ཕྱག་རྡོར་འབྱུང་པོ་འདུལ་བྱེད་ལ་མཆོད་རྫས་འབུལ་ན་དཀར་གཏོར་པད་འདབ་བཞིས་བརྒྱན་པ་ཞིག་བཤམ། ཉེར་སྤྱོད་མཆོད་པ་སྤྱི་ལྟར་རོ། དེ་ནས་སྐྱབས་སེམས་ལན་གསུམ་བཟླ་བར་བྱ།

བླ་མ་ཡི་དམ་མཆོག་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །སྒྲོལ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད། །

དེ་ནས་བདག་ཉིད་ཕྱག་རྡོར་བསྐྱེད་པར་བྱ། སྣང་སྲིད་འཁོར་འདས་ཆོས་ཀུན་གྱི། །རང་བཞིན་སྟོང་ཉིད་འོད་གསལ་གྱུར། །སྟོང་པའི་ངང་ལས་ཧྰུྃ་ཡིག་འདི། །ཡོངས་གྱུར་རྡོ་རྗེའི་ཕོ་བྲང་གི །ནང་དུ་ཧྲྰིཿཡིག་ལས་བྱུང་བའི། །སྣ་ཚོགས་པདྨ་འདབ་བརྒྱད་སྟེང་། །ཨ་ལས་ཟླ་དཀྱིལ་དྭངས་ཤེལ་ལྟར། །གསལ་བའི་སྟེང་དུ་ཧྰུྃ་ཡིག་ནི། །མཐིང་ནག་ཡོངས་གྱུར་ལས་བྱུང་བའི། །རྡོ་རྗེ་ནག་པོ་རྩེ་ལྔ་པ། །རྭ་གདེངས་ལྟེ་བར་ཧྰུྃ་གིས་མཚན། །དེ་ལས་འོད་འཕྲོས་འཕགས་པར་མཆོད། །འགྲོ་ཀུན་སྡིག་སྒྲིབ་ལྷག་མེད་སྦྱངས། །ཚུར་འདུས་རྡོ་རྗེ་ཧྰུྃ་ལ་ཐིམ། །དེ་ལས་རང་ཉིད་ཁྲོ་བའི་རྒྱལ། །ཕྱག་རྡོར་འབྱུང་པོ་འདུལ་བྱེད་གྱུར། །སྐུ་མདོག་མཐིང་ནག་ཞལ་གཅིག་དང་། །ཕྱག་བཞི་གཡས་ཀྱི་དང་པོ་ཡིས། །རྡོ་རྗེ་སྔོན་པོ་འཕྱར་ཐབས་འཛིན། །གཡོན་མས་སྡིགས་མཛུབ་མཛད་བཞིན་དུ། །རྡོ་རྗེའི་ཞགས་པ་ཐུར་དུ་འཛིན། །རྩ་ཕྱག་གཉིས་ཀྱིས་ཐུགས་ཀ་ལ། །འབྱུང་པོ་འདུལ་བྱེད་ཕྱག་རྒྱ་མཛད། །མཆེ་གཙིགས་ལྗགས་འདྲིལ་ཁྲོས་པའི་ཚུལ། །དམར་ཟླུམ་སྤྱན་གསུམ་སྡང་མིག་གཟིགས། །སྨ་ར་སྨིན་མ་མེ་ལྟར་འབར། །དབུ་སྐྲ་དམར་སེར་གྱེན་དུ་འཕྱུར། །ཐོད་སྐམ་ལྔ་ནི་དབུ་ལ་བརྒྱན། །རློན་པ་ལྔ་བཅུའི་དོ་ཤལ་ཅན། །ཀླུ་ཆེན་བརྒྱད་པོ་སྐུ་ལ་བརྒྱན། །སྟག་ལྤགས་ཤམ་ཐབས་སྨད་དཀྲིས་ཤིང་། །དར་སྔོན་སྟོད་གཡོགས་ཚུལ་དུ་གསོལ། །འབྱུང་པོ་མ་རུང་ཀུན་འདུལ་ཕྱིར། །གཡས་བསྐུམས་གཡོན་བརྐྱངས་སྟབས་ཀྱིས་བཞེངས། །ཞབས་འོག་དཀར་མོ་མིག་གསུམ་པ། །གཡས་པས་ཌ་རུ་གྲི་གུག་དང་། །གཡོན་མས་ཐོད་པ་རྩེ་གསུམ་འཛིན། །སྟག་ལྤགས་སྨད་དཀྲིས་སྐྲ་སེར་ཅན། །ཐུར་ཚུགས་ཁ་སྦུབ་འོག་ཏུ་མནན། །འདྲེ་གདོན་ཀུན་འཇོམས་གསང་བའི་བདག །དཔལ་ཆེན་ཕྱག་ན་རྡོ་རྗེ་ནི། །ཡེ་ཤེས་མེ་དཔུང་འབར་བའི་དབུས། །བརྗིད་ཉམས་ཆེན་པོས་བཞུགས་པའོ། །

དེ་ནས་རྡོ་རྗེའི་རྩེས་ནང་མཆོད་ལ་རེག་ནས་མཆོད་པ་བྱིན་གྱིས་བརླབ་པར་བྱ།

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧྰུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྷཿསརྦ་དྷརྨཿ་སྭ་བྷྰ་ཝ་ཤུདྡྷོ྅ཧཾ། སྣོད་བཅུད་ཐམས་ཅད་སྟོང་པར་གྱུར། །སྟོང་པའི་ངང་ཉིད་ཨ་ཡིག་ལས། །ཡེ་ཤེས་ལས་གྲུབ་ཀ་པྰ་ལ། །ཡངས་ཤིང་རྒྱ་ཆེའི་སྣོད་ནང་དུ། །ཧྰུྃ་ཡིག་ཞུ་བ་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་མཆོག་དང་། །ཞལ་ཟས་རོལ་མོ་ལ་སོགས་པའི། །ལྷ་རྫས་ནམ་མཁའི་མཐའ་ཀླས་གྱུར། ། ཨོཾ་ཨཿཧྰུྃ། ཞེས་ལན་གསུམ་གདོན་པར་བྱ།

དེ་ནས་ཡེ་ཤེས་པ་སྤྱན་དྲང་པར་བྱ། རང་གི་ཐུགས་ཀར་ཟླ་དཀྱིལ་སྟེང་། །ཧྰུྃ་ལས་འོད་ཟེར་ཕྱོགས་བཅུ་དང་། །ལྕང་ལོ་ཅན་སོགས་ཀུན་འཕྲོས་པས། །ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་ལ། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས། །བསྐོར་ཞིང་གནས་འདིར་ས་མྰ་ཛཿ།

། དེ་ནས་ཉེར་སྤྱོད་མཆོད་པ་དབུལ་བར་བྱ ། ཨོཾ་བྷྰུ་ཏ་ཌྰ་མ་ར་ས་པ་རི་ཝ་ར་ཨོཾ་བཛྲ་ཨརྒྷཾ་ཨྰཿཧྰུྃ། ཨོཾ་བཛྲ་པྰ་དྱཾ་ཨྰཿཧྰུྃ། ཨོཾ་བཛྲ་པུཥྤེ་ཨྰཿཧྰུྃ། ཨོཾ་བཛྲ་དྷུ་པེ་ཨྰཿཧྰུྃ། ཨོཾ་བཛྲ་ཨྰཿལོ་ཀེ་ཨྰཿཧྰྭྃ། ཨོཾ་བཛྲ་གྷནྡྷེ་ཨྰཿཧྰུྃ། ཨོཾ་བཛྲ་ནེེ་ཝི་དྱེ་ཨྰཿཧྰུྃ། ཨོཾ་བཛྲ་ཤབྟ་ཨྰཿཧྰྭྃ།

དེ་ནས་གུར་ལས་བྱུང་བའི་བྱང་ཆུབ་སེམས་བསྐྱེད་དང་སྡོམ་པ་བླང་བར་བྱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ནས་ཚད་མེད་བཞི་གདོན་པར་བྱ། བདེ་རྒྱུ་རྟག་ཏུ་ལྡན་པ་དང་། །སྡུག་བསྔལ་རྒྱུ་དང་བྲལ་བར་ཤོག །བདེ་ཀུན་ནམ་ཡང་མི་འབྲལ་བ། །བཏང་སྙོམས་རྒྱུད་ལ་བསྐྱེད་པར་ཤོག །

དེ་ནས་ཡེ་ཤེས་པ་རང་ལ་བསྟིམ་པར་བྱ། ཛཿ་ཧྰུྃ་བྃ་ཧོཿ གཉིས་མེད་ཐིམ། དེ་ནས་དབང་ལྷ་སྤྱན་དྲངས་ནས་མཆོད་པ་དབུལ་བར་བྱ།  སླར་ཡང་ཐུགས་ཀའི་ཧྰུྃ་ཡིག་ལས། །འོད་འཕྲོས་དབང་ལྷ་རིགས་ལྔ་ཡི། །འཁོར་བཅས་བཛྲ་ས་མྰ་ཛ། །ཨོཾ་པཉྩ་ཀུ་ལ་ས་པ་རི་ཝ་ར་ཨོཾ་ཨརྒྷཾ་ཨྰཿཧྰུྃ། ཨོཾ་པྰ་དྱཾ་ཨྰཿཧྰྭྃ། ཨོཾ་པུཥྤེ་ཨྰཿཧྰུྃ། ཨོཾ་དྷུ་པེ་ཨྰཿཧྰུྃ། ཨོཾ་ཨྰཿལོ་ཀེ་ཨྰཿཧྰུྃ། ཨོཾ་གྷནྡྷེ་ཨྰཿཧྰུྃ། ཨོཾ་ནེེ་ཝི་དྱེ་ཨྰཿཧྰུྃ། ཨོཾ་ཤབྟ་ཨྰཿཧྰུྃ།

དེ་ནས་དབང་ལྷར་དབང་བསྐུར་ཞུ་བར་བྱ། བཅོམ་ལྡན་དེ་བཞིན་གཤེགས་རྣམས་ཀྱིས། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐྰ་ག་ཏ་ཨ་བྷེ་ཥེ་ཀ་ཏ་ས་མ་ཡ་ཤྲེ་ཡེ་ཧྰུྃ།  ཞེས་གསུང་བུམ་ཆུས་སྤྱི་བོ་ནས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་ལས། །སངས་རྒྱས་མི་བསྐྱོད་དབུ་ལ་བརྒྱན། །དེ་ནས་སྔགས་ཕྲེང་སྒོམ་བཟླ་བྱ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །ས་བོན་ཧྰུྃ་སྔོན་དྭངས་མ་ལ། །སྔགས་ཕྲེང་མཐའ་ནས་གཡས་བསྐོར་ལས། །འོད་ཟེར་མེ་ཕྲེང་ལྟ་བུ་ཡི། །དཔག་མེད་འཕྲོས་པས་རང་ལུས་ཀྱི། །ཕྱི་ནང་མ་ལུས་ཀུན་ཁྱབ་པས། །ནད་གདོན་བྱད་ཁ་རྦད་གཏོང་དང་། །གནོད་འཚེ་ཀུན་བསྲེགས་སྦྱངས་པར་གྱུར། །དཔག་མེད་སངས་རྒྱས་བྱང་སེམས་ཀྱི། །ཐུགས་རྗེ་བྱིན་རླབས་ནུས་མཐུ་ཀུན། །ཁྲོ་རྒྱལ་སྐུ་དང་འོད་ཟེར་གྱི། །རྣམ་པར་གྱུར་ནས་ཧྰུྃ་ལ་ཐིམ། །ཧྰུྃ་བཛྲ་ཕཊ། ཨོཾ་བྷྰུ་ཏ་ཌྰ་མ་ར་བྷྰུ་ཏ་ཨ་དྷི་པ་ཏི། ཨཀྵོ་བྷྱཿ ཀི་རྭི་ཌི་ན། སརྦ་བྷུ་ཏ་པྲེ་ཏ་པི་ཤ་ཙི་ནི་སྰ་དྷ་ཡ་ཧྰུྃ་ཕཊ། ཞེས་སྔགས་འདི་ཡིད་བཟླས་ཅི་ནུས་སུ་བྱ།

 རྒྱུད་རྒྱལ་གསང་བདག་བཛྲ་ཡིས། །བདག་སོགས་སེམས་ཅན་ཐམས་ཅད་ལ། །སྟེང་གི་གཟའ་དང་དྲང་སྲོང་གདོན། །འོག་གི་ཀླུ་དང་ས་བདག་གདོན། །བར་གྱི་འབྱུང་པོ་རྒྱལ་བཙན་སོགས། །འགལ་རྐྱེན་བར་ཆད་མྱུར་ཞི་ནས། །ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་ཀྱི། །གོ་འཕང་ཐོབ་པར་བྱིན་གྱིས་རློབས། །

 དེ་ནས་ལས་སྦྱོར་ཡོད་ན་ཁྲོད་འདིར་བྱ། དེ་ནས་བསྡུ་ལྡང་ནི། རང་གི་སྙིང་ཀར་འོད་འཕྲོས་པས། །པད་ཟླ་འབྱུང་པོ་གདན་དང་བཅས། །འོད་ཟེར་རྣམ་པ་ཉིད་གྱུར་ནས། །སྔགས་ཕྲེང་ལ་ཐིམ་ཧྰུྃ་ཡིག་གི །ཞབས་ཀྱུ་ལ་སོགས་ནྰ་དྰའི་བར། །རིམ་ཐིམ་འོད་གསལ་དབྱིངས་སུ་གྱུར། །ཡེ་ཤེས་ལྷ་ནི་རང་གནས་གཤེགས། །སླར་ཡང་རང་ཉིད་ཁྲོ་རྒྱལ་གྱི། །ཕྱག་མཚན་མ་ལུས་གསལ་བའི་སྐུ། །སྐད་ཅིག་ཉིད་དུ་བཞེངས་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་ན་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ལོག་འདྲེན་གདུལ་དཀའ་མ་རུང་ཀུན། །འདུལ་ཕྱིར་ཁྲོ་གཟུགས་སྐུར་བཞེངས་པ། །བཅོམ་ལྡན་གསང་བདག་རྡོ་རྗེ་ཡིས། །བདེ་ཆེན་ཞིང་དུ་འདྲེན་པར་ཤོག །འོད་སྟོང་སེམས་ཀྱི་མེ་ལོང་ལ། །འཛིན་བཅོས་དྲི་མ་ཀུན་བྲལ་ནས། །འགྲོ་ཀུན་འཁོར་བ་ལས་གྲོལ་ཕྱིར། །བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་ཕྱག་རྡོར་འབྱུང་འདུལ་བྱེད་ཀྱི་བདག་བསྐྱེད་དོན་བསྡུས་འདི་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་རང་ལོ་ཞེ་གསུམ་སོན་པའི་ཕྱི་ལོ ༢༠༠༦ ཕྱི་ཟླ ༨ ཚེས ༡༨ ལ་ས་ལུགས་ཀྱི་འགྲོས་བཞིན་བསྒྲིགས་པས་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །   

                               སྒྲུབ་ཐབས་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་གང་འབྱུང་འདྲ་བཤུ་མི་ཆོག །