དུས་རབས་ཉེར་གཅིག་པའི་འགོ་སྟོད་འདི་ཡུལ་གྲུ་སྤྱི་དང་ཁྱད་པར་དུ་བོད་པའི་མེས་པོ་གོང་མ་རྣམས་ཀྱི་སྲོལ་སྟོན་པའི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་བརྒྱུད་འཛིན་གྱིས་ལས་འགུལ་ཚ་ཚ་འུར་འུར་སྤེལ་བཞིན་པ་ལྟར། 

སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཉམས་པ་སླར་གྱི་ཆེད་དུ་ཕྱི་ལོ་༢༠༠༩་ལོ་དབྱིན་ལེན་ལ་སྨར་ཚང་བཀའ་བརྒྱུད་དབུ་བརྙེས་ནས་ལོ་༨༤༢་ཧྲིལ་པོ་འཁོར་བ་དང་ཉམས་གུད་སོང་ནས་ལོ་༣༧༠་ཙམ་སོང་བའི་དུས་དྲན་དང་སྨར་ཚང་སྲི་ཞུ་ཚོགས་པ་དབུ་འབྱེད་མཛད་སྒོ་ལ་། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སླབ་བྱ་ལམ་སྟོན་ཞིག་སྙན་སྒྲོན་ཞུ་བ་ལྟར། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྨར་ཚང་བཀའ་བརྒྱུད་སྲི་ཞུ་ཚོགས་པའི་མཛད་སྒོར་དུས་ཐོག་ཏུ་བཀའ་ཡིག་སྩལ་བར་མཛད།  སྨར་ཚང་བཀའ་བརྒྱུད་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པའི་ངང་དུ་སྨར་ཚང་གི་ཡིག་རྙིང་མཁོ་བསྒྲུབས་ནས་ལག་ཏུ་སོན་པ་རྣམས་གལ་ཆེན་དོན་ཆེན་བརྩིས་ནས་གློག་ཀླད་ཐོག་བྲིས་པ་དང་། བརྡ་རྙིང་ཞུ་དག་བྱས་པ་སོགས་ཉིན་མཚན་ལྟོས་མེད་གཅིག་རྗེས་གཉིས་འཐུད་བསྒྲུབས་ནས་ལོ་ཧྲིལ་བོ་བདུན་གྱི་རིང་ལས་དོན་སྒྲུབ་པའི་གྲུབ་འབྲས་མི་ཉུང་བ་ཞིག་ཐོན་པར་དགའ་སྤོབས་སྐྱེས་ཀྱི་ཡོད།  དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་སེངྒེ་མཆོག་གིས།  བུ་དང་བུ་མོ་ཁྱུ་མ་དང་། ནོར་དང་གླང་ཆེན་ཤིང་རྟ་དང་། རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་འགྱུར་ཅིག །ཅེས་གསུངས་པ་ལྟར་ལས་བྱེད་ཚོས་རང་གི་ལུས་སྲོག་ལོངས་སྤྱོད་ཐམས་ཅད་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་ལ་བསྔོ་ཟིན་པས་ཕྲག་གོང་དུ་ཕབ་པའི་རྡོག་ཁྲེས་ཆེན་པོ་འདི་འཁུར་ནས་འགྲོ་རྒྱུ་ལས་གདམ་ཀ་གཞན་ཞིག་མེད་པ་ལྟ་བུའི་ཚོར་སྣང་རེ་རེ་སྤྲོད་པ་ལ་དོ་ཟླ་བྲལ་བའི་རིན་ཐང་ཆེན་པོ་ཞིག་བརྩིས་ཀྱི་ཡོད།  ཕྱི་ལོ་༢༠༡༤་ལོ་འདི་དབྱིན་ལེན་གྱི་རྒྱལ་ས་ལོ་སྒྲོན་ལ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་གསར་པ་དབུ་འབྱེད་བྱས་ནས། སྨར་ཚང་སྲི་ཞུ་ཚོགས་པ་འདི་སྨར་ཚང་རྒྱལ་ཡོངས་ཚོགས་པར་བསྒྱུརར་གཏན་ཁེལ་བ་དང་། ཐེ་ཝན་ལ་རྟེན་བཞེངས་བྱས་པའི་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པ་ཡང་གང་མགྱོག་དབྱིན་ལེན་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པ་གཉིས་གཅིག་ཏུ་སྦྲན་རྒྱུ་ཐག་བཅད་བྱས།   ད་ལྟ་དབྱིན་ལེན་གྱི་རྒྱལ་ས་ལོན་སྒྲོན་ལ་སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་ཀྱི་ཟླ་རེ་སངས་རྒྱས་སྨན་བླའི་སྒྲུབ་མཆོད་ཚོགས་བཞིན་པ་དང་བདུན་ཕྲག་རེ་ལ་སྨར་ཚང་ལམ་རིམ་སློབ་ཚན་ཐེངས་གཉིས་ཁྲིད་ཞིག་ཡོད། ད་ལྟའི་ཆ་སྨར་ཚང་བཀའ་བརྒྱུད་ཀྱི་ཡན་ལག་ཆོས་ཚོགས་ཐམས་ཅད་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པའི་འོག་ཏུ་ལས་རིམ་སྒྲུབ་བཞིན་ཡོད།  འདི་བཀོད་པའི་ཡིག་རིགས་རྣམས་སྨར་ཚང་རྒྱལ་ཡོངས་ལས་ཁུངས་ཀྱིས་ཆོག་མཆན་མེད་པར་གང་འབྱུང་ཕབ་བཤུ་མི་ཆོག །