དུས་རབས་ཉེར་གཅིག་པའི་འགོ་སྟོད་འདི་བོད་མི་གཞིས་བྱེས་གང་དུ་གནས་ཀྱང་ཆོས་དང་རིག་གཞུང་། གླུ་དང་ཟློས་གར་སོགས་གནའ་བོའི་སྲོལ་བརྒྱུད་ཐམས་ཅད་ཁྱད་ནོར་བརྩིས་ནས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱི་ལས་དོན་སྤེལ་བཞིན་པའི་སྐབས་འདི། 

འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལ་༢༠༠༡་ལོ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས་གསར་པ་བསྐྲུན་ནས་ལས་སྨོན་མཐུད་པ་རྣམས་ལ་རྣམ་དཀར་དགེ་བའི་ས་བོན་བསྐྲུན་ཞིང་།   ཕྱི་ལོ་༢༠༠༣་ལ་ཐེ་ཀྲོང་ལ་ཕན་བདེ་ལེགས་བཤད་གླིང་ཞེས་པའི་ཆོས་ཚོགས་གསར་པ་བསྐྲུན་ནས་ཆོས་ཕྱོགས་ཀྱི་དགེ་རྩ་བསྐྲུན་བ་དང་ཉམ་ཐག་ལ་རོགས་འདེབས་ཞུ་བ་སོགས་ལས་དོན་འགོ་འཚུགས།

དུས་སྐབས་དེ་བོད་པའི་བླ་མ་ཞིག་གིས་རྒྱ་རྒན་འུན་འུན་ཐོ་ཟེར་བ་ཞིག་ལ་སྨར་པ་ཤེས་རབ་ཡེ་ཤེས་ཀྱི་ཡང་སྲིད་ངོས་འཛིན་བྱས་ཚུལ་འགྲེལ་ཏེ།  སྨར་ཚང་བཀའ་བརྒྱུད་དང་ཆོས་རྗེ་སྨར་པའི་མིང་ཐོག་ནས་ཆོས་ལོག་ཤུགས་ཆེན་སྤེལ།   ཁ་དཔེ་ལ།  རྟ་རྒན་ལྷོ་ལ་ཤི་ཡང་མགོ་ཆག་བྱང་ལ་བསྟན་ཟེར་བ་ལྟར།  སྨར་པ་རིན་པོ་ཆེ་དང་སྨར་ཚང་བཀའ་བརྒྱུད་ཀྱི་མཚན་སྙན་རྒྱ་རྒན་ཅིག་གི་ལག་ཏུ་ཤོར་བ་མཐོང་དུས་བཀའ་བརྒྱུད་བསྟན་པའི་རྗེས་འབྲང་པ་ཚོས་གདོང་ལེན་ཞིག་བྱེད་ཐུབ་པའི་རེ་བསྐུལ་ཡང་ཡང་བྱས་ཀྱང་སྦྲང་སྐད་ཙམ་རྒྱག་མཁན་མེད་པ་ལུས།  བོད་ལ་རྒྱ་ནག་གུང་ཁྲན་གྱིས་དྲག་པོས་སྟོབས་ཤུགས་ཀྱིས་ཆོས་ལུགས་ལ་དྲག་མནོན་བྱས་དང་བྱེད་བཞིན་ཡིན་པ་དང་།  རང་དབང་ལྡན་པའི་དམངས་གཙོ་རྒྱལ་ཁབ་ཐེ་ཝན་ལྟ་བུ་ལ་རྒྱ་རྒན་ཞིག་གིས་སྨར་ཚང་བཀའ་བརྒྱུད་དང་ཆོས་རྗེ་སྨར་པའི་མཚན་ཐོག་ནས་སྐྱ་བོ་ཕོ་མོ་ལ་གྲྭ་ཆས་གཡོག་པ་སོགས་བོད་བརྒྱུན་ནང་བསྟན་གྱི་མཐོང་བརླག་བའི་ལས་འགུལ་སྤེལ་བ་འདི་གདོང་ལེན་ཞིག་མ་བྱེད་ན།  སྤྱིར་བོད་པའི་ཆོས་ལུགས་ལ་མཐོང་ཆུང་། སྒོས་སུ་སྨར་ཁམས་ཡུལ་དུ་ལོ་ངོ་བརྒྱད་བརྒྱ་བཞི་བཅུའི་ལོ་རྒྱུས་ལྡན་པའི་མེས་པོ་སྨར་ཚང་བཀའ་བརྒྱུད་ལ་ཐུབ་ཚོད་ཡིན་པར་མཐོང་ནས་གདོང་ལེན་བྱ་རྒྱུའི་དམ་བཅའ་འཇོག་པ་ཡིན།  

འཐབ་རྩོད་འདི་སྨར་ཚང་བཀའ་བརྒྱུད་མིང་ཐོག་ནས་བྱེད་དགོས་པས་ཕྱི་ལོ་༢༠༠༨་ལོ་ཐེ་ཀྲོང་ལ་ཆོས་ཚོགས་གཉིས་གཅིག་ཏུ་བསྡོམས་ནས་སྨར་ཚང་ཆོས་ཚོགས་འཕྲིན་ལས་མཁའ་ཁྱབ་གླིང་གསར་དུ་བསྐྲུན།   དེ་མ་ཐག་སྨར་ཚང་བཀའ་བརྒྱུད་ཟེར་བའི་དྲ་རྒྱའི་མིང་ཚིག་མི་འདྲ་བ་ཐམས་ཅད་ནོར་ནས་དྲ་ལམ་གྱི་མིང་ཚིག་ཐམས་ཅད་བཀག་པའི་ལས་འགུལ་དང་པོ་དེ་སྤེལ་བ་ཡིན།  

ཡ་མཚན་དགོས་པ་ཞིག་ལ་ང་ཚོས་སུ་ཞིག་གདོང་ལེན་བྱེད་འདོད་པ་དང་གང་ཞིག་ལས་དོན་བསྒྲུབ་བསམ་པ་གཏན་ནས་མི་ཤེས་མཁན་ཚོས་ལོང་གཏམ་དང་ལོང་འདྲོགས་ཤུགས་ཆེན་བྱས་སོང་།   ཁ་དཔེ་ལ།  མཛོ་མགོ་བསྡམས་སར་གླང་སྐེ་བརྐྱང་ཟེར་བ་ལྟར།  རྒྱ་འུན་འུན་ཐོ་དང་སྨར་ཚང་བཀའ་བརྒྱུད་བར་གྱི་འཐབ་རྩོད་བྱས་དུས་འབྲེལ་བ་གཏན་ནས་མེད་པའི་མི་འགའ་ཞིག་གིས་སྨར་ཚང་བཀའ་བརྒྱུད་དཔལ་ཡོན་ལ་འདྲེས་ཟེར་བ་དང་རྒྱུད་པ་ཆད་འདུག་ཟེར་བའི་ཉེན་ལེན་ལ་རྟེན་ནས་ང་ཚོ་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཀྱང་ཤུགས་མ་ཐུབ་གདོང་ལེན་གཏིང་ཟབ་དུ་མ་གཏོང་དཀའ་མེད་ཉིད་དུ་གྱུར་བས། སྨར་ཚང་གི་ཡིག་ཆ་དང་ལོ་རྒྱུས་མཁོ་སྒྲུབ་བྱས་ནས་བསྟན་པ་འདི་ཉམས་པ་སླར་གསོའི་ལས་འགོ་འཚུགས་པ་ཞིག་ཡིན།  གལ་ཏེ། ཁོ་ཚོས་མཛོ་མགོ་བསྡམས་སར་གླང་སྐེ་བརྐྱང་མེད་ན་འུན་འུན་ཐོ་ཆམ་ལ་ཕབ་རྒྱུ་ཙམ་ཡིན་པས་ལས་དོན་འདི་འདྲ་ཞིག་ཏུ་འགྱུར་མི་སྲིད་པ་རེད། འགྲན་རྩོད་ནི་ཡར་རྒྱས་ཀྱི་དེད་དཔོན་ཡིན་ཟེར་བ་ལྟར།   སྨར་ཚང་བཀའ་བརྒྱུད་ཀྱི་ལས་དོན་འདིས་ཀྱང་ལྟོས་ས་ལྟོས་འཇོག་གིས་འཕོ་འགྱུར་ཤུགས་ཆེར་འགྲོ་ཡོད་ལ།  ཕྱོགས་གཞན་ཞིག་རྗེ་འགྲོ་མགོན་རིན་ཆེན་དང་མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་སོགས་ཀྱིས་ལས་སྨོན་རྟེན་འབྲེལ་གྱི་མཐུས་དེད་པ་ཡིན་སྲིད།  ད་ལྟ་ཐེ་ཝན་དོན་གཅོད་སྐུ་ངོ་ཟླ་བ་ཚེ་རིང་ལགས་དང་ཁྲིམས་རྩོད་པ་སོགས་ལ་གོ་བསྡུར་དང་སློབ་སྟོན་རིགས་པ་ཞུ་ནས་འུན་འུན་ཐོ་ལ་དངོས་སུ་གདོང་ལེན་བྱེད་འགོ་འཚུགས་ཡོད། སྨར་ཚང་བཀའ་བརྒྱུད་དཔལ་ཡོན་ལ་འདྲེས་ཟེར་བ་དེ་ཉམས་ཞིབ་མཐར་ཕྱིན་བྱས་པའི་གྲུབ་དོན་སྙིང་པོ་ནི་གཟུགས་མེད་གྲིབ་བཟོ་ཡིན་པར་ཐག་ཆོད་ཡོད།  བོད་དུ་མར་པ་ལོ་ཙྭ་བའི་གདན་ས་ཉམས་གསོ་བྱས་མཁན་གྱིས་དྲ་ལམ་ཐོག་སྨར་ཚང་དཔལ་ཡོན་ལ་འདྲེས་ཟེར་བའི་བརྙན་འཕྲིན་ཐུང་ཐུང་ཞིག་YouTube་་ནང་དུ་བཏང་པ་དེ་འཕྲལ་དུ་སྒོ་རྒྱག་དགོས་པའི་རྒྱུ་མཚན་དྲངས་པ་ལྟར་ཁོང་ཚོས་ཀྱང་ཕྱིར་བཀོལ་ནས་སྨར་ཚང་བཀའ་བརྒྱུད་ཡོད་ཚུལ་གསུངས་པ་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཡིན་པས་ཐུགས་རྗེ་ཞུ།།   བོད་གཞུང་ཆོས་སྡེ་ལྷན་ཁང་གིས་དྲ་ལམ་ཐོག་ཆོས་དབྱིངས་དུས་དེབ་ཐོག་འཁོར་པ་ལྟར་བཀོད་པ་དེ་ཆོས་རིགས་བཀའ་བློན་མི་རྗེ་པདྨ་ཆོས་འབྱོར་མཆོག་གིས་ཕྱིར་འཐེན་གནང་བར་སྨར་ཚང་ལས་ཁུངས་ནས་ཐུགས་རྗེ་ཞུས་ཀྱིན་ཡོད། སྨར་ཚང་གི་ལས་དོན་འདིའི་ཆེད་དུ་བོད་ཕྱི་ནང་གཉིས་སུ་བཞུགས་པའི་གྲོགས་པོ་དང་སྤུན་མཆེད་རྣམས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ། ཉམ་ཕྲ་བའི་བསྟན་པ་འདི་ཉམས་གསོ་ཆེད་དུ་བཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཁག་གི་དགེ་སློབ་ཡོངས་དང་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཀྱི་ཡོད། ལྷག་དོན་དུ་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པའི་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེན་ཞུ།