རྗེ་དབུ་རྩེ་བ་བསོད་ནམས་ཡེ་ཤེས་ནི་ཕྱི་ལོ་༡༢༤༣་ལོ་སྨར་ཁམས་རང་གྲུབ་དུ་སྟོན་ཟླ་འབྲིང་པོ་ལ་ཡབ་རྗེ་བོ་སྟོན་པའི་རུས་སྲས་སུ་སྐུ་འཁྲུངས། རྗེ་འདིའི་ཡུམ་གྱི་མིང་རྙེད་མེད། དགུང་ལོ་གཉིས་ལ་སོན་དུས་རྒྱལ་བ་ཡང་དགོན་པས་མཚན་རྡོ་རྗེ་ཞེས་གསོལ། 

བྱིས་དུས་ནས་ཡིག་འབྲུ་སློབ་མི་དགོས་པ་དང་རྡོ་རྗེ་རྣམ་འཇོམས་དང་བཀྲ་ཤིས་བསྟོད་པ་རྣམས་སྒྲ་དག་པོ་འདོན་ཐུབ་པ་ཞིག་ཡོད།  དགུང་ལོ་བདུན་སོན་དུས་སྤྱན་སྔ་བའི་དྲུང་ཐོས་བསམ་མཛད། དགུང་ལོ་བཅུ་བདུན་ལ་སྤྱན་སྔ་བ། ཐང་སྐྱ་མཁན་པོ། གནས་ལྔ་མཁས་པ་སོགས་ལས་རབ་ཏུ་བྱུང་།  མཚན་ལ་བསོད་ནམས་ཡེ་ཤེས་གསོལ།  སྤྱན་སྔ་བ་ལས་སྨར་ཚང་ཕྱག་ཆེན་སོགས་གསང་ཆོས་ཟབ་མོ་ཐམས་ཅད་གསན་བསམ་སྒོམ་གསུམ་མཛད།  བྱང་གླིང་པ་ལས་འདུལ་བ་སོགས་མདོ་གཞུང་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་མཁས་པ་གྱུར།  དགུང་གྲངས་ཉི་ཤུ་ལ་སྤྱན་སྔ་བ་ཀཿཐོག་ཏུ་ཕེབས་དུས་དགེ་འདུན་རྒྱལ་མཚན། ཀཿཐོག་པ། སྤྱན་སྔ་བ་སོགས་ལས་བསྙེན་པར་རྫོགས། ཀཿཐོག་པ་འདི་དམ་པ་བདེ་གཤེགས་ལ་གོ་མི་རུང་། ཤོ་དགོན་གྱི་དབུ་རྩེ་ལ་སྨར་ཚང་ཕྱག་ཆེན་སྒོམ་སྒྲུབ་བྱས་པའི་བསྐྱེད་རྫོགས་ཀྱི་ཉམས་རྟོགས་རྒྱས། དབུ་རྩེ་བ་ཞེས་མཚན་ཐོག  རྗེ་སྤྱན་སྔ་བས་བཀའ་ལུང་ལྟར་ཤོ་དགོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། ཤོ་དགོན་འོག་གི་ཐང་ཆེན་སྟེང་དུ་སྤྱན་སྔ་བ་གདོང་མཆོད་ཕུལ་དུས་དགེ་འདུན་ཁྲི་ཁ་ལང་བར་བསྙེན་བཀུར་ཕུལ།  ལྷ་ཁང་ཆེན་པོ་རྒྱལ་མཚན་ལ་གསེར་གསོལ།  ནང་རྟེན་གསེར་སྐུ་ཆེན་པོའི་ཁྲི་ལ་རྒྱབ་ཡོལ། མི་བསྐྱོད་པའི་ཁྲི་ལ་དངུལ་རྒྱན་སོགས་མཆོད་རྫས་མང་པོ་བསྐྲུན། ལོ་རྟག་དུས་ཆེན་བཞི་དང་སྤྱན་སྔ་བའི་དགོངས་རྫོགས་མཆོད་འབུལ་དུས་སུ་དགེ་འདུན་ལ་བསྙེན་བཀུར།  དབུལ་པོ་ལ་ཟས་སྦྱིན ནད་པ་ལ་སྨན་སྦྱིན། སྲོག་ཁྲིམས་བཅད་པ་རྣམས་ཚེ་ཐར།དགེ་འདུན་སྟོང་ཕྲག་ལ་ཉིན་རེ་མང་ཇ་ཚར་གཉིས་རེ་འབུལ།  རྗེ་འདི་ཕག་མོ་གྲུ་པའི་སྤྲུལ་པ་གྲགས།  སློབ་མའི་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་ལམ་རིམ་ཁྲིད། དགོན་པ་ལ་སྲོག་པོའི་དམག་སླེབས་དུས་རྡོའི་ཆར་ཕབ་ནས་དམག་ཟློག་གི་རྫུ་འཕྲུལ་བསྟན། ས་སྐྱའི་སྲས་དྷརྨ་པྰ་ལ་དང་།ཐང་སྐྱ་མཁན་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་རྣམས་ཀྱིས་བསྔགས་བརྗོད་ཕུལ། དགུང་ལོ་དྲུག་ཅུ་རེ་གཅིག་ལ་སྲས་ཀྱི་ཐུ་བོ་རིན་ཆེན་རྒྱལ་མཚན་ལ་ང་ལོ་ན་རྒས་ཤིང་ནད་གཞི་ཡང་ཡོད་པས་གདན་ས་སྐྱོང་དགོས་ཞེས་བཀའ་ལུང་སྩལ། ཕྱི་ལོ་༡༣༠༣་ཆུ་མོ་ཡོས་ཀྱི་ལོར་དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལ་ཆོས་ཀྱི་དབྱིངས་སུ་གཤེགས། ཐུགས་ལྗགས་སྤྱན་གསུམ་འཇོག་པ་དང་རིང་བསྲེལ་ལ་དུང་དཀར་གཡས་འཁྱིལ་འཁྲུངས་པ་སོགས་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་གྱུར།

རྒྱལ་སྤྱི་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་དེབ་སྐྱེལ་བྱས་པའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པ་གང་འབྱུང་ཕབ་བཤུ་དང་ཡིག་རྐུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།