ཨོྃ་སྭ་སྟི་སིདྷཾ།  བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

བསོད་ནམས་ཆུ་གཏེར་ཡོན་ཏན་པདྨོའི་ཚལ། །

ཕན་བདེའི་དྲི་བཟང་དགེ་འདུན་བུངས་བས་བསྟེན། །

ཏིང་འཛིན་སྦྲང་རྩིས་སྐྱེ་དགུའི་གདུང་སེལ་བ། །

འགྲོ་བའི་བླ་མ་རྟག་ཏུ་རྒྱལ་གྱུར་ཅིག །

དམ་པ་དམ་པའི་སྐྱེ་བོ་འདུ་བའི་གནས། །

བདེ་གཤེགས་བདེ་བར་གཤེགས་པའི་བསྟན་འཛིན་པ། །

དབེན་གནས་དབེན་ལ་དགའ་བ་འདུ་བའི་གཞི། །

དགོན་པའི་དམ་པ་ཤོ་དགོན་ཞེས་སུ་གྲགས། །

 

དེར་གནས་དགེ་འདུན་རྣམས་ལ་དོན་འདི་སྤྲིང་། །

སྡོམ་བརྩོན་དམ་པ་ཏིང་འཛིན་མཆོག་བརྙེས་པ། །

ཡང་དག་ལམ་སྟོན་འགྲོ་ལ་བུ་བཞིན་བརྩེ། །

བསྟན་པའི་མཛོད་འཛིན་བླ་མ་དམ་པ་དེ། །

 

ཞི་བར་གཤེགས་ཞེས་བདག་གིས་རིང་ནས་ཁུམས། །

དེ་ལ་གཤེགས་དང་བཞུགས་པ་ཡོངས་མི་མདའ། །

གཤེགས་དང་བཞུགས་པ་འཇིག་རྟེན་བླུན་པོས་བཏགས། །

དམ་པའི་དོན་དུ་ཆོས་རྣམས་ཉེ་བར་ཞི། །

 

བརྩོན་ལྡན་ཁྱེད་ཀྱིས་དོན་འདི་ལེགས་མཁྱེན་མོད། །

འོན་ཀྱང་སྙིགས་དུས་བསོད་ནམས་ཞན་པ་དང་། །

རྩོད་པའི་དུས་ཀྱིས་འགྲོ་བ་བླུན་པོས་ན། །

དམ་པའི་དོན་ལ་དཔྱོད་པ་ཞན་པའི་ཕྱིར། །

 

འདས་པ་ཡིན་ཞེས་གདུང་བ་མི་བཟད་སྐྱེ། །

འཁྲུལ་པའི་སྣང་ངོར་བདེ་གཤེགས་བསྟན་པ་ཡང་། །

སྟོན་ཀའི་ཆར་བཞིན་ཀུན་ནས་འབྲི་བ་མཐོང་། །

སྐྱེ་བོ་དམ་པའི་འབྲས་བུ་ཕལ་ཆེར་ཡང་། །

 

དུས་ཀྱི་ཤུགས་ཀྱིས་རྣམ་པར་ལྟུང་བར་སྣང་། །

དེ་ཡི་སླད་དུ་དགེ་འདུན་རྣམས། །

དངོས་པོའི་ཆོས་ཉིད་མཁྱེན་པས་ན། །

རྣམ་པ་ཀུན་ཏུ་ཐུགས་གཏོད་ཅེས། །

རིང་ནས་གནས་པ་བདག་གསོལ་འདེབས། །

དཔལ་ལྡན་ས་སྐྱ་པཎྜི་ཏས།  ཤར་ཕྱོགས་ཀྱི་སའི་ཆ་གནམ་འཕང་མཐོ་ཞིང་རྒྱར་ཡངས་ལ་ཡིད་དུ་འོང་བ།  རི་བོ་ཆེན་པོ་རིན་པོ་ཆེ་འབར་བ་ལྟ་བུའི་ངོགས།  རྩི་ཤིང་དང་ནགས་ཚལ་ཕུན་སུམ་ཚོགས་པ།  མཛེས་པའི་མེ་ཏོག་སྣ་ཚོགས་དང་།  སྒྲ་སྙན་པའི་བྱ་དུ་མས་གང་བ། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་བསྟེན་པའི་གནས།  དཔལ་གྱི་ཤོ་དགོན་ན་བཞུགས་པའི་རིན་ཆེན་གདན་ས་པས་དབུ་མཛད་དགེ་འདུན་རྣམས་ཀྱི་ཕྱག་ཏུ་སྤྲིང་བ།  འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ངང་ཚུལ་ཅན་བླ་མ་དམ་པ་དེ་ལ་འདས་གྲོངས་མི་མངའ་ཡང་།  སྐྱེ་བོ་རྟག་འཛིན་ཅན་རྣམས་དྲང་བའི་ཕྱིར།  བདེ་བ་ནས་བདེ་བར་གཤེགས་པ་དེ།  སངས་རྒྱས་ཀྱི་བསྟན་པ་ཉམས་དམས་ཤིང་།  སེམས་ཅན་རྣམས་མགོན་དང་བྲལ་བ་ཡིན་མོད་ཀྱི།  འོན་ཀྱང་ཡང་དག་པའི་དོན་ལ་དགོངས་ནས་ཐུགས་ཁྲལ་མི་མཛད་པར་ཞུ།

རྫས་དང་བཀུར་སྟི་ལ་སོགས་པའང་། །

མཆོད་པའི་ཁྱད་པར་ཡིན་མོད་ཀྱང་། །

ཡང་དག་བླ་མ་དམ་པ་ལ། །

བསྒྲུབ་པའི་མཆོད་པ་དེ་བས་ལྷག །

 

དེ་སླད་ཚུལ་ཁྲིམས་ཏིང་འཛིན་དང་། །

རྣམ་གྲོལ་ཡེ་ཤེས་འཕེལ་བའི་ཕྱིར། །

སྡོམ་བརྩོན་དགེ་འདུན་ཁྱེད་རྣམས་ཀྱིས། །

སངས་རྒྱས་བསྟན་པ་རྒྱས་པ་དང་། །

 

བླ་མ་དམ་པ་མཉེས་བྱའི་ཕྱིར། །

ཡང་དག་བརྟུལ་ཞུགས་བརྟན་པ་ཡིས། །

རྣམ་པ་ཀུན་དུ་བརྩོན་མཛད་ན། །

བླ་མ་ཐུབ་པ་མཉེས་པར་འགྱུར། །

 

སྤྲིང་ཡིག་ཚ་ཟེར་བྱེད་པའི་དཀྱིལ་འཁོར་གྱིས། །

འགྲོ་བའི་སྡུག་བསྔལ་མུན་པའི་ཚོགས་བསལ་ཏེ། །

དགེ་འདུན་པདྨོའི་ཚོགས་རྣམས་རྒྱས་བྱེད་ཅིང་། །

བདེ་གཤེགས་པ་བསྟན་པ་ཡུན་རིང་གསལ་གྱུར་ཅིག །

 

བྱང་ཆུབ་སྙིང་པོ་དམ་པས་བྱང་ཆུབ་པ། །

མཉམ་མེད་དེ་ནི་ཆོས་ཀྱི་དགའ་སྟོན་འགྱིད། །

ལོག་ལྟུང་མགོན་མེད་ཕོངས་པའི་སྐྱབས་གྱུར་པ། །

ཀུན་མཁྱེན་འགྲོ་མགོན་དེ་ཡི་ཞབས་ལ་འདུད། །

 

ཡོན་ཏན་དཔག་མེད་ཆབ་ཀྱིས་ལེགས་གང་ཞིང་། །

ལུང་རིགས་མན་ངག་རིན་ཆེན་གཏེར་གྱིས་ཕྱུག །

ཡིད་བཞིན་མཚོ་འདྲ་དཔལ་ལྡན་ས་སྐྱ་ནས། །

མཁས་པ་རྣམས་ལས་སྡེ་སྣོད་མང་ཐོས་ཤིང་། །

 

བླང་དོར་ལེགས་པར་ཕྱེད་པའི་ཤེས་རབ་ལྡན། །

ཚུལ་ཁྲིམས་ལེགས་བསྲུངས་ལྟ་བ་དག་པ་ཅན། །

སྡེ་སྣོད་འཛིན་པ་དེ་ཡི་སྤྲིང་ཡིག་འདི། །

 

བྱམས་པའི་ཐུགས་དགོངས་ཕན་བདེའི་འཕྲིན་ལས་ཅན། །

ཤར་ཕྱོགས་སྨར་ཁམས་ཞིང་ན་ལེགས་བཞུགས་པ། །

སྡེ་དགོན་ཡོན་མཆོད་རྣམས་ཀྱི་ཕྱག་ཏུ་ཕུལ། །

ཞེས་འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འཛིན་འགྲོ་མགོན་རིན་ཆེན་མཆོག་སྐུ་འཚོ་བཞུགས་སྐབས་དང་སྐུ་གཤེགས་པའི་རྗེས་སུ་ཕུལ་བའི་འཕྲིན་ཡིག་ཁག་གཉིས་པོ་ས་པཎ་གསུང་འབུམ་རྙིང་མའི་ནང་དུ་སྨར་ཁམས་དཔལ་གྱི་ཤོ་དགོན་གྱི་འགྲོ་མགོན་རིན་ཆེན་ལ་སྤྲིང་བ་ཞེས་པ་དང་སྨར་ཚམས་དཔལ་གྱི་ཤོ་དགོན་གྱི་དགེ་འདུན་རྣམས་ལ་སྤྲིང་བ་ཞེས་འཁོད་ཡོད།  ས་པཎ་གསུང་འབུམ་བོད་ཡིག་དཔེ་དེབ་དང་པོ་བསྐྲུན་པ་ཞིག་གི་ནང་ལའང་འགོ་བྱང་དུ་སྨར་ཁམས་ཟེར་བ་དེ་འཁོད་འདུག་ཀྱང་།  ཕྱིས་སུ་པར་གསར་བསྐྲུན་ཕལ་ཆེར་ནང་དུ་སྨར་ཁམས་ཟེར་བའི་ཚིག་རྐང་གཉིས་པོ་དེ་བཅད་ནས་ཐད་ཀར་ཤོ་དགོན་གྱི་དགེ་འདུན་རྣམས་ལ་སྤྲིང་བ་ཟེར་བ་ནི་ལོ་རྒྱུས་གང་ལས་བྱུང་བའི་འབྱུང་ཁུངས་ལ་ཞིབ་དཀའ་བར་བཟོ་རྒྱུས་འདུན་པ་བསྐྱང་བ་ཞིག་ཡིན་པ་སྨྲོས་མི་དགོས་པ་རེད་སྙམ།  འཕྲིན་ཡིག་འདི་གཉིས་ཀྱི་བརྗོད་བྱ་ལ་བལྟས་དུས་དཔལ་ལྡན་ས་སྐྱ་པ་དང་སྨར་ཚང་བཀའ་བརྒྱུད་ཀྱི་བར་ཆོས་དང་ཟང་ཟིང་གི་འབྲེལ་ལམ་ཆེས་ཟབ་མོ་ཡོད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཆེན་པོ་ཞིག་ཏུ་གྱུར་ཡོད། །

                                                འདི་བཀོད་པའི་ཡིག་ཕྲེང་རྣམས་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པ་ལ་ཡོད་པས་གང་འབྱུང་འདྲ་བཤུ་མི་ཆོག །