སྤྱིར་དུང་ཞེས་པ་འདིར་གཟི་དང་འདྲ་བས་གཟི་དུང་དང་། གཡོན་ནས་འཁྱིལ་བས་གཡོན་དུང་། ཚེར་མ་འདྲ་བས་ཚེར་དུང་། ཁ་དོག་དམར་བས་དམར་དུང་། གཤོག་སྒྲོ་གཡས་ནས་འཁྱིལ་བས་གཡས་འཁྱིལ་སོགས་ཡོད།

དུང་དཀར་གཡས་འཁྱིལ་འདི། བྱང་ཆུབ་སེམས་དཔའ་ཆུ་ནང་གི་སེམས་ཅན་གྱི་དོན་དུ་དུང་གི་སྐྱེ་བ་རྒྱུན་མཐུད་ནས་བླངས་པའི་དུང་སྐྱེ་བ་ལྔ་པའི་སྐུ་ཡིན་པས། སྐྱེ་བ་ལྔ་པ་ཞེས་མིང་འདོགས་སྲོལ་སྣང་། དུང་འདིའི་སྒྲ་ཐོས་པའི་སྐྱེ་བོ་རྣམས་སེམས་ཞི་བར་གནས་པའི་ནུས་པ་ཡོད་ཅེས་གསུངས།   མདོ་རྒྱལ་ཆེན་རོལ་པ་སོགས་ལས། བདག་ཅན་གི་སྟོན་པ་སངས་རྒྱས་ནས་དགའ་ལྡན་དུ་ཏོག་དཀར་པོའི་སྐྱེ་བ་བཞེས་ནས་འགྲོ་དོན་རྫོགས་ཏེ། འཛམ་བུའི་གླིང་གི་གདུལ་བྱ་འདུལ་བའི་ཕྱིར་མི་ཡུལ་དུ་འཕོ་བར་བཞེས་པའི་ཚེ། ལྷ་རྣམས་ཀྱིས་མུ་སྟེགས་སྟོན་པ་དྲུག་ལ་སོགས་པས་མ་རུང་པར་བྱས་པའི་དུས་འདིར་ཕེབས་མི་རུང་ཞེས་བཤོལ་བཏབ་པ་ན། ཏོག་དཀར་པོས། འཁོར་རྣམས་ཀྱིས་དུས་གཅིག་ལ་རོལ་མོ་ཐམས་ཅད་དཀྲོལ་བཅུགས་ནས། ཏོག་དཀར་པོ་ཁོང་རང་གིས་དུང་དཀར་གཡས་འཁྱིལ་བུས་པའི་སྒྲས་རོལ་མོ་ཐམས་ཅད་ཟིལ་གྱིས་གནོན་པས། མ་འོང་པ་འཛམ་གླིང་དུ་ཆོས་ཀྱི་གསུང་སྒྲོག་ནས་ཐམས་ཅད་ཟིལ་གྱིས་མནན་པའི་བཀྲ་ཤིས་ཀྱི་རྟེན་འབྲེལ་ཆེན་པོར་གྱུར་པས། བཀྲ་ཤིས་གཡས་འཁྱིལ་ཞེས་མིང་ཐོགས་པ་གྲགས། ཏོག་དཀར་པོའི་སྐྱེ་བ་རྒྱལ་སྲས་གཞོན་ནུ་དོན་འགྲུབ་སངས་རྒྱས་ཀྱི་གོ་འཕང་བརྙེས་པའི་ཚེ། བརྒྱ་བྱིན་གྱིས་འཁོར་ལོ་རྩིབས་སྟོང་ཞིག་དང་། དུང་དཀར་གཡས་འཁྱིལ་ཞིག་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་འདེབས་པ་ལ་བརྟེན་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེད། །སུ་ལ་བསྟན་ཡང་གོ་བར་མི་ནུས་པས། །མི་མེད་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་སོགས་ཆོས་འཁོར་རིམ་པ་གསུམ་གྱི་གསུང་དབྱངས་ཟབ་མོ་རྣམས་སྒྲོག་ནས་འཛམ་གླིང་འདི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བས། དུང་འདི་ལ་རྒྱལ་པོ་འཁྱིལ་ཞེས་མིང་ཐོགས། དུས་དེ་ནས་བཟུང་འཁོར་ལོ་དང་དུང་དཀར་གཡས་འཁྱིལ་འདི་གཉིས་ནང་པའི་ཆོས་ཀྱི་བྱེད་སྒོ་ཀུན་ལ་འཁོར་བའི་བཀྲ་ཤིས་པའི་མཚོན་བརྟགས་ཆེན་ཤོས་ཀྱི་གྲས་སུ་གྱུར། དུང་འདིས་ཆུ་སྲིན་གྱི་གནོད་པ་འགོག་པས་ཆུ་སྲིན་དགྲ་ཞེས་ཀྱང་གྲགས། ཀླུ་དང་བཙན་སོགས་ཀྱི་གནོད་པ་འགོག་པས་གཤེད་དུང་ཟེར་བ་སོགས་མང་ཡང་དགོས་ཆེ་མ་མཐོང་བས་བྲིས་མེད། དུང་དཀར་གཡས་འཁྱིམ་འདི་ལ་སངས་རྒྱས་ཀྱི་ཚེམས་ཀྱི་མཚོན་བྱེད་ཀྱི་རི་མོ་མངོན་ཡོད་གསུང་པ་ལྟར་དོན་ལ་དེ་ལྟར་སྣང་། སྐུ་གསུང་ཐུགས་གྱི་བཀྲ་ཤིས་པའི་མཚོན་བྱེད་ནང་ནས་གཡས་འཁྱིལ་འདི་གསུང་གི་བཀྲ་ཤིས་མཚོན་པ་ཡིན་ཏེ། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བའི་ཐེག་ཆེན་གྱི་མདོ་ལས། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་བེ་འུ་གསལ། །ཞེས་དང་། སློབ་དཔོན་ཛྭ་བ་རི་པའི་ཀླུའི་སྒྲུབ་ཐབས་ལས། ཤེལ་རྩེ་དང་། དུང་གཡས་འཁྱིལ་ཞེས་དང་། པྲཛྙ་རཀྵི་ཏའི་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་ལས། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །སྙན་པ་ཕྱོགས་བཅུར་སྒྲོག་པ་ཡི། །བུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པའི་ཚིག་འདི། རྗེ་ཏྭ་ར་ནཱ་ཐའི་སྨོན་ལམ་ཟབ་མོ་ཞེས་པ་ལས་ཚིག་ཇི་བཞིན་བཀོད་འདུག་ལ།  རྗེ་ཙོང་    ཁ་པའི་མི་བསྐྱོད་པའི་ཆོ་ག་ལས། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །འབུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པའི་ཆོ་གའི་མཇུག་ཏུ་བཀའ་བཞི་གྲགས་པ་རྒྱལ་མཚན་གྱིས་ཡི་གེར་བཀོད་ཅེས་སོགས་མདོ་དང་བསྟན་བཅོས་དག་ལ་བལྟས་དུས། དུང་གཡས་འཁྱིལ་འདི་ལྷ་ཀླུ་མི་གསུམ་གྱི་རྩ་ཆེན་བརྩིས་སྲོལ་ཡོད་པ་མངོན་འདུག་ལ། ལྷག་པར་ཏུ་བརྒྱ་བྱིན་གྱིས་སངས་རྒྱས་ལ་ཕུལ་བའི་ཆོས་དུང་དེ་གཡས་འཁྱིལ་ཡིན་ཚུལ་མདོ་བསྟན་དག་ལས་མངོན་པའི་ཚུལ་འདི་ལ་བལྟས་ན། བོད་དུ་ཆེས་སྙན་གྲགས་ཆེ་བའི་དཔལ་ས་སྐྱའི་ཆོད་དུང་དཀར་མོ་ཞེས་པ་དེ་དང་། རྗེ་ཙོང་ཁ་པས་འགོག་པ་རི་ནས་གཏེར་དུ་བཞེས་པའི་དུང་དཀར་དེ་གཉིས་གཡས་འཁྱིལ་མིན་པས། ཆོས་དུང་དེ་གཉིས་བརྒྱ་བྱིན་གྱིས་སངས་རྒྱས་ལ་ཕུལ་བའི་དུང་དཀར་གཡས་འཁྱིལ་ཡིན་པ་སྒྲུབ་མཁན་ཚོས་ལོ་རྒྱུས་ཀྱི་རྨ་ཁ་འདི་ཇི་ལྟར་འདྲུབ་ཐུབ་བམ་སྙམ་པའི་ཚོར་བ་བྱུང་།  སྨར་དུང་གཡས་འཁྱིལ་དཀར་མོ་འདི། ཆོས་རྗེ་སྨར་པ་རིན་པོ་ཆེ་དབྱར་དུས་ཤིག་བོད་ཀྱི་རྒྱལ་ས་ལྷ་ས་ནས་སླར་སྨར་ཁམས་སུ་ ཕེབས་ལམ་ཤར་གངས་ལ་ཞེས་པའི་རི་བོ་མཐོན་པོ་དེའི་རྩེ་ལ་སླེབས་དུས། ངལ་གསོ་ནས་བཞུགས་པས་གཉིད་ཅུང་ཟད་ཁུག་པའི་རྨི་ལམ་གྱི་འོད་གསལ་དབྱིངས་སུ། མཁའ་འགྲོ་མ་ཞིག་གིས་དུང་དཀར་གཡས་འཁྱིལ་འདི་ཆོས་རྗེ་སྨར་པ་ལ་ཕུལ་ནས། ཁྱེད་ཀྱིས་བསྟན་པ་དང་འགྲོ་བའི་དོན་ལ་ཆོས་དུང་གཡས་འཁྱིལ་དཀར་མོ་འདི་ལྟ་བུ་འབྱུང་བའི་རྟེན་འབྲེལ་ཡོད་ཅེས་ལུང་བསྟན། རྨི་ལམ་སད་དུས་ཆོས་དུང་གཡས་འཁྱིལ་འདི་ཁོང་གི་འགྲམ་དུ་ཡོད་པར་གཟིགས་པས། རྟེན་འབྲེལ་ཀུན་ཀྱི་ཐོག་མར་གྱུར་པའི་ཆོས་དུང་གཡས་འཁྱིལ་དཀར་མོ་འདི་སྨར་ཡུལ་དུ་གདན་དྲངས། རྗེ་སྨར་པས་དགོན་པ་ཕྱག་བཏབ་དུས་བཀྲ་ཤིས་ཀུན་ཀྱི་ཐོག་མ་ཆོས་དུང་གཡས་འཁྱིལ་དཀར་མོ་མཚོན་ཕྱིར་ཏུ། དགོན་པའི་མཚན་ལ་བཀྲ་ཤིས་ཡིད་འོང་དགོན་ཞེས་གསོལ་བར་མཛད། དེ་ནས་ཆོས་དུང་འདི་དཔལ་བཀྲ་ཤིས་དགོན་པའི་ཡང་སྟེང་དུ་ལྷ་ཁང་བཞེངས་ནས་བཞུགས་སུ་གསོལ་བས། སྨར་ཚང་བཀའ་བརྒྱུད་ཀྱི་ནང་རྟེན་ཀུན་ཀྱི་ཐོག་མ་དེ་ཡིན། ཆོས་རྗེ་སྨར་པ་བདེ་བ་གཤེགས་རྗེས་སུ་དགོན་འདི་ལ་ཤོ་དགོན་ཞེས་ཐ་སྙད་བཏགས་པའི་ཡིག་རྙིང་མཐོང་ཚེ་ནང་ནས། ས་པཎ་གྱིས་འགྲོ་མགོན་རིན་ཆེན་ལ་ཕུལ་བའི་སྤྲིངས་ཡིག་དེ་དང་པོ་ལྟ་བུ་ཡིན་ཀྱང་ད་དུང་དཔྱད་དགོས། སོག་པོས་གདན་ས་ཤོ་ཙོམ་གཉིས་ལ་འཕྲོག་བཅོམ་ཐེངས་གསུམ་བྱས་པའི་རྒྱུན་རིམ་ནང་དུ། རྩ་ཆེན་གྱི་ནང་རྟེན་མང་པོ་ཞིག་ཤོར་ཡོད་ཀྱང་མང་པོ་ཞིག་བྲག་རིའི་སུལ་དུ་སྦས་ཐུབ་ཡོད། ད་ལྟ་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་ཏུ་སོན་པའི་ནང་རྟེན་གྱི་གྲས་ནས་ཆོས་དུང་དཀར་མོ་གཡས་འཁྱིལ་འདིས་ཀྱང་རྙེད་ཡོད། ཆོས་དུང་གི་ངོས་སུ་སྟོན་པའི་སྐུ་བརྙན་དང་། ཆུ་བོ། ལཉྫའི་མ་ཎི་རྣམས་འབུར་བརྐོས་བྱས་ཤིག་དངུལ་དཀར་གྱི་ཤན་ལ་གཡུ་དང་བྱུ་རུའི་ཁྲ་རྒྱན་སྦྱར་བ་འདི་དུས་ནམ་ཞིག་ཡིན་མིན་མ་ངེས། ཆོས་དུང་འདི་རི་བྲག་སུལ་དུ་ཡུན་རིང་ལྷག་པས་གཙང་ཁྲུས་བྱས་དུས་དུང་གི་སྣུམ་མདངས་ ཉམས་ཤིང་། རུལ་ཐིག་སོགས་སྐྱོན་མང་པོ་ཞིག་ཕོག་འདུག་ཀྱང་ནང་རྟེན་འདི་ལག་ཏུ་སོན་ཙམ་གྱིས་བསམ་ཡུལ་ལས་འདས་པའི་རྨི་ལམ་ཐེངས་གཅིག་རྨིས་པ་ཉིད་དུ་གྱུར། སྨར་དུང་གཡས་འཁྱིལ་དཀར་མོའི་ཁྱད་ཆོས་འགྲེལ་ན། ཆོས་དུང་གཡས་འཁྱིལ་འདི་ཁ་དོག་དཀར་པོ་ནི། སྨར་ཚང་གི་བསྟན་པའི་སྒོ་ལ་འཇུག་པའི་གདུལ་བྱ་རྣམས་རྟག་ཏུ་དཀར་པོ་དགེ་བའི་ལས་ལ་འཇུག་པའི་རྟེན་འབྲེལ་མཚོན། ཆོས་དུང་གི་གཤོག་སྒྲོ་གཡས་སུ་འཁྱིལ་བ་ནི། སྨར་ཚང་གི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་རྒྱུན་མ་ཆད་པར་གཡས་ནས་འཁྱིལ་བའི་རྟེན་འབྲེལ་མཚོན། ཆོས་དུང་གི་ཁ་ལ་རི་མོ་གསུམ་འཁྱིལ་བ་ནི། སྐལ་ལྡན་གྱི་སློབ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་ཐེག་པ་རིམ་པ་གསུམ་གྱི་ལམ་དུ་འདྲེན་བའི་རྟེན་འབྲེལ་མཚོན། ཆོས་དུང་གི་ཁོག་པ་རིམ་བཞིན་ཕྲ་བ་ནི། ཀུན་རྫོབ་ཀྱི་ཆོས་རྣམས་རགས་པ་ནས་ཕྲ་བ་མཐར་ཐུག་གི་བར་སྒྱུ་མ་ལྟ་བུ་མཐོང་བའི་ཉམས་རྟོགས་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་མཚོན། ཆོས་དུང་གི་ཁོག་སྟོང་རིམ་བཞིན་ཕྲ་བ་ནི། དོན་དམ་སྟོང་པ་ཉིད་ཀྱི་གནས་ལུགས་ལ་ཐོས་པས་སྒྲོ་འདོགས་ཆོད། བསམ་པས་ངེས་ཤེས་རྙེད། སྒོམ་པས་ ཡིད་ལ་རགས་པ་ནས་ཕྲ་བ་མཐར་ཐུག་གི་བར་དུ་ཉམས་རྟོགས་སྐྱེ་བའི་རྟེན་འབྲེལ་མཚོན། དུང་གི་གཤོག་སྒྲོ་ཡངས་ཤིག་རྒྱ་ཆེ་བ་ནི། སྨར་ཚང་གི་བསྟན་པ་དར་རྒྱས་ཡོངས་པའི་རྟེན་འབྲེལ་མཚོན། ཆོས་དུང་ནང་ངོས་སུ་ཕྲད་ནས་བལྟས་དུས་རྒྱབ་རིའི་མདུན་ལ་རི་འབུར་ཆེ་ཆུང་གཉིས་ཡོད་པ་ནི། གདན་ས་ཆེན་མོ་ཤོ་ཙོམ་ཉི་ཟླ་ཟུང་ཅིག་བྱུང་བའི་རྟེན་འབྲེལ་མཚོན། ཆོས་དུང་ཁོག་ཕུག་གི་ཕྱི་རོལ་ཏུ་གད་སུམ་མེད་པ་ནི། སྨར་ཚང་གི་བསྟན་པའི་སྡོང་པོ་ལ་གད་སུམ་གྱི་དྲི་མ་མེད་པའི་རྟེན་འབྲེལ་མཚོན། ཆོས་དུང་གི་ཁོག་པའི་ནང་ངོས་ལ་གད་སུམ་ཆུང་ངུ་མང་པོ་ཡོད་པ་ནི། སྨར་ཚང་གི་བསྟན་པ་འདི་བོད་སོག་རྒྱ་གསུམ་གྱིས་བར་ཆོད་མང་པོ་བྱེད་པར་མཚོན། ཆོས་དུང་འདི་སླར་ཡང་ལག་ཏུ་སོན་པ་ནི། སྨར་ཚང་གི་བཤད་སྒྲུབ་ཀྱི་ཆོས་དུང་གཡས་འཁྱིལ་དཀར་མོ་ཕྱོགས་བཅུར་སྒྲོག་པའི་རྟེན་འབྲེལ་མཚོན་པ་ཡིན། སྨར་དུང་གཡས་འཁྱིལ་དཀར་མོའི་ལོ་རྒྱུས་འདི་སྨར་ཚང་བསྟན་པའི་རྒྱུད་འཛིན་སོ་བརྒྱད་པ་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༡༩་ས་ག་ཟླ་བའི་ཚེས་༨་ཉིན་མོར་བྲིས་སོ།།

                     སྨར་ཚང་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །