་པ་བྲག་གཡབ་བ་པདྨ་དང་བློ་བཟང་གཉིས་ཀྱིས་གླ་དགོན་ལོ་རྒྱུས་ལས་འཕྲོས་སྨར་ཚང་གི་ཤོ་དགོན་བྲག་གཡབ་དུ་ཡོད་ཚུལ་བྲིས་པ། གསུམ་པ་ཁོ་བོ་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་ཕྱི་ལོ་༢༠༠༣་ལོར་བྲིས་པའི་ཤོ་ཙོམ་དཔྱད་པའི་ཚངས་ཐིག་ཅེས་པ་འདི་བྲིས་ནས་ལོ་རྒྱུས་དངོས་དང་མི་མཐུན་པ་རྣམས་ལ་ལུང་རིག་གཉིས་ཀྱིས་དག་ཐེར་བྱས་ཤིང་། བཞི་པ་ཕྱི་ལོ་༢༠༠༨་ལོར་ཨ་མྱེས་རྨ་ཆེན་གྱིས་སྟོན་པའི་ཉག་རེ་སེ་བའི་མགུར་འབུམ་གྱི་མཇུག་ཏུ། ཨ་ཙཱརྱ་དགེ་བཤེས་ཐུབ་བསྟན་དང་། ཇོ་སྲས་བཀྲ་ཤིས་ཚེ་རིང་། བྲག་གཡབ་གྲགས་པ་ཁོང་གསུམ་གྱིས་ཉག་རེ་སེ་བའི་ལོ་རྒྱུས་ཁྲོད་དུ་ཤོ་དགོན་གྱི་གནས་ཤུལ་དཔྱད་རྩོམ་བྲིས། དཔྱད་རྩོམ་རྣམས་དག་ཐེར་ཆེད་དུ་ངས་ཡང་སྐྱར་ཤོ་ཙོམ་དཔྱད་པའི་ཚངས་ཐིག་ལ་དཔྱད་རྩོམ་འཕར་མནན་བྲིས། ལྔ་པ་ཕྱི་ལོ་༢༠༠༧་ལོར་བཀའ་འབུམ་གྱིས་བསམ་ཚུལ་ནོར་བ་རྣམས་ངས་ལུང་རིག་གིས་ཡོ་བསྲང་བྱས་པའི་རྗེས་སུ། བཀའ་འབུམ་གྱིས་སྨར་ཚང་བཀའ་བརྒྱུད་ལ་ཐོག་མ་དཔྱད་པ། ཞེས་པ་ཞིག་བྲིས། སྨར་ཚང་ཉམས་གུད་སོང་པའི་རྗེས་སུ་ཐོག་མ་དཔྱད་མཁན་རག་མགོ་སྤྲུལ་སྐུ་ཡིན་པས། བཀའ་འབུམ་གྱིས་ཐོག་མ་དཔྱད་པ་ཟེར་བ་ནི་ཧམ་བཤད་ཙམ་ལས་དོན་དངོས་མིན། བཀའ་འབུམ་གྱིས་ད་དུང་ཡང་ནོར་འཁྲུལ་མང་དག་ཅིག་འདུག་ཀྱང་འདི་ཡིག་ཚོགས་ཆེ་བར་འཇིགས་ནས་བྲིས་མེད། སྨར་ཚང་ཆོས་འབྱུང་འབྲི་དུས་དག་ཐེར་བྱ་རྒྱུ་ཡིན། ལོ་རྒྱུས་འདི་དག་ལ་འདྲ་ཤུལ་བྲིས་མཁན་བྲག་གཡབ་བ་རེ་གཉིས་བྱུང་ཡང་གད་སྙིགས་ཙམ་ཡིན་པས་གླེང་འོས་པར་མི་སྣང་ངོ། །ཁོ་བོ་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་ལུས་སྲོག་ལོངས་སྤྱོད་གཅིག་ཏུ་སྦྲེལ་ནས་ཉམས་པ་སོར་ཆུད་བགྱིས་པའི་ལོ་བཅུ་བཞིའི་རིང་ལ། སྨར་ཚང་བཀའ་བརྒྱུད་ལ་བཟང་ངན་གྱི་འབྲེལ་བ་གཏན་ནས་མེད་ཀྱང་། ལོ་རྒྱུས་སྨྲ་བ་དང་། དགེ་བཤེས་ལྷ་རམས་པ། སྤྲུལ་སྐུ། སློབ་རྒན་ཆེན་མོ། འབུམ་རམས་པ། གྲྭ་པ་སོགས་མཁས་བླུན་མང་པོ་ཞིག་གིས་ཀུན་སློང་ངན་པ་བཅངས་ནས། ཅལ་འདྲོགས་ཀྱི་འགྲན་རྩོད་མང་པོ་ཞིག་བྱས་བྱུང་བར་ངས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད། འོན་ཀྱང་འགྲན་རྩོད་བྱེད་སྟངས་ལ་སྡོམ་ཚིག་འདི་ལྟར་རྒྱག་པར་འདོད། བྱ་ཕོ་རོག་ནམ་མཁའ་ལ་འཕུར་དུས་ཁྭ་ཏས་ཕྲག་དོག་ལངས་ནས་ཕུ་རོག་གི་མགོ་ལ་མཆུ་ཏོ་ཇེ་སྲིད་རྒྱག་ཀྱང་། ཕོ་རོག་ནི་ནམ་མཁའ་ལ་ཇེ་མཐོ་ནས་ཇེ་མཐོ་རུ་འཕུར་བས་ཁྭ་ཏ་དབུགས་མ་འདང་བར་ས་ལ་ལྷུང་ནས་ཤི་བའི་ལོ་རྒྱུས་ལྟ་བུར་གྱུར་བར་སྣང་སྟེ།  འདིར་སྨྲས་པ།                                                                                                          

ཕོ་རོག་གནམ་ལ་འཕུར་བའི་ཚེ། །མགོ་ལ་ཁྭ་ཏས་མཆུ་ཏོ་རྒྱག། །                                                      

ཕོ་རོག་ཇེ་མཐོ་འཕུར་བ་ལ། །ཁྭ་ཏའི་སྲོག་དབུགས་ཆད་ནས་ལྷུང་། །                                                    

བླུན་པོས་འུར་གཏམ་སྒྲོག་ན་ཡང། །བླང་དོར་མཁས་པར་ཞུམ་མི་འགྱུར།།                                               

བྱི་ལས་ངར་སྐད་འུར་ཆེན་ཡང། །དམར་ཡག་སྟག་ལ་ཞུམ་པར་མེད། །                                                

མཁས་བླུན་གང་ཡིན་མི་ཤེས་ན། །ལུང་རིག་གཉིས་ཀྱིས་བཙིར་ན་ཤེས། །                                              

ཙན་དན་མགོ་མཇུག་མི་ཤེས་ན། །ཆུ་ཡི་ནང་དུ་བཅུག་ན་ཤེས། །ཞེས་ངལ་བསོས་པའི་གཏམ་མོ། །

སྨར་པ་རིན་པོ་ཆེའི་ཞལ་ལས། བཀའ་བརྒྱུད་བསྟན་པ་གངས་ཀྱི་རི་བོ་ལས། །བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་ཡོད། །བརྒྱུད་པ་དག་པའི་ལུང་གི་ཆུ་བོ་ཡོད། །མན་ངག་ཟབ་མོ་སྙན་བརྒྱུད་ཀྱི་ཆུ་བོ་ཡོད།  །སྒོམ་པའི་སྙིང་པོ་ཉམས་ཀྱི་ཆུ་བོ་ཡོད། །ཅེས་གསུངས་པ་ལྟར། ཆུ་བོ་བཞི་ལྡན་གྱི་སྨར་ཚང་བསྟན་པ་ནུབ་རིའི་ཕར་ལ་ཡིབ་པའི་དུས་འདི་ཤར་རིའི་ཕྲག་གོང་ནས་མགྲོན་དུ་བསུས་པའི་ལོ་བཅུ་བཞིའི་རིང་ལ། ལྷ་འདྲེ་མི་གསུམ་འཁྲུགས་པས་ཤོ་ཙོམ་དཔྱད་པའི་ཚངས་ཐིག་ཅེས་པ་འདི་ཕྱི་ལོ་༢༠༡༦་ཟླ་བ་༩་ཚེས་༢༨་ལ་བྲིས་ཤིང་། སླར་ཡང་ཕྱི་ལོ་༢༠༢༡་ལོ་ཟླ་བ་༢་པ་ཡན་ཆོད་ཚུར་སྒོ་རྡུང་མཁན་རྣམས་ལ་ཁྱི་ཁ་རྡོ་ལེན་འགའ་ཤས་འཕར་མནན་བྱས་ཡོད། ད་དུང་ཤོ་ཙོམ་གཉིས་ཀྱི་ལོ་རྒྱུས་དང་གནས་ཤུལ་ལ་དཔྱད་པར་རྫོགས་མེད་པས་རྩོམ་གཞུང་འདིར་འཕར་མནན་རིམ་པ་བྱ་ངེས་ཡིན། འདིར་སྨྲས་པ།  

སྨར་ཚང་བསྟན་ལ་ལྷ་འདྲེ་མི་གསུམ་གྱིས། །བར་ཆད་བྱས་ཀྱང་དཀའ་བ་བརྒྱ་ཕྲག་གིས། །

འབད་པར་ཆེན་པོས་ཉམས་པ་སོར་ཆུད་ཀྱི། །དགེ་བའི་རྩ་བ་བྱང་ཆུང་རྒྱུར་གྱུར་ཅིག །

སྨར་པ་ཡབ་སྲས་བསྟན་པའི་ཉི་འོད་ཀྱིས། །ཉོན་མོངས་སྤྲིན་གྱིས་སྒྲིབ་པ་མ་ལུས་ཀུན། །

ཞིག་ནས་གཉུག་མའི་ཡེ་ཤེས་ངོ་བོ་ལ། །བདེ་ཆེན་ཚོར་བ་དྲོན་མོར་རོལ་གྱུར་ཅིག །ཞེས་ཤོ་ཙོམ་དཔྱད་པའི་ཚངས་ཐིག་འདི་ཕྱི་ལོ་ཕྱི་ལོ་༢༠༢༡་ཟླ་བ་༣་ཚེས་༩་ལ་སྨར་ཚང་བསྟན་པའི་བརྒྱུད་འཛིན་སོ་བརྒྱད་པ་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་བྲིས་སོ། །འདིས་ཀྱང་སྨར་ཚང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །འདི་སྨར་ཚང་ལས་ཁུངས་ནས་ཆོག་མཆན་མེད་པར་འདྲ་ཤུལ་མི་ཆོག་པར་མཁྱེན་པར་མཛོད། འདིར་ལས་བྲེལ་དབང་གིས་ཡིག་ནོར་འདུག་ན་བཟོད་པར་ཞུས། །