སྐྱུར་བ་བྱ་བའི་ཆོས།

རྐུན་ཇག་འཕྲོག་གསུམ་གྱི་འཚོ་བ་སྐྱུར་བར་བྱ།

མདུན་རྒྱབ་གཏམ་བཤད་ཀྱི་སྤྱོད་པ་སྐྱུར་བར་བྱ།

རང་རྒྱལ་གཞན་ཕབ་ཀྱི་རློམ་སེམས་སྐྱུར་བར་བྱ།

གཞན་རྒྱུ་བསླུ་བྲིད་ཀྱི་བསམ་ངན་སྐྱུར་བར་བྱ།

ལས་འབྲས་གོ་ལྡག་གི་ལྟ་བ་སྐྱུར་བར་བྱ།

སྤྱི་དོན་སྒེར་འཛིན་གྱི་ཧམ་སེམས་སྐྱུར་བར་བྱ།

རང་གཞན་གཉིས་ཕོངས་ཀྱི་རྨོངས་དད་སྐྱུར་བར་བྱ།

         དགོས་པའི་ཆོས།

རང་གི་སྣ་ཐག་གཞན་ལ་མ་ཤོར་བ་ཞིག་དགོས།

རང་འཚུགས་གཏན་ཞིང་བློ་སྒོ་ཡངས་པ་ཞིག་དགོས།

ལེགས་ཉེས་འབྱེད་པའི་ཤེས་རབ་ལྡན་པ་ཞིག་དགོས།

རྩ་དོན་སྒྲུབ་པར་ངང་རྒྱུད་རིང་བ་ཞིག་དགོས།

དྲིན་ཆེན་ཕ་མར་དྲིན་ལེན་དྲན་པ་ཞིག་དགོས།

འཛམ་གྲོགས་གཉེན་ལ་དུངས་སེམས་ལྡན་པ་ཞིག་དགོས།

གྲོང་རོགས་མི་ལ་ཆམ་མཐུན་བསྐྲུན་པ་ཞིག་དགོས།

མི་རིགས་ལ་རྒྱལ་སྙིང་ལ་བཅུག་པ་ཞིག་དགོས།

ཤེས་པར་བྱ་བའི་ཆོས།

སྙིང་རྗེ་གཞན་ཕན་གྱི་རྩ་བ་ཡིན་པར་ཤེས་པར་བྱ།

སེམས་བསྐྱེད་སྙིང་སྟོབས་ཀྱི་གོ་ཆ་ཡིན་པར་ཤེས་པར་བྱ།

ཤེས་རབ་ཕུགས་བསམ་གྱི་སྒྲོན་མེ་ཡིན་པར་ཤེས་པར་བྱ།

ཡོན་ཏན་མདུན་ལམ་གྱི་བསུ་མ་ཡིན་པར་ཤེས་པར་བྱ།

དྲང་བདེན་ཚེ་གཅིག་གི་གཟི་བརྗིད་ཡིན་པར་ཤེས་པར་བྱ།