ཆོས་ཀྱི་རྒྱལ་པོ་སྨར་པ་ཤེས་རབ་ཡེ་ཤེས་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་༡༡༣༥་ལོ་སྨར་ཁམས་ཀྱི་བྱང་ཕྱོགས་སུ་ཀླུ་མི་མགོན་དཀར་མོའི་ཕ་བྲང་། རི་ཤོད་ཉ་མོ་སྟོང་སྡེ་ཞེས་གྲགས་པའི་གནས་དེར་ཡབ་ཀླུ་ཡི་གཙུག་དང་ཡུམ་བདེ་དགའ་མ་གཉིས་ལས་སྐུ་འཁྲུངས། འདི་ཡིག་རྙིང་ནང་དུ་རུ་ཤོད་དང་རི་ཤོད་བྲིས་སྲོལ་གཉིས་ཡོད། བླ་མ་དགའ་བློས་ཀུན་དགའ་དཔལ་ཞེས་མཚན་གསོལ། དགུང་ལོ་བཅོ་ལྔ་ལ་བླ་མ་ཨ་སེང་དང་བླ་མ་དགའ་བློ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན།

དགུང་ལོ་ཉེར་གཅིག་ལ་སྒོམ་རྒྱ་བ་ཤེས་རབ་རྒྱལ་མཚན་དང་དགེ་བཤེས་ཤེས་རབ་གྲགས་པ་སོགས་ལས་རབ་ཏུ་བྱུང་བས་མཚན་ཤེས་རབ་ཡེ་ཤེས་གསོལ། ལོ་དེར་གསང་ཕུ་ནེའུ་ཐང་ལ་ཕེབས་ནས་འདུ་བ་ལ་མཁས་པ་དགེ་བཤེས་བྱ་འདུ་འཛིན་པ་དང་།  ཚད་མ་ལ་མཁས་པ་དགེ་བཤེས་ཕྱྭ་བ་ཆོས་ཀྱི་སེངྒེ།  དབུ་མ་ལ་མཁས་པ་གཙང་ནག་པ་བརྩོན་འགྲུས་སེངྒེ་སོགས་ལས་བསྙེན་པར་རྫོགས།  བྱ་འདུ་འཛིན་པ་ལས་འདུལ་བའི་ཆོས་བསྐོར། ཕྱྭ་བ་དང་གཙང་ནག་པ་ལས་དབུ་ཕར་ཚད་གསུམ་སོགས་ལ་ཐོས་བསམ་བྱས་པས་མཁས་པ་གྱུར།  དྭགས་པོ་སྒོམ་ཚུལ། བྷེ་རོ།  ལྕང་ལུང་པ། ཡ་གད་པ། དོན་སྟེང་པ། བྱ་འཆད་ཀ་བ། རྒྱལ་བ་ཁོ་སྟོན། བླ་མ་རྔོག་གཞུང་། བླ་མ་ཞུང་པ་སོགས་ལས་མདོ་སྔགས་ཀྱི་ཆོས་བསྐོར་མང་པོ་གསན།  ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་བཀའ་བརྒྱུད་ཀྱི་ཆོས་བསྐོར་དང་ལམ་འབྲས་སོགས་གསན་ནས་ལོ་གསུམ་སྒོམ་པས་འཁོར་འདས་ཀྱི་ཤན་ཕྲག་ཕྱེད་ཅིང་དབུ་མའི་ལྟ་བ་རྟོགས། གཏུམ་མོ་བདེ་དྲོད་རྒྱས་པ་སོགས་ཉམས་རྟོགས་སྐྱེས།  ལོ་ལྔའི་རྗེས་སླར་སྨར་ཁམས་སུ་ཕེབས་ཁར་ཕག་གྲུ་པས་དབུ་ཞྭ་སྒྲོན་ནས་བཀྲ་ཤིས་བསྔོ་སྨོན་མཛད།  ཕྱི་ལོ་༡༡༦༧་མེ་ཕག་ལོ་སྨར་ཁམས་རུ་ཤོད་འདམ་སྟེང་ལ་བཀྲ་ཤིས་དགོན་པ་བཏབ།  དགེ་འདུན་གཉིས་སྟོང་ལྷག་ལ་བཤད་སྒྲུབ་ཀྱི་སྲོལ་བཏོད། ཡི་དམ་ལྷས་ཞལ་གཟིགས་དང་ཆོས་སྐྱོང་བྲན་དུ་འཁོར་ཞིང་། དགུ་ལོ་༦༩་སོན་པའི་ཕྱི་ལོ་༡༢༠༣་ སྟོན་ཟླ་འབྲིང་པོའི་ཚེས་བཅུ་ལ་སླར་སྐྱེས་སྤྲུལ་མེད་པའི་ལུང་བསྟན་ནས་བདེ་བར་གཤེགས། དུས་དེར་ཐུགས་ཀ་ནས་འཇའ་འོད་ནང་དུ་སེམས་དཔའ་སྔོན་པོའི་ཆ་ལུགས་ཅན་ནམ་མཁར་བྱོན།  ཐུགས་སྲས་འགྲོ་མགོན་རིན་ཆེན། ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་གཤའ་པ། ཆོས་ཀྱི་ཡེ་ཤེས། ཆམ་ཕུར་སྒོམ་ཆེན།  བྱང་ཆུབ་འབུམ།   བླ་མ་རྣམ་གྲོལ། བླ་མ་ལྷུམ་སྒོམ། ཆོས་རྡོར། གཞོན་ནུ་དབང་ཕྱུག  རྩང་པ་གཏེར་སྟོན། སྲོ་ཡོན་སྟོན། མེ་མཆོད།  རྣལ་འབྱོར་ཨ་འབུམ།  ཡོན་བཙུན་བྲག་ཏོག  དཔོན་ཚུལ་ཁྲིམས་སོགས་མང་དུ་བྱུང་། གསུང་གི་སྙིང་པོ་ཕྱག་ཆེན་མན་ངག་རྒྱ་མཚོ། རི་ཆོས་ཡོན་ཏན་ཀུན་འབྱུང་། སྔོན་འགྲོ་ཁྲིད་ཐབས། ཉམས་མགུར་སུམ་ཅུ་སོ་ལྔ།  སྒོམ་ཆེན་ཁག་ལ་གདམས་སྤྲིངས་ཉེ་དྲུག དང་མཆེད་གྲོགས་ལ་སྤྲིངས་ཡིག་གསུམ།  ཕག་གྲུ་ལ་བསྟོད་པ་དགུ་དང་།  སྐྱབས་འགྲོའི་བསྐོར་དང་།  དགོན་པའི་ཁྱད་ཆོས། བྱ་རོག་བསྟོད་པ། བདེ་མཆོག་བསྟོད་པ། སྨོན་ལམ། བཀའ་བརྒྱུད་ལ་གསོལ་འདེབས་བཞི། བཀྲ་ཤིས་གསུམ་བཅས་ཁྱོན་༨༥་ད་ལྟ་བཞུགས་ཡོད།   རྗེ་འདི་ལ་རིན་ཆེན་བློ་གྲོས། ཤེས་རབ་སེངྒེ་ཟེར་བ་ནི་ཁུངས་མེད་ཡིག་ནོར་ཡིན།  རྒྱལ་སྤྱི་ཁྲིམས་ལུགས་ལྟར་ལོ་རྒྱུས་འདི་དེབ་སྐྱེལ་བྱས་པའི་བདག་དབང་སྨར་ཚང་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་གང་འབྱུང་ཕབ་བཤུ་དང་ཡིག་རྐུ་བྱས་ཚེ་ཁྲིམས་ལུགས་ལག་སྟར་བྱ་རྒྱུ་ཡིན།